༄༅། ང་རང་སློབ་འབྲིང་ནང་ཡོད་སྐབས། ངེད་ཚང་གི་ཨ་ཕ་ལ་རྒྱ་ནག་གི་མིག་མངས་རྩེད་རོགས་བྱེད་པའི་འབྲོག་པ་རྒན་པོ་ཞིག་ཡོད། ཁོང་གིས་ནམ་རྒྱུད་བོད་ལས་ངན་རེད་ཟེར་ནས་མགོ་བོ་འཕྲེད་གཡུགས་བྱེད་པར་དགའ། གང་ཡིན་དྲིས་དུས། ཁོས་བོད་ཀྱིས་མེ་ཐུར་ཙམ་ཡང་བཟོ་ཤེས་ཀི་མ་རེད་ཟེར། དེ་ཕལ་ཆེར་ཁོ་རང་ཐ་མག་འཐེན་པ་ལ་ཤིན་ཏུ་ལོབ་པས་དྲན་ཚུལ་དེ་འདྲ་སློང་བ་ཡིན་པ་སྲིད། སྐབས་དེར་ངས་སྐད་ཆ་དེ་སེམས་ལ་བཟུང་བ་ཡིན། བོད་ངོ་མ་རྗེས་ལུས་རེད་འདུག་ཀྱང་སེམས་ལ་ཤར། ལོ་བཅུ་གཉིས་ཙམ་གྱི་རྗེས་ཀྱི་དེ་རིང་། བསླར་ཡང་དྲ་ལམ་ནས་རྩོམ་ཡིག་ཞིག་མཐོང་བྱུང་དེ། དེ་ཉན་ཤུལ་མཁྱེན་རབ་འོད་གསལ་ལགས་ཀྱིས་བྲིས་པ་ཞིག་རེད་འདུག བརྗོད་བྱ་ལ་བོད་ཀྱི་རྗེས་ལུས་ཀྱི་རྣམ་པ་ར་སྤྲོད་གཙོ་བོ་བྱས་འདུག ཚིག་བབ་ལ་བལྟས་ན་མི་སེར་ལ་ཁ་ཕྱོགས་ནས་བྲིས་པ་ཞིག་ཡིན་ཤས་ཆེ། རྗེས་ལུས་བརྗོད་པ་ནི་སྔར་ཤེས་ཡོན་པའི་གདན་ཐོབ་ཡིན། ད་ལྟ་མངོན་སུམ་འཚོ་བའི་ཁྲོད་ཀྱི་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་སྒང་འདིར། མང་ཚོགས་ཕལ་བོའི་ཁྲོད་ན་རྗེས་ལུས་ཀྱི་རྣམ་པ་ལ་གོ་རྟོགས་སྐྱེས་ཡོད་རེད། འོན་ཀྱང་གང་ལྟར་ལུས་པ་དང་ཅི་ཕྱིར་ལུས་པ་ཡིན་པ་བརྗོད་ཚེ། ང་ཚོས་ད་དུང་ཉན་ཤུལ་ལྟ་བུའི་བསམ་བློ་ཁྱེར་ནས་ཡང་དག་གི་ལམ་ཞིག་རྙེད་ཀིན་མེད། རྗེས་ལུས་ནས་ཐར་བ་བྱེད་སྟངས་གང་འདྲ་ཡིན་པ་སྨྲ་དུས། ལྟ་བ་དེ་བས་ཐ་དད་དུ་སོང་བ་རེད། ཉན་ཤུལ་མཁྱེན་རབ་འོད་ཟེར་གྱིས་ལོ་རབས་ཆེས་སྔ་མོ་ཞིག་ལ་བྲིས་པའི་རྩོམ་འདི་ལ། དཔལ་འབྱོར་རིག་པའི་སྒོ་ནས་ཅིག་དཔྱད་ཞིབ་བྱས་པ་ཡིན་ན། ང་རང་དཔལ་འབྱོར་ལ་རིག་པ་ལ་གོ་ཐོས་ཙམ་རྙེད་པ་ཞིག་ཡིན་རུང་། ཤིན་ཏུ་དོགས་སོང་བའི་སྐྱོན་ཞིག་མཐོང་སོང་། དེ་བས་རྩོམ་འདི་བྲིས་ནས་རང་གི་ལྟ་ཚུལ་རག་ཙམ་བརྗོད་འདོད་སྐྱེས་སོང་ལ། དཔལ་འབྱོར་རིག་པའི་རྐང་འཛིན་རེ་ཡོད་ན་དེ་བས་གཏིང་ཟབ་པའི་དཔྱད་བརྗོད་རེ་ཡོད་པར་ཞུ།

ཉན་ཤུལ་མཁྱེན་རབ་འོད་གསལ་གྱི་སྐུ་པར།

ཉན་ཤུལ་མཁྱེན་རབ་འོད་གསལ་གྱི་སྐུ་པར།

ཉན་ཤུལ་མཁྱེན་རབ་འོད་གསལ་ནི་རིག་གསར་གོད་ཆག་རྗེས་ཀྱི་རིག་གནས་བསྐྱར་གསོའི་ལས་འགུལ་ཁྲོད་ཁམས་ཕྱོགས་ནས་བྱུང་བའི་དར་མོ་ཆེ་ཞིག་རེད། ལས་འགུལ་དེ་ལ་ཁམས་ཕྱོགས་ནས་བསྟན་པ་ཡང་དར་ཟེར་བའི་མིང་ཡང་བཏགས་འདུག དར་ཆེན་འདི་ཡིས་སྐབས་དེའི་བོད་མིའི་བློ་སྒོ་འབྱེད་པར་ལམ་སྟོན་མཛད་ཡོད་པ་མ་ཟད། གཙུག་ལག་རིག་གནས་བསླར་གསོ་ཐུབ་པ་ལ་ནུས་ཤུགས་ཚད་མེད་ཞིག་འདོན་ཡོད་པ་ཡིན། ཁྱད་པར་ཏུ་རིག་གསར་སྐབས་བརྡ་སྤྲོད་ལོག་ལམ་ཏུ་ཁྲིད་པའི་བྱ་ངན་དེ་ལ་དགག་ནན་ཚ་བོ་རྒྱག་ཐུབ་ཡོད་པ་མ་ཟད། རྒྱལ་རོང་སོགས་བོད་རིགས་ལས་ལོགས་སུ་བཀར་བའི་བྱེད་སྟངས་ལ་དགག་པ་རྒྱབ་ཀྱང་ཕན་འབྲས་སྨིན་ཡོད་པ་རེད། ད་དུང་ཁོང་ནི་བོད་ལ་སྤྱི་སྐད་ཀྱི་དགོས་པ་མཐོང་མཁན་ལས་ཆེས་སྔ་གྲས་ཞིག་ཡིན་པ་མ་ཟད་དེ་སྐོར་གྱི་དཔྱད་རྩོམ་རིན་ཐང་ལྡན་པ་ཡང་མང་པོ་བྲིས་གནང་མཛད་ཡོད་འདུག དེ་བས་ཁོང་གིས་ང་ཚོ་ལ་ཤུལ་བཞག་ཆེན་པོ་མཛད་ཡོད་རེད་དྲན་གྱིན་ཡོད།

སྐབས་འདིར་ཁོང་གིས་རྩོམ་ནང་དུ་བོད་ཀྱི་ཁབ་ཞིག་ཀྱང་བཟོ་མི་ཤེས་ཟེར་ནས་རྗེས་ལུས་ཀྱི་གནས་སྟངས་ལ་དཔེར་བརྗོད་དྲངས་པ་རེད། རྩོམ་འདིའི་ཐོག་མར་བྲིས་ཡོད་པའི་གཏམ་རྒྱུད་དངོས་བྱུང་དེ་ལས་བསྟན་པ་ཇི་བཞིན། འདི་འདྲའི་བསམ་བློ་ཁྱེར་མཁན་གྱི་བོད་པ་ཉུང་ཉུང་མིན། ཤེས་ཡོན་པ་རྩེ་གྲས་ཀྱི་ནང་ན་བོད་ཀྱིས་ལས་གང་ཞིག་ཐོན་གྱིན་མི་འདུག་ཟེར་ནས་བློ་ཚབ་བྱེད་མཁན་མཐོང་རྒྱུ་ཡོད། ང་ཚོས་བོད་མི་རིགས་ཀྱིས་ཆུང་ཁབ་སྐུད་ནས་ཆེ་གནམ་གྲུ་བར་གྱི་དངོས་ཟོག་ཐམས་ཅད་པོ་བཟོ་ནུས་ན་ཅི་མ་རུང་། འོན་ཀྱང་ལྟོགས་དུས་གཡག་ཅིག་ཟ་བའི་གདུང་བ་ཡོད་རུང་། མངོན་སུམ་ལ་ཐུག་དུས་རྩིབས་མ་རེ་གཉིས་ཟ་བའི་འཕོ་བ་མ་གཏོགས་ཡོད་མ་ཡིན། ཕུགས་འདུན་དང་མངོན་སུམ་གྱི་ཁྱད་པར་ནི་དེ་འདྲ་རེད། དེ་བས་རྫོགས་ལྡན་གྱི་རྨི་ལམ་ཞིག་ལ་ཤི་འཐམ་རོ་འཐམ་བྱེད་པ་ལས། མངོན་སུམ་གྱི་རང་གི་འཇོན་ནུས་ལ་འདང་དཔོག་ཡང་དག་ཞིག་བྱས་ན་བཟང་རྒྱུ་རེད། ཤེས་ཡོན་པ་མང་ཆེ་བ་རྫོགས་ལྡན་གྱི་རྨི་ལམ་དེ་ལ་དགའ་བ་རེད། དེ་ལ་ཚད་གཞི་བྱས་ནས་འཇིག་རྟེན་ཐམས་ཅད་སྐྱོན་དུ་མཐོང་བ་ཡིན། ལོ་ཁ་ཤས་སྔོན་ལ་བོད་རེ་བ་ཅན་ཟེར་བའི་དེབ་ཞིག་ཡོད། འོན་ཀྱང་བོད་ཁེར་བུ་མ་རེད། རེ་བས་ཁེངས་བ་ནི་མི་རིགས་ཐམས་ཅད་ལ་ཡོད་པ་ཞིག་རེད། འོན་ཀྱང་རེ་བ་སྒུལ་ཤུགས་དུ་བྱེད་དམ་རེ་བས་རང་སྤོབས་བཅོམ་པ་བྱེད་པ་དེ་གཉིས་མི་རིགས་སོ་སོ་ནང་འདྲ་པོ་བྱུང་མེད། བོད་ཀྱིས་ཁབ་བཟོ་མ་ཤེས་པས་རྗེས་ལུས་སུ་ཕྱིན་པ་རེད་ཅེས་སྨྲས་པ་འདི་བལྟས་ཚོད་ཀྱི་བདེན་པར་འདུག་མོད། དོན་དུ་རྒྱུ་འབྲས་གོ་ལོག་ཏུ་བྱས་འདུག དཔལ་འབྱོར་འཁོར་སྟངས་སྤྱི་ལ་བཅལ་ཏེ་དཔྱད་ཞིབ་བྱས་ན། ངས་ཉན་ཤུལ་གྱི་རྩོམ་འདི་ལས་མཐོང་བ་ནི། རྗེས་ལུས་རྒྱུ་དང་ཁབ་བཟོ་མི་ཤེས་པ་འབྲས་བུར་གྱུར་བ་འདི་ལོག་ཏུ་མཐོང་ནས་ཁབ་བཟོ་མ་ཤེས་པས་རྗེས་ལུས་ཕྱིན་པར་རེད་ཟེར་བ་འདི་སྐྱོན་དང་པོ་དང་། ཁོས་རེ་བ་ཞིག་སྐུལ་མ་ལ་མ་བྱས་པར་སྒྲུབ་མི་ཐུབ་པའི་ཚད་གཞི་ཞིག་ཏུ་བཟུང་ནས་རང་མི་རིགས་ཀྱི་མ་འོངས་ལ་ཁྱད་གསོད་བྱས་ཡོད་པ་འདི་སྐྱོན་གཉིས་པའོ། ། ངའི་བསྡོམ་ཚིག་འདི་ཡང་དག་ཡིན་མིན་ཁྱོད་ཚོས་རྩོམ་དེ་ལ་དཔྱད་པར་འཚལ། འདི་ནས་འཕྲོས་པར་བཤད་རྒྱུར། བོད་ཀྱིས་ཁབ་བཟོ་ཤེས་མི་ཤེསཔ་དེ་རྗེས་ལུས་ཀྱིས་སྒྲུབ་བྱེད་ཞིག་ལ་འགྱུར་བ་མ་ཡིན་ཏེ། ང་ཚོས་དེང་རབས་ཀྱི་དཔལ་འབྱོར་རིག་པའང་སྤྱི་ཚོགས་རིག་པ་སོགས་ཀྱི་ངོས་ནས་ལྟ་སྐབས། དེང་རབས་ཀྱི་དཔལ་འབྱོར་ནི་འཛམ་གླིང་གཅིག་འགྱུར་གྱི་དཔལ་འབྱོར་ཞིག་ལ་ཆགས་ཡོད་རེད། བརྟེན་ཅིང་འབྲེལ་བ་བྱེད་པའི་དྲ་བ་ཆེན་པོ་ཞིག་རེད། ངས་འདི་ནས་བརྟེན་འབྲེལ་གྱི་སྒྲ་འདི་སྤྱོད་པ་ཡིན། གཅིག་བྱས་ན་བརྟེན་འབྲེལ་ནི་ཡང་དག་པའི་འཇིག་རྟེན་ལྟ་ཚུལ་ཞིག་ཡིན་པར་ཡིད་ཆེས་ཡོད། འཇིག་རྟེན་གྱི་གཟུགས་ཡོད་གཟུསག་མེད་གང་བྱུང་ཐམས་ཅད་བརྟེན་འབྲེལ་གྱིས་འགྲེལ་མི་ཆོག་པ་གཅིག་ཀྱང་མེད་པར་འདོད། གཉིས་ན་དཔལ་འབྱོར་གྱི་གནས་སྟངས་ལ་དེ་བས་གནད་ཁེལ་བའི་ཐ་སྙད་གཞན་ཞིག་རག་མ་སོང་། དེ་བས་ཐ་སྙད་དེ་སྤྱོད་པ་ཡིན། གང་ལྟར་གལ་ཏེ་ཉན་ཤུལ་ཚང་གི་གསུང་བ་ལྟར་བསམ་བློ་བྱས་པ་ཡིན་ན། མཐའ་མ་བོད་འདི་རང་ཚུགས་ཀྱི་དཔལ་འབྱོར་ཞིག་ལ་ཆགས་ཐུབ་དགོས་པ་དང་། དེ་བྱས་ན་འཛམ་གླིང་གི་དཔལ་འབྱོར་ལས་ཁ་བྲལ་བ་ལྟ་བུ་ཡིན་པ་དང་། དེ་ནི་དོན་དངོས་སུ་རྗེས་ལུས་ནས་རྗེས་ལུས་སུ་ཕྱིན་པ་ཞིག་རེད།

ཁོང་གིས་ཁབ་བཟོ་བ་དེ་ལྕགས་སྐུད་ཞིག་བརྡར་ཏེ་ཁབ་མིག་ཕུག་པ་ཞིག་ལ་གོ་འདུག དེ་ནི་ཞིང་འབྲོག་སྤྱི་ཚོགས་ཀྱི་གནས་རིམ་ནས་དཔལ་འབྱོར་ལ་བསམ་བློ་བྱེད་སྟངས་ཞིག་རེད། ད་ལྟའི་འཛམ་གླིང་གཅིག་འགྱུར་གྱི་དཔལ་འབྱོར་དང་འབྲེལ་བ་བྱས་ན་དེ་ནི་ཤིན་ཏུ་རྗེས་ལུས་ཀྱི་བསམ་བློ་བྱེད་སྟངས་ཞིག་རེད། དེ་འདྲའི་བསམ་བློ་བྱེད་སྟངས་གཞི་བྱས་ནས་དཔལ་འབྱོར་བྱ་འགུལ་སྤེལ་བ་ཡིན་ན། ནམ་ཡང་རང་ཁ་རང་གསོའི་རྣམ་པ་ཅན་གྱི་ཞིང་འབྲོག་དཔལ་འབྱོར་གྱི་འཆིང་རྒྱ་ལས་བརྒལ་ཐུབ་པ་མིན། རང་ཁ་རང་གསོའམ་ཡང་ན་གཞན་ལ་བརྟེན་ཅིང་འབྲེལ་བ་མི་བྱེད་པའི་དཔལ་འབྱོར་ཞིག་གི་ཁྲོད་ནས་དེང་རབས་སྤྱི་ཚོགས་ཞིག་བཞེངས་ཐུབ་ཀི་མ་རེད། དཔལ་འབྱོར་དེ་འདྲ་ལ་བརྟེན་པའི་མི་རིགས་ནི་ནམ་ཡང་འཛམ་གླིང་སྡིངས་ཆའི་སྟེང་ལ་བུད་ཐུབ་པ་མ་རེད།

放掉
ཨ་རིས་ཨ་ཧྥི་གྷན་ལ་བཙན་འཛུལ་བྱས་རྗེས་ཡུལ་དེའི་སློབ་ཕྲུག་ལ་དཔེ་ཁུག་སྦྱིན་པའི་པར། དཔེ་ཁུག་དེ་ནི་རྒྱ་ནག་གིས་བཟོས་པ་དང་། དེའི་སྟེང་གི་རི་མོ་ནི་ཉི་ཧོང་གི་འགུལ་རུས་གྲགས་ཅན་ཞིག་ཡིན། མ་ཟད་རྒྱ་ནག་གི་འགྱིག་གི་རྒྱུར་བྱེད་པའི་རྡོ་སྣུམ་མང་ཆེ་བ་ཤར་དབུས་ནས་ནང་འདྲེན་བྱེད་བཞིན་ཡོད། ཤར་དབུས་ནི་རྡོ་སྣུམ་གྱི་འབྱུང་ཁུངས་ཆེས་ཆེ་བ་དེ་ཡིན་པ་དང་། པིན་ལཱ་ཏིན་ནི་རྡོ་སྣུམ་གྱི་ཚོང་བྱས་ནས་ཕྱུག་པོར་འགྱུར་བ་ཞིག་རེད། ཨ་རིས་ཨ་ཧྥི་གྷན་ལ་བཙན་འཛུལ་བྱེད་དོན་ནི་པིན་ལཱ་ཏིན་གྱིས་ཨ་རིའི་འཛམ་གླིང་ཚོང་ལས་ལྟེ་གནས་ཀྱི་ཐོག་ཁང་གཉིས་གཏོར་བས་རེད།

ཁབ་ཞིག་བཟོ་བ་དེ་ལྕགས་སྐུད་བརྡར་བ་ཙམ་མ་ཡིན་ཏེ། དེ་ལ་ལྕགས་གང་ནས་ཡོང་། གཏེར་ལེན་གྱི་བཟོ་བ་སུ་ཡིན། གཏེར་ལེན་གྱི་འཕྲུལ་ཆས་དང་ཡོ་བྱད་སོགས་གང་ནས་ཡོང་། གཏེར་བླངས་རྗེས་ལྕགས་གང་ལྟར་བཞུས། ནང་ལ་རྫས་འགྱུར་གཙོ་སྦྱོང་གང་འདྲ་བྱས། དེ་ལའང་བྱེད་མཁན་དང་ལག་ཆ་དགོས་པ་རེད། དེ་ནས་ལྕགས་དེ་ལྕགས་སྐུད་དུ་བསྒྱུར། དེ་འགྲིམ་འགྲུལ་རྒྱུད་ནས་ཡར་སྐྱེལ་མར་སྐྱེལ་བྱེད་མཁན་སུ་རེད། མེ་འཁོར་རླངས་འཁོར་དེ་སུ་ཡིས་བཟོས། མཐའ་ན་ལམ་གསོ་རྒྱག་མཁན་གྱིས་ཀྱང་ཁབ་བཟོ་བ་ལ་ནུས་པ་འོས་མཚམས་རེ་བཏོན་ཡོད་རེད། དེ་བཞིན་ལྕགས་སྐུད་བརྡར་དགོས་ན། བཟོ་བ་ཚོས་ཟ་མ་གང་ནས་ཡོང་། ཤ་ཡིན་ན་ཟོག་འཚོ་མཁན་སུ་རེད། བཟའ་མཁན་སུ་རེད། སྔོ་ཡིན་ན་ཞིང་བ་སུ་རེད། རྪས་དང་ལུད་གང་ནས་ཡོང་། ཇ་མ་སུ་ཡིན། དེ་ལ་ཕོགས་སྤྲད་ཏུ་པའི་སྒོར་མོ་དེ་གང་ནས་ཡོང་། དེ་ལྟ་བུར། དེང་རབས་ཀྱི་དཔལ་འབྱོར་ནི་བརྟེན་ཅིང་འབྲེལ་བ་བྱས་པ་ཞིག་ཡིན་པ་ལས། གདོད་མའི་སྤྱི་ཚོགས་ཀྱིས་ཅི་ཡང་རང་གིས་སྒྲུབ་རང་གིས་བཟོས་པའི་དུས་རིམ་དེ་ལ་བསྡད་ཡོད་མ་རེད། འགའ་ཞིག་གིས་དྲིལ་བསྒྲགས་ཁྲོད་དུ་ཅིག་ཅིག་ཉིག་ཉིག་དང་བྲལ་མི་ཉན། ཉིག་ཉིག་ཅིག་ཅིག་དང་བྲལ་མི་ཉིན་ཟེར་བ་རེད། དེ་ནི་དཔལ་འབྱོར་གྱི་ངོ་བོ་དེ་གཞིར་བྱས་ནས་ཆབ་སྲིད་ལ་ཁ་གཡར་འཚོལ་བ་རེད། ངོ་མ་བཤད་ན་ཨ་རི་དང་ཅིག་ཅིག་དཔལ་འབྱོར་ཐོག་ནས་སུ་ཡང་སུ་ལ་བྲལ་ཐབས་ཡོད་མ་རེད། དམག་འཁྲུག་སྐབས་ཀྱི་ཉི་ཧོང་དང་ཅིག་ཅིག་གཉིས་ཀ་དཔལ་འབྱོར་ཐོག་ནས་བྲལ་ཐབས་ཡོད་མ་རེད། དེ་ནི་དཔལ་འབྱོར་གྱི་ངོ་བོ་དང་ཆོས་ཉིད་རེད། ངོ་བོ་དེ་ཡོལ་མེད་ཞིག་རེད། དེ་བས་ད་ང་ཚོས་ཁབ་བཟོ་ཤེས་སོང་ན། ལྕགས་བཟོ་ཤེས་ལོས་དགོས། ལྕགས་བཟོ་ཤེས་དགོས་ན་གཏེར་སློག་ཤེས་ལོས་དགོས། གཏེར་སློག་བྱེད་ཀྱི་འཕྲུལ་ཆ་བཟོ་ཤེས་ལོས་དགོས། འཕྲུལ་ཆ་དེ་ལ་ལྕགས་ལོས་དགོས། དེ་འདྲ་ཡར་དེད་སོང་ན་ཐོག་མའི་ལྕགས་ཞིག་གཞན་ལ་མི་བརྟེན་ཀ་མེད་རེད། དེ་བས་ཨུ་ཚུགས་དེའི་ནང་ལྷུང་མི་ཉན། ངེས་པར་ཏུ་དཔལ་འབྱོར་གཞན་ལ་བརྟེན་པ་ནི་འཇིག་རྟེན་གྱི་འགྲོ་ལུགས་ཞིག་ཡིན་པ་ངོས་ལེན་དགོས། དེ་ངོ་ཚ་དགོས་པ་ཞིག་དང་རང་ལ་ནུས་པ་མེད་པ་ཞིག་རྩ་བ་ནས་མིན། དཔལ་འབྱོར་གྱི་གཞན་བརྟེན་ཨུ་ཚུགས་དེའི་ནང་ལྷུང་ནས་ད་བོད་འདི་ནམ་ཡང་གཞན་དབང་འོག་འདུག་དགོས་པ་རེད་སྙམ་ན་དེ་བས་ནོར་བ་རེད།

དེ་ཡིན་ཙང་དཔལ་འབྱོར་ཐོག་ནས་ཁབ་བཟོ་ཐུབ་མི་ཐུབ་དེ་བོད་ཀྱི་རྗེས་ལུས་ཀྱི་སྒྲུབ་བྱེད་ཅིག་མ་རེད། བོད་ཀྱི་རྗེས་ལུས་ནི་ཏག་ཏག་དེ་ལས་ལྡོག་ཏེ། འཛམ་གླིང་གི་དཔལ་འབྱོར་ནང་ཞུགས་མི་འདོད་པའི་བསམ་བློ་ཡོད་པ་དེ་རེད་ལ། དཔལ་འབྱོར་གྱི་གཞན་བརྟེན་ཙམ་མཐོང་ནས་རང་གི་ཡིད་ཆེས་ཉམས་འགྲོ་བ་འདི་རེད། ཡང་ན་དཔལ་འབྱོར་གྱི་ངོ་བོ་དང་མཐུན་པའི་ཚོང་ལས་གཉེར་མི་ཤེས་པ་འདི་རེད། ནམ་ཡང་རང་ཁ་རང་གསོ་བྱེད་ཐབསཞིག་ལ་འདང་རྒྱབ་ནས་ཡོད་པ་འདི་རེད། ཨ་རིའི་ཀུ་ཤུ་ཁ་པར་བཟོ་དགོས་ན་རྒྱ་ནག་གི་བཟོ་པའི་ངལ་རྩོལ་ལ་བརྟེན་དགོས་རེད། ཉི་ཧོང་གི་པར་ལེན་ལག་རྩལ་ཤེལ་བཟོའི་ལག་རྩལ་ལ་བརྟེན་དགོས་རེད། རྒྱ་གར་གྱི་རྩིས་འཁོར་ཚོད་ལྟ་ལ་བརྟེན་དགོས་རེད། མཐའ་ན་རྒྱལ་ཁབ་རྗེས་ལུས་ཞིག་གི་རྐང་རྗེན་བུད་པའི་གཏེར་ལེན་བཟོ་བ་ཞིག་ལ་བརྟེན་དགོས་པ་རེད། ཀུ་ཤུ་ཁ་པར་གྱི་རྒྱུ་མང་ཆེ་བ་དཔལ་འབྱོར་མ་རྒྱས་པའི་རྒྱལ་ཁབ་ནང་ནས་ཉོས་པ་རེད། དེ་ལྟར་ཡིན་ན་ཨ་རིའི་རང་དབང་དང་རང་ཚུགས་ཤོར་མི་འདུག་ག དེ་བས་རང་ཚུགས་དང་རང་དབང་ཟེར་བ་དེ་རང་གིས་རང་ཁང་བའི་ནང་བཅུག་ནས་སྒོ་བརྒྱབ་ཏེ་བསྡོད་རྒྱུ་ཞིག་མ་རེད། དེ་ནི་རྗེས་ལུས་རེད། དོན་དམ་གྱི་རང་ཚུགས་ནི་འཛམ་གླིང་དཔལ་འབྱོར་གྱི་ལས་གནས་བགོ་འབྱེད་ཁྲོད་རང་ལ་འོས་པ་དང་མོས་པ་དེ་ཧུར་བརྩོན་བྱེད་རྒྱུ་དེ་རེད། མདོར་ན་ཐབས་གཞན་གྱི་ཐོག་ནས་སྒོར་མོ་ལེན་ཐུབ་པ་ཡིན་ན། ཁབ་བཟོ་མ་ཤེས་རུང་སྐྱོན་མེད། ཀུ་ཤུ་ཁ་པར་བཟོ་མ་ཤེས་རུང་སྐྱོན་མེད། དེ་དག་སྒོར་མོས་ཉོ་ཆོག་པ་རེད། འཇིག་རྟེན་འདི་ན་མཁོ་ཆས་ཡོད་ཚད་རང་གི་བཟོ་ཐུབ་པའི་མི་བོ་སྒེར་མེད་ལ། དཔལ་འབྱོར་ཡོད་ཚད་མི་རིགས་རང་གིས་འཁོར་བསྐྱོད་ཐུབ་པ་ཞིག་དེ་བས་མེད། ད་ང་ཚོས་ཐབས་གང་ལ་བརྟེན་ནས་མ་རྩ་ལོན་ཐབས་བྱེད། མ་རྩ་ཟེར་ན་ཡོངས་ཁྱབ་ཀྱི་སྒོར་མོ་རེད། མི་ཞིག་གི་སྐེ་ཡི་གསེར་དངུལ་གྱི་རྒྱན་ཆ། ཁང་བ། བཟོ་གྲྭ་སློབ་གྲྭ། ལག་གི་ཤོག་དངུལ་ལ་སོགས་པ་མ་རྩ་རེད། རྒྱུ་ལས་རྒྱུ་འཕེལ་བྱེད་ལ་མ་རྩ་ཟེར། ཁོར་ཡུག་དང་རྩྭ་ས་གཏེར་ཁ། ཞིང་ས་རི་ལུང་ཐམས་ཅད་མ་རྩ་རེད། སྐད་ཡིག་དང་རིག་གནས་ཀྱང་དེ་ལ་འཇུག་པའི་སྐབས་ཡོད། དེ་དག་ང་ཚོས་གང་ལྟར་ཇེ་མང་ནས་ཇེ་མང་བྱེད་དམ། ཇེ་ཡག་ནས་ཇེ་ཡག་ཏུ་བཏོང་ངམ། དེ་དཔལ་འབྱོར་གྱི་སྒྲུབ་བྱ་དང་མི་རིགས་ཡར་འགྲོ་ཞིག་ལ་མེད་དུ་མི་རུང་བའི་མཐུན་རྐྱེན་རེད། ཚང་མས་དེ་ལ་བསམ་བློ་རྒྱག་དགོས། དབེན་གནས་པ་འདྲ་ཡིན་ན་མ་གཏོགས། དེ་ལ་བསམ་བློ་མ་བཏོང་ན་གཞན་པ་ཚོས་ང་ཚོ་མི་གྲལ་ཏུ་འཇོག་པ་མ་རེད། འཛམ་གླིང་ནང་སྐད་ཆ་བཤད་དབང་ཡང་ཡོད་མ་རེད།

genbo
ཡུལ་ཤུལ་ལ་བོའི་མཐུན་ཚོགས་ཀྱི་ཚོགས་གཙོ་མགོན་པོ།

དེ་ནས། ཉེ་སྔོན་ཞིག་ལ་ཡུལ་ཤུལ་གྱི་ཁྱི་ཚོང་བརྒྱག་མཁན་ཞིག་གིས་རྒྱ་སྐད་ཕུ་ཐང་ཧྭ་ལེགས་པོ་མ་འཁྱོལ་བས་ཚང་མས་འཕྱ་བཞིན་འདུག སྤྱིར་ཡིན་ན་སྒོ་ཁྱི་བཙོང་བ་ལ་བོད་མི་ཚོས་མཐོང་ཆུང་ཚད་མེད་བྱེད་བཞིན་འདུག དེ་ལ་སྲོལ་རྒྱུན་གྱི་ནད་བྱུང་བ་ལོས་ཡིན། མ་རིག་པ་ལས་སྐྱེས་པའི་ཞེ་སྡང་གུ་དོགས་ཙམ་ལོས་ཡིན། རྒྱུ་མཚན་གང་ཡང་མེད། ཁྱི་ཡི་བདག་པོ་ཞིག་གིས་རང་གི་ཁྱི་བཙོང་ན་སུ་ལ་གནོད་བཞག་ཐལ། ཁྱི་དེ་གསོ་ཁྱི་ལ་བཙོང་བ་རེད། ཆོས་ལུགས་ལྟར་ཏུ་ཡིན་ན་ཁྱི་བཙོང་བ་དང་བཤས་བཙོང་བ་གཉིས་སྡིག་པ་གང་གི་ཆེ། སྲོག་བཅད་དང་མི་བཅད་ཀྱི་ཁྱད་པར་ཡོད་རེད། དེ་བས་ཆོས་ལུགས་ཀྱི་རྒྱུ་མཚན་མེད་ཀི འཇིག་རྟེན་གྱི་ལུགས་དང་འགལ་བ་ཨེ་རེད་ཟེར་ན། དེ་ཡང་མིན་པ་འདྲ། གང་ཡིན་ཟེར་ན་འཇིག་རྟེན་ལུགས་ལྟར་ན་གཞན་ལ་གནོད་འཚེ་མ་བྱས་ན་བྱ་སྤྱོད་གང་ཡང་རང་དབང་ཡིན། རང་དབང་། ང་ཚོའི་ཤེས་ཡོན་པའི་ཁ་ནས་མ་ཎི་བཞིན་བཟློས་པའི་ཐ་སྙད་འདི། དེ་བས་ཁྱི་ཚོང་འདི་ཆོས་འཇིག་རྟེན་གཉིས་ནས་ལྟས་ན། དེ་ཡི་ངོ་བོ་ནི་ཚོང་ལས་གཞན་གྱི་དགའ་བ་ཞིག་མིན་ན་སྡུག་པ་ཞིག་རྩ་བ་ནས་མ་རེད་སྙམ། མ་ཟད་ཁྱི་ཚོང་ནི་ཤིན་ཏུ་མཁས་པའི་ཚོང་ཞིག་རེད་འདོད། འཛམ་གླིང་སྟེང་གི་ཚོང་བ་བཟང་ཤོས་དེ་གང་རེད། གཞན་གྱི་དགོས་མཁོ་མཁོ་སྤྲོད་བྱེད་མཁན་དག་ཨེ་རེད། དེ་མ་རེད། གཞན་ལ་མཁོ་བའི་ཚོང་ཟོག་དེ་དག་མི་སུ་ཞིག་གི་ལག་ཏུ་ལྷག་མོར་ཡོད་ན་བཙོང་མི་ཐུབ་ས་མེད། འོན་ཀྱང་གཞན་གྱི་དགོས་པ་ངོ་མ་དེ་མ་ཡིན་པ་ཞིག་བཙོང་དགོས་ན། དེ་ལ་ཤེས་རིག་དགོས་པ་རེད། ང་ཚོ་ལ་སྐྲ་མདོག་བསྒྱུར་བྱེད་ཀྱི་ཚོས་ཞུན་ཞིག་བཙོང་གིས་འདུག་ཨཱ། དེ་འདྲ་རེད། སྐྲ་མདོག་བསྒྱུར་མ་བཞག་ན་ང་ཚོའི་འཚོ་བ་ཉམས་འགྲོ་འིས་ཨེ་རེད། འོན་ཀྱང་ཚོང་ལ་མཁས་པ་དག་གིས་སྐྲ་མདོག་བསྒྱུར་བའི་ཚོང་ལམ་ཞིག་གསར་གཏོད་བྱས་པ་རེད། ང་ཚོས་དགོས་མིན་ལ་རྒྱུ་གྱོང་དེ་ཙམ་བཏུགས་ནས་ད་དུང་དགའ་དགའ་སྤྲོ་སྤྲོ་བྱེད་ཀྱིན་ཡོད། འོན་ཀྱང་ངོ་མ་ཁེ་འདུག་པ་ནི་ཚོང་ལས་དེར་བཞུགས་པའི་མི་དེ་ཚོ་རེད། ཁོ་ཚོས་རང་གི་རང་ལ་ཁེ་ཕན་ཞིག་བསྐྲུན་ཐུབ་པ་མ་ཟད། གཞན་མང་པོ་ཞིག་ལ་སྔར་མེད་ཀྱི་ལས་སྒོ་ཞིག་ཀྱང་གཏད་པ་རེད། དེ་དང་ནང་བཞིན། བོད་ཀྱི་ཁྱི་ཚོང་རྒྱག་མཁན་ཚོས་ཀྱང་ཚོང་ལམ་གསར་བ་ཞིག་ཕྱེས་པ་རེད། རྒྱ་ནང་གི་གྲོང་ཁྱོར་ལ་མཚོན་ན་འབྲོག་ཁྱིའི་དགོས་པ་ཅི་ཡོད། འོན་ཀྱང་ཚོང་བ་ཚོས་གོང་ཐོན་པོ་བྱས་ནས་དེ་བཙོང་ཐུབ་ཀི་རེད། ཚོང་ལ་མཁས་ནས་མིན་ན་ཅི་ཡིན། ཁྱི་ཕྲུག་ཚོ་བོད་ཡུལ་ནས་དགོས་མེད་དུ་ཁ་སྐོར་འདུག སུས་རིག་ན་དེ་ལ་རིན་ཐང་ཞིག་བརྩི་འིས་མ་རེད། འོན་ཀྱང་ཁྱི་ཚོང་རྒྱག་མཁན་ཚོས་ཁྱི་ཕྲུག་ཁ་ཤས་ཡར་ལ་ཁྲིད། གཟུགས་སྟོབས་བསྐྱེད་བྱེད་ཀྱི་སྨན་ཁབ་འདྲ་རྒྱབ། ཁ་ལྤགས་ངོ་ལྤགས་ཚོ་ལུག་ལུག་བྱས་ནས་བཙོང་གི་ཡོད་རེད། བོད་སྤྱི་ནས་བཤད་ན། མང་ཆེ་བས་རང་གི་ངལ་རྩོལ་གྱིས་སྒོར་མོ་བསོགས། བསླར་ཡང་སྒོར་མོ་དེ་ཕྱི་རོལ་གྱི་ཚོང་རྫས་ཉོ་བར་སྤྱོད་པ་རེད། གནས་ཚུལ་དེ་ལ་གཟབ་ནན་གྱིས་བསམ་བློ་ཞིག་བྱས་ན། ང་ཚོས་རང་གི་ཁ་གསོ་ཐབས་ཆག་ཞིག་གི་ཆེད་དུ་ཕྱི་རོལ་གྱི་མི་མང་པོ་ཞིག་ལ་ལས་གནས། ཚོང་ལམ་བསྟེར་གྱིན་ཡོད་རེད། ཁོ་ཚོས་ཐོག་མར་ཤོག་དངུལ་བཟོས། དེ་ཡིས་ང་ཚོའི་ངལ་རྩོལ་ཉོས། བསླར་ཡང་ཤོག་དངུལ་དེ་ཁོ་ཚོ་ལ་སྤྲད་ནས་ཁ་ཟས་རྒྱབ་གོན་རེ་ཉོ་བཞིན་ཡོད་པ་རེད། དོན་བསྡུས་པར་དཀྲལ་ན་དེ་བཞིན་རེད། ད་ང་ཚོ་ངལ་རྩོལ་ཡར་བརྗེ་མར་བརྗེ་འདིའམ། མ་རྩ་ཡར་བརྗེ་མར་བརྗེ་འདི་ལས་ཅི་ལྟར་ཕམ་ཁ་མི་ལེན་པ་ཞིག་བྱེད་དགོས། དེ་ལ་དཔལ་འ་བྱོར་རིག་པའི་ནང་ན་གསལ་བོ་བཤད་འདུག་ཨཱ དཔལ་འབྱོར་ཕུང་པོ་ཞིག་གི་མ་རྩ་བརྗེ་རེས་ཀྱི་ཁྲོད་དུ་རང་ལ་མི་མཁོ་བ་དེ་མ་ལྷག་ཀྱང་མཁོ་བ་དག་བསོགས་ནུས་ན་ཁེ་བ་རེད། དེ་ལས་ལྡོག་ཏེ་རང་ལ་མི་མཁོ་བ་ཡོད་ཚད་བཙོང་རུང་ད་དུང་རང་ལ་མཁོ་བ་ཐམས་ཅད་པོ་ལོན་ཐུབ་མེད་ན་དེ་ནི་ཕམ་པ་རེད། སྟབས་བདེ་བོ་བཤད་ན། བོད་དང་ཕྱི་རོལ་པའི་ཚོང་ལམ་ཁྲོད་དུ། བོད་ཀྱིས་ངལ་རྩོལ་ཧུར་ཐག་ཞིག་སྒྲུབ་ཀྱང་ལྟོ་རྒྱབ་མ་གཏོགས་མ་ལོན་ན་དེ་ནི་ཕམ་ཁ་རེད། དེ་གཞན་ལ་འཁང་ར་བྱེད་ས་ཡོད་མ་རེད། འཛམ་གླིང་དཔལ་འབྱོར་ཁྲོད་ནས་ལས་གནས་དབྱེ་འབྱེད་བྱེད་སྐབས། རང་ལ་འོས་པ་དེ་སྒྲུབ་མ་ཐུབ་ན། མུ་གེས་ཤི་རུང་སྡུག་གྱོང་རེད། མི་རིགས་མང་པོ་ཞིག་གིས་ལས་གནས་དབྱེ་འབྱེད་ཁྲོད་ཀྱི་ཁོར་ཡུག་གནོད་སྐྱེལ་ཅན། ལས་ཡུན་རིང་པོ་ཅན། དཀའ་ལས་ཆེན་པོ་ཅན་དེ་དག་གཞན་ལ་འཕེན་ཐབས་བྱེད་བཞིན་ཡོད། རྗེས་ལུས་ཀྱི་མི་རིགས་དག་གིས་དེ་ཨེ་རག་ལྟ་བཞིན་ཡོད། ང་ཚོས་ལུས་ངལ་ནི་མི་མོས། ཀླད་ངལ་ནི་མི་ནུས། ད་དུང་ཁབ་བཟོ་མི་ཐུབ་ཀི་ཟེར་ནས་སེམས་ཤི་ནས་བསྡད་ཡོད། འཇིག་རྟེན་འདིར་ཁྱོད་ལ་འོས་པའི་ལས་རིགས་ཞིག་ཡོད་ཤག་ཤག་རེད། ཁབ་ཡིན་དགོས་པའི་ངེས་པ་མེད། ཡོད་ཚད་རང་གིས་སྒྲུབ་ཐུབ་པའང་མིན། དེ་བས་དཔེར་ན་ཆོས་ཚོང་རྒྱོབ། གཞན་ལ་སེམས་གསོ་མཁོ། ང་ལ་སྒོར་མོ་མཁོ། ཚོང་འདི་དྲང་གི་ཨཱ། ཡང་མིན་ན་ཁྱི་ཚོང་རྒྱག་མཁན་གྱི་བསམ་བློ་བྱེད་སྟངས་ཁྱེར། གཞན་ལ་དགོས་པ་དེ་ངས་མ་ནུས་མ་མོས་ན། གཞན་ལ་མི་མཁོ་བ་ཞིག་ངས་གསར་དུ་བྱེད། རིག་པ་བསྟེན་ནས་ཚོང་ལམ་གསར་བ་གཏོད།