འཇང་། (7༧༣༨–༩༠༢)      ཏ་ལི།  (༩༣༧–༡༢༥༣)

ཧྥན་ཝུན་ལན་གྱིས་བརྩམས།  དོན་བཙན་གྱིས་བསྒྱུར།

དང་པོ།  འཇང་གི་དར་རྒུད།

རྒྱ་ནག་གི་ནུབ་ལྷོའི་ཡུན་ནན་ས་ཁུལ་ཏུ་མི་རིགས་མང་པོ་འདུས་སྡོད་བྱེད་ཅིང་དེ་དག་གི་མིང་ཤིན་ཏུ་མང་ལ་རྙོག་འཛིང་ཆེ།     ཐང་ཡིག་གསར་བའི་ཚོན་མྱའི་ལོ་རྒྱུས་གཉིས་སུ་མྱ་རིགས་མང་དྲགས་པས་ཡིག་ཐོག་ཏུ་འགོད་ཐབས་བྲལ་ཟེར་བ་དངོས་གནས་དོན་དང་མཐུན་པའི་གནས་ཚུལ་རེད།   རྒྱ་མི་རིགས་ཡུན་ནན་དུ་འཛུལ་ཏེ་སྡོད་གནས་དུ་མ་གསར་འཛུགས་བྱས་ཤིང་སྔོན་ཐོན་གྱི་རིག་གནས་སྤེལ་འགོ་བཙུགས། ཀྲན་གོའི་དུས་སྐབས་སུ་ཁྲུའུ་ཡི་དམག་སྤྱི་ཆེན་མོ་ཀྲོན་ཆའོ་ཡིས་དམག་སྣ་དྲངས་ཏེ་ཏན་ཁྲིས་བར་བཙན་བཟུང་དང་ཏན་རྒྱལ་ཕྲན་དབུ་བཙུགས་ཤིང་བུ་རབས་ཚ་རྒྱུད་ཀྱིས་རྒྱལ་སྲིད་བཟུང་། ཅིས་ལན་མཁར་(ཁུན་མིན་གྲོང་ཁྱེར་གྱི་ཉེ་འགྲམ)་ནི་ངག་རྒྱུན་དུ་ཀྲོན་ཅའོ་ཡིས་བཞེངས་བསྐྲུན་བྱས་པར་གྲགས། ཆིན་རྒྱལ་རབས་ཀྱི་སྐབས་སུ་ཁྲང་ཨུག་གྱིས་འདོམ་གསུམ་ཙམ་གྱི་ལམ་བུ་ཞིག་ཟི་ཁྲོན་ནས་ཀྲིན་བར་དུ་བཏོད་(ཀྲའོ་ཀིག་ལིང་གིས་ལམ་ཁོད་རྒྱ་ཆེར་བསྐྱེད་འགོ་ཚུགས)།

སྤྱི་ལོ་སྔོན་གྱི་ལོ་ངོ་༡༠༩་ལོར་ཧན་ནུབ་མའི་གོང་མ་ཝུའུ་ཏེ་ཡིས་དམག་སྤྱི་ཆེན་མོ་ཀོ་ཁྲང་མངགས་ཏེ་ཏན་རྒྱལ་ཕྲན་ཕབ་ཅིང་ཡུས་ཀྲིག་རྫོང་གསར་དུ་བཙུགས། ཧན་ཤར་མའི་སྐབས་སུ་ཡུང་ཁྲང་((པུའུ་ཝེ་དང་ཡུན་ནན་པའོ་ཧྲན་རྫོང་གི་བྱང་ཕྱོགས་དབང་བྱས།)་རྫོང་གསར་ཏུ་བསྣན།     ཀྲའོ་ཀིག་ལིང་གིས་ལྷོ་རྒྱུད་བདེ་ལ་བཀོད་རྗེས་སླར་ཡང་ཞིན་གུའུ་དང་། ཡུན་ནན་བཅས་རྫོང་མཁར་གཉིས་གསར་དུ་བཙུགས། འདིའི་རྗེས་སུ་རྒྱལ་རབས་སོ་སོས་མུ་མཐུད་དེ་ཁུལ་དང་རྫོང་ཇེ་མང་ཏུ་བཏང་སྟེ་དབང་བསྒྱུར་གྱི་ཁྱབ་ཁོངས་རྒྱ་ཆེ་རུ་བསྐྱེད། རྒྱ་རིགས་མ་ཡིན་པའི་སྡོད་དམངས་རྣམས་ལ་ཀྲའོ་ཀིག་ལིང་གིས་བཏོན་པའི་དབང་བསྒྱུར་ལྷོད་ཡངས་དང་རྒྱ་འཇང་བག་ལྷོད་ཀྱི་དབང་འཛིན་སྲིད་བྱུས་སམ། ཡང་གཅིག་བཤད་ན་ཡུལ་སྲོལ་དང་བསྟུན་ཏེ་གུ་ཡངས་སྒམ་དཀྱེལ་བྱ་བ་དེ་སྤྱད་ཡོད། མི་རིགས་རེ་འགའ་རྒྱ་རིགས་དང་འབྲེལ་འདྲིས་ཆེ་བས་དཔལ་འབྱོར་དང་རིག་གནས་རྣམས་ཡར་རྒྱས་གོང་འཕེལ་དུ་ཕྱིན་པ་བརྗོད་ག་ལ་དགོས། འོན་ཏེ་མི་རིགས་མང་པོ་ཞིག་སྔར་བཞིན་རྗེས་ལུས་ཡིན་པ་མ་ཟད། ཐ་ན་ཤིན་ཏུ་ནས་རྗེས་ལུས་རེད།

༦༢༡་ལོར་ཐང་ཀོ་ཙུང་གིས་ཡའོ་ཀྲིག་(ཡུན་ནན་ཡའོ་ཨན་རྫོང་གི་བྱང་རྒྱུད)གསར་ཏུ་བཙུགས་ཏེ་འཇམ་བསླུ་ས་ཁུལ་སོ་གཉིས་ལ་དབང་བྱས། ༦༣༢་ལོར་ཐང་ཐེ་ཙུང་རོང་ཀྲིག་(ལ་ཏའོ་དང་།ཟི་ཁྲོན་ཡིས་པིན་རྫོང་གི་ནུབ་ལྷོ་ལ་དབང་བྱེད)་ལྟ་ཞིབ་སྒར་གསར་དུ་བཙུགས། ཐང་ཞོན་ཙུང་གི་སྐབས་སུ་ལྟ་ཞིབ་སྒར་གྱིས་འཇམ་བསླུ་ས་ཁུལ་སོ་དྲུག་དང་རྫོང་བརྒྱ་སོ་བདུན་ལ་དབང་བསྒྱུར་བྱེད་ཅིང་ཕྱིས་སུ་སླར་ཡང་དབང་བསྒྱུར་ས་ཁུལ་གོ་གཉིས་སུ་འཕེལ། འཇམ་བསླུ་ཞེས་པ་འགྲོ་འོང་གང་འདོད་དང་ཕན་ཚུན་ལ་ཐེ་གཏོགས་མི་བྱེད་པའི་དོན་ཡིན་ལ་འདི་ལྟ་བུའི་འཇམ་བསླུ་ཡི་གནས་བབས་དེ་རྗེས་ལུས་ཀྱི་མི་རིགས་སོ་སོར་དགེ་ཕན་བྲལ། རྒྱུ་མཚན་ནི་རྒྱ་རིགས་དབང་བསྒྱུར་གྲལ་རིམ་གྱིས་སྐབས་བསྟུན་ངང་སྟོབས་ཤུགས་རྒྱ་བསྐྱེད་ཅིང་ཁུལ་དང་རྫོང་བཙུགས་ཏེ་མི་རིགས་སོ་སོ་བཙན་གྱིས་རྗེས་སུ་དེད་ཆོག། དེ་ལས་ལྡོག་སྟེ་ལྷོ་རྒྱལ་རབས་ཀྱི་ལིང་གི་དུས་མཇུག་ཏུ་ལིང་གི་དབང་བསྒྱུར་མཁན་ཡུན་ནན་ལས་ཕྱིར་འཐེན་བྱས་ཤིང་ཁུལ་དང་རྫོང་རྣམས་ཚོ་དཔོན་གྱིས་བཟུང་བས་དེ་ཡང་མི་རིགས་སོ་སོར་དགེ་ཕན་ཅི་ཡང་མེད། དེའི་རྒྱུ་རྐྱེན་ནི་ཁུལ་དང་རྫོང་གིས་ཚོ་དཔོན་གྱི་དབང་བསྒྱུར་སླར་གསོ་དང་རྗེས་ལུས་ཀྱི་ནུས་ཤུགས་ཇེ་ཆེར་བཏང་བས་དེ་ནི་ཕྱིར་བཤོལ་རེད། ཐང་གི་ཐན་པའོ་ཁྲོ་ལོའི་སྐབས་སུ་ཡུན་ནན་དུ་འཇང་གི་རྒྱལ་ཁབ་བཙུགས་རྐྱེན། གོང་གི་དགེ་ཕན་བྲལ་བའི་གནས་བབས་དེ་གཉིས་བསྒྱུར་བས་རིགས་སོ་སོའི་མང་ཚོགས་རྣམས་ལ་མཚོན་ནས་བརྗོད་ན་ཡར་སྐུལ་གྱི་བྱེད་ནུས་དང་བྲལ་མེད།

འཇང་དུ་མྱ་ནག་སྟེ་དམུ་ཚང་རྒྱལ་པོ་བྱེད་ཅིང་མྱ་དཀར་གྱི་རུས་ཆེན་རྣམས་ཀྱིས་གཞོགས་འདེགས་བྱེད་ལ་རྒྱ་རིགས་ཚུད་པའི་ཕྱི་ནང་གི་མི་རིགས་ཐུན་མོང་གིས་གྲུབ་པའི་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ཡིན། གཅིག་གྱུར་གྱི་དབང་བསྒྱུར་གྱིས་ཁ་འཐོར་དུ་ཕྱིན་པའི་ཚོ་བའི་བཅད་བཟུང་གི་སྟོབས་ཤུགས་ཉམས་རྒུད་དུ་གཏོང་བ་གདོན་མི་ཟ། རིགས་སོ་སོ་བསྡུས་ཏེ་གཅིག་གྱུར་གྱི་རྒྱལ་ཁབ་བཙུགས་པས་འཇམ་བསླུ་ཡི་གནས་བབས་ངང་གིས་ཡལ་ཏེ། སྟོབས་ཆེ་བའི་རྒྱ་བོད་ཁྱིམ་མཚེས་རྒྱལ་ཁབ་བཀག་སྐྱིལ་དང་རང་གི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་རིག་གནས་རིམ་གྱིས་མཐོར་འདེགས་གཏོང་། འཇང་དང་ཏ་ལི་བཅས་ཀྱིས་སྔ་ཕྱི་བགྲང་བྱ་ལྔ་བརྒྱ་ལྷག་རིང་ལ་དབང་བསྒྱུར་བྱས་རྐྱེན་རྒྱལ་ནང་གི་དེ་སྔའི་རྗེས་ལུས་ཀྱི་རྣམ་པ་དེར་འཕོ་འགྱུར་ཆེན་མོ་བྱུང་ཞིང་དཔལ་འབྱོར་དང་རིག་གཞུང་སྤྱིའི་ཆ་ནས་ཡར་རྒྱས་སུ་ཕྱིན་ཏེ་རྒྱ་མི་རིགས་ཀྱི་ཚད་དུ་སླེབས། མི་རིགས་རེ་འགས་ད་དུང་གནའ་སྲོལ་ཟེར་བ་དེ་རྒྱུད་འཛིན་བྱེད་མོད་འཇང་གི་རྒྱལ་ཁབ་མ་བཙུགས་པའི་སྔོན་དང་བསྡུར་ཚེ་གྲངས་ཀ་དེ་འདྲ་མང་རྒྱུ་མེད་ལ་སྟོབས་ཤུགས་ཀྱང་གང་འཚམ་ཞིག་ཡར་རྒྱས་སུ་ཕྱིན་ཡོད།

འཇང་དང་ཏ་ལི་ཡིས་སྔ་རབས་ཀྱི་ལོ་རྒྱུས་ཁྲོད་དུ་བཏོན་པའི་བྱེད་ནུས་ནི་རྗེས་ལུས་ཀྱི་མི་རིགས་སོ་སོའི་དཔལ་འབྱོར་དང་རིག་གཞུང་བཅས་ལ་ཚད་གཞི་མི་འདྲ་བའི་ཡར་སྐུལ་བགྱིས་པ་དེ་རེད།

གཅིག། འཇང་རྒྱལ་ཁབ་མ་བཙུགས་སྔོན་གྱི་གནས་བབས།

ཀྲོན་ཅའོ་ཡིས་ཏན་རྒྱལ་ཕྲན་བཙུགས་ཏེ་ཁྲུའུ་ཡི་རིག་གཞུང་ནང་འདྲེན་བྱས་ཤིང་ཏན་ཁྲིས་ས་ཁུལ་གཙོ་བྱས་པའི་ཚོ་བ་རྣམས་ལ་ཁྲུའུ་ཡི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཏེ།ངེས་མེད་གནས་སྤོར་བའི་འབྲོག་པའི་ཚོ་བ་རིམ་གྱིས་གཏན་སྡོད་ཀྱི་ཞིང་ལས་ཚོ་བར་གྱུར། ཧན་ནུབ་མས་ཡིས་ཀྲིག་རྫོང་བཙུགས་རྗེས་ས་གནས་སྡོད་མི་དང་རྒྱ་མི་རིགས་བར་གྱི་འབྲེལ་འོང་ཇེ་མང་དང་རིག་གཞུང་ཡང་མཐའ་འཁོབ་ཀྱི་ཚོ་བ་རྣམས་ལས་གོང་མཐོར་ཕྱིན། ཐང་གི་དུས་མཇུག་ཏུ་ཕན་ཁྲའོ་ཡིས་བརྩམས་པའི་འཇང་གི་ལོ་རྒྱུས་ལས་རྡོ་མཁར་། ཁུན་ཁྲོན། ཆིས་ཨུག་། ཅིན་ཉིན་།ཡུས་ཞན། ཉིན་འན་ནས་ལུང་ཧག་མཁར་བར་འཇང་ནུབ་མ་ཟེར། ཆིས་ཅིན་ཀྲིན་ནས་མུས་ལོ་ཁྲོན་(བྱམས་མགོན་རྫོང་།ཀྲའོ་ཀོའོ་།ལུའུ་ནན་རྫོང་སོགས་ཀྱི་ཉེ་འགྲམ)། ཧྲིན་མ་ཁྲོན་(ཞིན་ཏན་རྫོང་།ཁྲུང་མིན་རྫོང་སོགས་ཀྱི་གནས)་ནས་ལྷོ་པུའུ་ཐིག་(ཅན་ཧྲེ་རྫོང་) ལ་ཐུག་གི་བར་འཇང་ཤར་མ་ཞེས་འབོད། འཇང་གི་ལོ་རྒྱུས་ལས་བརྗོད་པའི་རྡོ་མཁར་ནི་ཐང་ཡིག་གསར་བའི་འཇང་གི་ལོ་རྒྱུས་ཁྲོད་ཀྱི་ཆིས་ཀྲིག་དང་ཅིན་ཀྲིག་གཉིས་ཡིན། ཁུལ་འདི་གཉིས་ཀ་རོང་ཀྲིག་ལྟ་ཞིབ་དཔོན་གྱིས་མངའ་དབང་བསྒྱུར་བའི་འཇམ་བསླུ་ཁུལ་ཁོངས་ཡིན་པ་ལྟར་ན་ཅིན་ཀྲིག་ནི་ཧན་ཤར་མའི་དུས་མཇུག་གི་ཀྲུའུ་ཐའེ་(ཧན་གཉིས་ཀས་ཅན་ཝེ་རྫོང་ཞེས་འབོད་ཅིང་ཅན་ཨན་ཁྲི་ལོ་ཉི་ཤུ་པར་བསྒྱུར)་རྫོང་གི་མངའ་ཁོངས་དང་དེ་ཉིད་དེང་གི་ཟི་ཁྲོན་ཡུས་པིན་རྫོང་གི་ནུབ་ལྷོའི་ལེ་དབར་ཉིས་བརྒྱའི་ས་ན་ཡོད། ཅིན་ཀྲིག་ནི་ཆིས་ཀྲིག་གི་བྱང་རྒྱུད་དུ་མཆིས་ཤིང་དེ་ཡང་ཕལ་ཆེར་ཀྲའོ་ཐུའུ་རྫོང་གི་ས་ཁོངས་ཡིན། འཇང་ནུབ་མའི་གནས་གཞི་དེ་ཏན་ཁྲུས་ཀྱི་ཕྱོགས་བཞི་བསྐོར་ནས་མཆིས་ཤིང་ཆིས་ཀྲིག་དང་ཅིན་ཀྲིག་ལས་ཐག་རིང་མི་སྲིད་པས་ཐང་ཡིག་གསར་བའི་ནོར་འཁྲུལ་རེད། འཇང་གི་ལོ་རྒྱུས་སུ་བརྗོད་པའི་ཆིས་ཅིན་ཀྲིག་ནི་སྐབས་དེའི་ཆིས་ཀྲིག་དང་ཅིན་ཀྲིག་གི་བསྡུས་མིང་ཡིན་ལ་དེ་ཉིད་ཧན་ཤར་མའི་དུས་མཇུག་གི་ཀྲུའུ་ཐེ་རྫོང་གི་ཁོངས་སུ་མཆིས། དེང་སྐབས་ཀྱི་ཆིས་ཅིན་རྫོང་ལ་ཧྲུའུ་ཧན་གི་སྐབས་སུ་ཅན་ཉིན་རྫོང་ཞེས་འབོད་ཅིང་ཐང་རྒྱལ་རབས་ཀྱི་དུས་སུ་ནན་ཉིན་ཁུལ་དང་དེ་ནས་སླར་ཡང་ལིང་ཀྲིག་ཏུ་བསྒྱུར་ཞིང་དབང་བསྒྱུར་ལྟེ་བ་ཝེ་རྫོང་(ཝེ་རྫོང་གི་གནའ་མཁར་ཆིན་ཅིན་རྫོང་གི་ནུབ་ངོས་སུ་ཆགས་ཡོད)དུ་བཙུགས་ཡོད། ཀྲུའུ་ཀིག་ལིང་གིས་ལྷོ་འདུལ་བྱས་ཏེ་ཡུལ་གྱི་རུས་ཆེན་ཚོ་དཔོན་རྣམས་མངའ་ཞབས་སུ་བཀོད། ཅན་ཉིན་རྫོང་གི་ཚོན་ཞུས་དང་། ཀྲུའུ་ཐེ་རྫོང་གི་རྨུ་ཡན་། རྨུ་ཧོ་རྣམས་དཔོན་དུ་བསྐོས། ཚོན་་ནི་འཇང་ནུབ་མའི་རུས་རྒྱུད་ཆེན་མོ་ཞིག་དང་རྨུ་ནི་འཇང་ཤར་མའི་རུས་ཆེན་ཞིག་ཡིན། འཇང་ཤར་མའི་སྡོད་གནས་ནི་བྱང་གི་ཆིས་ཅིན་རྫོང་ནས་ལྷོའི་པུའུ་ཐུག་བར་དང་། འཇང་ནུབ་མའི་བསྟི་གནས་ནི་རྡོ་མཁར་ནུབ་རྒྱུད་ཀྱི་ཏན་ཁྲིས་མཐའ་བསྐོར་ཡིན་པ་ཧ་ཅང་མངོན་གསལ་རེད།

འཇང་ཤར་མར་མྱ་ནག་པོ་དང་འཇང་ནུབ་མར་མྱ་དཀར་པོ་ཟེར། མན་(蛮)་ཟེར་བ་རྒྱ་རིགས་དབང་བསྒྱུར་གྲལ་རིམ་གྱི་ནོར་འཁྲུལ་ཡིན་པ་ཐེ་ཚོམ་བྲལ། འོན་ཀྱང་མྱ་ལ་དཀར་ནག་གཉིས་ཀྱི་ཁྱད་པར་མཆིས་པ་དོན་དངོས་རེད། མྱ་དཀར་ནག་ལ་འོས་འཚམ་གྱི་འགྱུར་བ་ཞིག་མ་བཏང་སྔོན་ལ་གནས་སྐབས་སུ་དེ་ཉིད་མུ་མཐུད་དེ་མི་སྤྱོད་ཀ་མེད་རེད། ཐང་ཡིག་གསར་བས་མྱ་ནག་ཚོ་བ་བདུན་དུ་དབྱེ་ཞེས་བརྗོད་ཅིང་ཚོ་བ་དང་པོའི་མིང་ལ་ཨ་ཡུས་ལའོ་ཟེར་ཞིང་ཆིས་ཀྲིག་དང་ཅིན་ཀྲིག་ཏུ་སྡོད། ཚོ་བ་བདུན་པའི་མིང་ལ་ཝུ་ཏིན་ཟེར། ཝུ་ཏིན་ལ་ས་ལེ་དབར་སྟོང་གི་གནས་མཆིས་ཤིང་ཡུལ་གྱི་མི་ནི་ཁྱུང་པུའུ་རུས་དྲུག་ཡིན་ལ་དེ་དག་ལས་རུས་དྲུག་ནི་མྱ་ནག་པོ་དང་རུས་གཅིག་ནི་མྱ་དཀར་པོ་ཡིན། དེ་མིན་ཁྲུའུ་ལིས་རུས་ལྔའང་མཆིས་ཤིང་དེ་དག་ཚང་མ་མྱ་ནག་པོ་ཡིན་ལ་དེ་དག་ལས་གཞན་མྱ་དཀར་པོ་ཡིན་པའི་ཏུང་ཆིན་མྱ་་གྱི་རུས་གཉིས་ཡོད། མྱ་ནག་པོའི་བུད་མེད་རྣམས་ཀྱིས་གོས་ལྭ་ནག་པོ་གྱོན་ཞིང་ཐུ་བའི་སྣེ་སར་འདྲུད། མྱ་དཀར་པོའི་བུད་མེད་ཀྱིས་གོས་དཀར་པོ་གྱོན་ཞིང་ཐུ་སྣེ་པུས་མོ་ལས་མི་བརྒལ། ཝུ་ཏིན་ས་ཆར་མྱ་དཀར་ནག་གི་དབྱེ་བ་གོས་ཀྱི་མདོག་གིས་དབྱེ་ལ་ས་ཆ་གཞན་དུའང་དེ་བཞིན་དུ་མདོག་དཀར་ནག་གིས་དབྱེ་བ་འབྱེད། མྱ་ནག་པོའི་སྡོད་གནས་སུ་མྱ་དཀར་པོ་ཉུང་ངུ་ལས་མེད་ལ་མྱ་དཀར་པོའི་ས་ཆར་ཡང་མྱ་ནག་པོ་ཕྲན་བུ་ལས་མེད། སྡོད་གནས་རྣམས་ཤར་དང་ནུབ་དུ་དབྱེ་ལ་དེ་ནི་སྤྱིའི་རྣམ་པ་འབའ་ཞིག་གོ།

མྱ་དཀར་ནག་གཉིས་ལ་དཔལ་འབྱོར་དང་རིག་གཞུང་གི་ཁྱད་པར་ཡང་མཆིས་ཏེ། མྱ་ནག་པོར་སྒོ་ཟོག་མོད་པ་ལས་རས་གོས་དཀོན་ཞིང་སྐྱེས་པ་ཕོ་མོ་རྣམས་ཀྱིས་སྒོ་ཟོག་གི་ཀོ་བས་སློག་པ་བཟོ་ལ་དེ་རྣམས་མགོ་བོ་བསྒུར་ཏེ་གུས་པའི་སྲོལ་མི་འདུག། སྐད་རིག་ལ་ལ་ལོ་ཙཱ་ལན་བཞི་ཙམ་བྱས་རྗེས་ད་གཟོད་རྒྱ་སྐད་དང་བརྡ་འཕྲོད། མྱ་ནག་པོས་ཕྱུགས་ལས་གཙོ་བོར་བྱེད་པ་ལས་ཞིང་རྨོ་མི་ཤེས་པས་རྒྱ་རིགས་དང་འབྲེལ་འདྲིས་བྱེད་དཀའ་བའི་རྗེས་ལུས་ཀྱི་མི་རིགས་ཤིག་རེད། མྱ་དཀར་བོའི་རུས་ཆེན་ནི་ཚོན་ཚང་ཡིན་ལ་ཧྲུའུ་ཧན་ནས་བཟུང་རྒྱལ་རབས་རྣམས་ཀྱི་སྐབས་སུ་མི་ཞིག་ས་གནས་དཔོན་ཆེན་བྱེད། མྱ་དཀར་བོའི་ཡི་གེ་དེ་རྒྱ་མི་རིགས་དང་འདྲ་བས་སྐད་རིགས་གཉིས་ཉེ་བར་མཚུངས་ལ་ཁོ་ཚོས་ཞིང་རྨོ་ཞིང་དར་འབུ་གསོ། དེ་རྣམས་ཀྲོན་ཅའོ་ཡིས་སྣ་ཁྲིད་པའི་ཁྲུའུ་ཡི་དམག་མི་གདོད་མའི་མི་རིགས་དང་ལྷན་དུ་འདྲེས་པ་ལས་བྱུང་པའི་མི་རིགས་གསར་བ་ཞིག་ཡིན་པར་ངེས། མྱ་དཀར་བོའི་ཚོ་དཔོན་ལ་ལས་རང་ཉིད་ཀྱི་མེས་པོ་ཐོག་མ་ཨན་ཡུས་(ཧྲན་ཞིས་ཨན་ཡུས་རྫོང་)་ནས་ཡིན་ཞིང་། ཞིས་ཅིན་གྱི་སྐབས་སུ་ནན་ཉིན་་དུ་འོངས་པར་བརྗོད། མྱ་དཀར་པོའི་ཁྲོད་དུ་འཇང་དུ་གྱུར་ཟིན་པའི་རྒྱ་རིགས་མི་ཉུང་བ་ཞིག་ཡོད་ལ་དེ་ནི་དོན་དངོས་ཡིན་པ་སྨོས་མེད་རེད། ཧན་ཝུའུ་ཏེ་ཡིས་ཀྲའོ་ཚང་གི་ཏན་རྒྱལ་ཕྲན་རྩ་ནས་བརླག་ཏེ་པེ་ཡ་ཚོ་དཔོན་རིན་གོ་ཏན་མངའ་བདག་ཏུ་བསྐོས་ཤིང་ཀྲའོ་ཡི་མི་རྒྱུད་ཏན་ཁྲིས་ནུབ་རྒྱུད་ཏུ་ཕྱིར་འཐེན་བྱས། ཐང་ཡིག་གསར་བས་ཀྲོན་ཚང་གི་ཚོ་བར་འབྲས་དང་། གྲོ། ཁྲེ་རྒོད། སྲན་མ། དར། རས། ཙོང་། སྒོག་པ། ཁམ་བུ། ཆུང་བ་ལི་སོགས་མཆིས་པར་བརྗོད་ཅིང་ཟླ་བ་བཅུ་གཉིས་པ་ལོ་ཡི་མགོ་མར་རྩིས། ཀྲོན་ཚང་སྔོན་ཆད་མྱ་དཀར་པོ་དང་ལྷན་དུ་ཏན་ཁྲིས་ཉེ་འཁོར་དུ་སྡོད་ཅིང་མྱ་དཀར་པོས་ཀྱང་ཞིང་ལས་གཉེར་བ་བསྙོན་མེད་རེད། མྱ་དཀར་ཀྱི་དཔལ་འབྱོར་དང་རིག་གཞུང་རྣམས་མྱ་ནག་ལས་ཚད་མཐོ་ཞིང་མོ་ལུང་རྨོངས་དད་ལ་དགའ་བའི་ལུགས་སྲོལ་དེ་གཉིས་ཀ་གཅིག་མཐུན་ཡིན་པས་མཆོད་པ་བྱེད་མཁན་གྱི་མིང་ལ་ལྷ་པ་ཟེར་ཞིང་། དུད་ཁྱིམ་རེ་ནས་ནོར་གཅིག་གམ་ལུག་གཅིག་ཕུལ་ཏེ་ལྷ་བའི་ཁྱིམ་དུ་དམར་མཆོད་བྱེད། ཚོ་ཆེན་རྣམས་ལ་ལྷ་པ་ཆེན་པོ་ཡོད་ལ་དུད་ཁྱིམ་བརྒྱ་ཕྲག་རེར་ལྷ་པ་གཅིག་རེ་ཡོད་པས་མྱ་ནག་ཚོ་བདུན་ལ་ལྷ་པ་ཆེན་པོ་བདུན་ཡོད། ཚོན་ཚང་གིས་མྱ་ནག་ཚོ་བ་གཅིག་གྱུར་བྱས་ཏེ་ཚོན་གྱི་ལྷ་བ་ཆེན་པོ་གཉིས་བཙུགས་ཤིང་། ཀྲོན་ཚང་གིས་ལྷ་པ་མ་བསྐོས་པར་རང་ཁྱིམ་དུ་མཆོད་པ་བྱེད་ཅིང་ཤ་ཉེ་རིང་ཚོས་ནོར་ཕྱུགས་དང་ཆང་ཁྱེར་ཏེ་མཆོད་རོགས་བྱེད་པས་ཡུལ་སྲོལ་གོམ་གཤིས་རྒྱ་རིགས་དང་ལྷག་ཏུ་འདྲ།

ཐང་ཞོན་ཙུང་གི་དུས་སྐབས་སུ་ཚོན་ཀོས་ཝང་ནི་ནན་ཉིན་ཁུལ་ལྟ་ཞིབ་དཔོན་ཡིན་ལ་རྡོ་མཁར་དུ་གནས་སྡོད་བྱེད། ཚོན་ཀོས་ཝང་གིས་མྱ་ནག་གི་ཚོ་དཔོན་རྨུ་ཕིན་དང་རྨུ་ཆིས་བསད་ཅིང་། མྱ་དཀར་ཚོ་དཔོན་གྱིས་མྱ་ནག་གཅིག་སྒྲིལ་བྱས་ཏེ་རང་ཉིད་ཚོ་ཆེན་གཉིས་ཀྱི་ཚོ་དཔོན་དུ་མངའ་གསོལ་པས་འཇང་ཤར་ནུབ་ཀྱི་མིང་ཚིག་འདི་ཕལ་ཆེར་སྐབས་འདི་ནས་མགོ་ཚུགས་པར་སྙམ། ཕྱིས་སུ་ནན་ཉིན་ཁུལ་གྱི་ལྷ་པ་ཆེན་མོ་ཚོན་ཁྲུང་ཏའོ་(ཐང་ཡིག་གསར་བས་ཚོན་གཉིས་ཀྱི་ལྷ་བ་ཆེན་མོ་ཟེར)་ཡིས་ཚོན་ཀོས་ཝང་བཀྲོངས་ཤིང་མྱ་དཀར་ལ་ནང་འཁྲུག་བྱུང་བས་འཇང་གིས་དམག་སྣ་དྲངས་ཏེ་ཚོན་ཁྲུང་ཏའོ་སོགས་བསད་ཅིང་མྱ་དཀར་ཚོ་བ་གཅིག་གྱུར་བྱས།

གོང་ནས་བརྗོད་པ་ནི་འཇང་གི་སྟོབས་ཤུགས་ཤར་ཕྱོགས་སུ་རྒྱ་མ་བསྐྱེད་སྔོན་དུ་ཏན་ཁྲུས་ས་ཁུལ་ལྟེ་བ་བྱས་པའི་སྡོད་མི་གཙོ་བོ་ནི་མྱ་དཀར་དང་དེའི་ཤར་ཁུལ་གྱི་མྱ་ནག་རེད།

ཨར་ཧེ་མཚོ་མོའི་མཐའ་འཁོར་ནི། ལྟེ་གནས་ས་ཁུལ་གཞན་ཞིག་ཡིན། གནས་འདིར་གཙང་མྱ་ཟེར་བའི་ཞིང་ལས་ཚོ་བ་རྣམས་སྡོད། སྤྱི་ལོ་༦༤༨་ལོར་ཐང་ཐའེ་ཙུང་གིས་དམག་སྤྱི་ཆེན་མོ་ལིང་ཅན་ཧྥང་ལ་ཧྲུའུ་དམག་ཁྲིད་དེ། ཟུང་ཆུའི་ཕྱི་རོལ་གྱི་མྱ་ཚོ་བ་རྣམས་ལ་རྒོལ་ཏུ་བཅུག་པས་མྱ་ཚོ་བ་བཅུ་བདུན་དང་བསྡོམས་པས་དུད་ཁྱིམ་ཁྲི་བཅུ་ལྷག་གིས་སྔ་ཕྱིར་མགོ་བཏགས། ལིང་ཅན་ཧྥང་གིས་ཚོ་དཔོན་དམུ་ཧག་སོགས་རྫོང་དཔོན་དུ་བསྐོས་ཏེ་ཚོ་བ་སོ་སོར་དབང་བྱེད་དུ་བཅུག། དམུ་ནི་མྱ་ནག་གི་རུས་ཤིག་ཡིན་ལ་མྱ་རིགས་འདི་དག་ནི་རྨུ་མ་ཡིན་པའི་མྱ་ནག་ཡིན་སྲིད། ལིང་ཅན་ཧྥང་གིས་སོས་ཀྲིག་ནས་བར་ལམ་བརྒྱུད་དེ་ཧྲག་དམག་གློ་བུར་ཏུ་ཨར་ཧེ་མཚོ་མོར་འབྱོར། ཚོ་དཔོན་ཡང་ཧྲིན་འཇིགས་དངངས་ཆེན་པོས་ཚོ་བ་སོ་སོའི་ཚོ་དཔོན་བཅུ་དང་ལྷན་དུ་དམག་སྒར་གྱི་མདུན་དུ་བསླེབས་ཏེ་མགོ་བཏགས་པས་ཐང་ཐའེ་ཙུང་གིས་ཚོ་དཔོན་རྣམས་གོ་གནས་གནངས། ལོ་རྒྱུས་སྲིད་སྐྱོང་མེ་ལོང་དུ་ཨར་ཧེ་མཚོ་མོའི་ས་ཁུལ་དུ་ཡང་དང་། ལིས། ཀྲའོ། ལྡོང་སོགས་རུས་ཆེན་བཅུ་གྲངས་ཙམ་མཆིས་ལ་རུས་རེས་ཁུལ་རེ་འཛིན། ཁུལ་ཆེན་རེར་དུད་ཁྱིམ་དྲུག་བརྒྱ་དང་ཁུལ་ཆུང་རེར་དུད་ཁྱིམ་རེར་ཉིས་བརྒྱ་འམ་སུམ་བརྒྱ་རེ་མཆིས་པས་ཕན་ཚུན་ལ་དབང་བསྒྱུར་བའི་གཅིག་གྱུར་གྱི་ཚོ་དཔོན་ཆེན་མོ་མེད། ཟླ་བཅུ་གཉིས་པ་ལོ་མགོར་ངོས་འཛིན་བྱེད་པ་ཁོ་ན་རྒྱའི་ནང་ལོགས་ཁུལ་དང་ཐ་དད་པ་ལས། སྐད་རིགས་དང་། འཚོ་ཐབས། ཡུལ་སྲོལ་གོམས་གཤིས་ཕལ་ཆེར་རྒྱ་ནག་དང་འདྲ་པས་རང་ཉིད་སྔར་རྒྱ་རིགས་ཡིན་ཞེས་སྨྲ། ལོ་རྒྱུས་སྲིད་སྐྱོང་མེ་ལོང་དུ་བཀོད་པའི་གཏམ་འདི་དང་ཐང་ཡིག་གསར་བར་བརྗོད་པའི་སུང་ཝེ་མྱ་གཉིས་ནི་འདྲ་མཚུངས་རེད། ཐང་ཡིག་གསར་བས་སུང་ཝེ་མྱ་ལ་གྲོང་ཁྱེར་དང་ཡི་གེ་མཆིས་ལ་དཀར་ནག་གི་རྩིས་ལ་ཤིན་ཏུ་མཁས་ཟེར།ཡང་གཅིག་བཤད་ན་ཏན་ཁྲུས་ཀྱི་ནུབ་རྒྱུད་ཡོངས་སུ་རྫོགས་པ་ཀྲོན་ཅའོ་ཡི་མི་རྒྱུད་ཡིན་པས་ཟླ་བ་བཅུ་གཉིས་པ་དེ་ལོ་ཡི་མགོ་མར་རྩིས།སུང་ཝེ་མྱ་དང་གཙང་མྱ་གཉིས་བར་གྱི་སྡོད་གནས་ཤིན་ཏུ་རིང་ལ་སུང་ཝེ་མྱ་ཡི་རུས་ནི་དམུ་ཚང་ཡིན། ཐང་ཡིག་གསར་བས་ཀྲོན་དང་། ཡང་། ལིས། ལྡོང་བཅས་སུང་ཝེ་མིན་གྱི་སྐུ་དྲག་དུ་བརྗོད་ཅིང་དེ་ནི་གཙང་མྱ་ཡང་སུང་ཝེ་མྱ་དུ་འཁྲུལ་བ་མངོན་གསལ་རེད། ཐང་ཡིག་གསར་བར་སུང་ཝེ་མྱ་རྣམས་ཀྱིས་རང་ཉིད་ཀྱི་མེས་པོ་སྔ་མ་རྣམས་རྒྱ་མི་ཡིན་པའི་གཏམ་དེ་བཀོད་མེད། ལོ་རྒྱུས་སྲིད་སྐྱོང་མེ་ལོང་དུ་གཙང་མྱ་དང་ཀྲོན་ཚང་གི་བུ་རབས་ཚ་རྒྱུད་རྣམས་མཉམ་གཅིག་ཏུ་འདྲེས་པས་རིག་གཞུང་གི་གནས་ཚུལ་ལྟར་ན་ལོ་རྒྱུས་སྲིད་སྐྱོང་མེ་ལོང་ཅུང་བདེན་པར་འཁུམས།

གཙང་མྱ་ནི་འཇང་ནུབ་མའི་ཕྱི་རོལ་གྱི་མྱ་དཀར་ཚོ་བ་ཡིན། གཙང་མྱའི་རུས་གཅིག་ཀྱང་དུད་ཁྱིམ་ལྔ་བརྒྱ་འམ་དྲུག་བརྒྱ་ལས་མི་བརྒལ་ལ་རུས་རྒྱུད་སོ་སོ་ཁ་འཐོར་ཞིང་གཅིག་གྱུར་མེད་པས་འགོག་རྒོལ་གྱི་སྟོབས་མེད་པ་གོར་མ་ཆག། སྤྱི་ལོ་༦༧༨་(ཐང་ཀོ་ཙུང་ཡུས་ཧྥུན་ཁྲི་ལོ་གསུམ་པ)་ནས་༧༠༤་(ཝུའུ་ཙིག་ཐན་ཁྲང་ཨན་ཁྲི་ལོ་བཞི་བ)་བར་བོད་ཀྱིས་བསྟུད་མེར་ཨར་ཧེ་མཚོ་མོའི་ནུབ་རྒྱུད་ཀྱི་འཇང་ཚོ་བ་རྣམས་དབང་དུ་བསྡུས། བོད་ཀྱི་ལོ་རྒྱུས་ཡིག་ཚང་དུ་མྱ་དཀར་པོར་དཔྱའ་ཕབ། མྱ་ནག་པོ་འབངས་སུ་བཀུགས་ཞེས་བཀོད། མྱ་དཀར་པོས་ཞིང་ལས་ཐོན་སྐྱེད་བྱེད་ཅིང་མྱ་ནག་པོ་ཨར་ཧེ་མཚོ་མོའི་བྱང་རྒྱུད་ཀྱི་རི་ལུང་དུ་སྡོད་ཅིང་ཐོན་སྐྱེད་རྗེས་ལུས་ཡིན། དེའི་ཕྱིར་མྱ་དཀར་གྱིས་དཔྱ་འཇལ་ཞིང་མྱ་ནག་པོས་དམག་ཁྲལ་མཇལ་ཏེ་བོད་ལ་གློ་བ་ཉེ་བར་སྟོན། ཐང་ཞོན་ཙུང་ཁེ་ཡོན་ཁྲི་ལོའི་སྐབས་སུ་གཙང་མྱའི་ཚོ་དཔོན་སླར་ཡར་ཐང་གི་ཕོ་བྲང་དུ་མཇལ་ཁར་བསླེབས་། སྐབས་དེར་འཇང་རྒྱལ་ཁབ་དར་ཞིང་རྒྱས་ཏེ་ཨར་ཧེ་མཚོ་མོའི་ནུབ་རྒྱུད་ས་ཁུལ་དུ་འཕོ་འགྱུར་ཆེན་མོ་ཞིག་བྱུང་མགོ་ཚུགས།

གོང་ནས་བརྗོད་པ་ནི་མྱ་རྒྱལ་ཁབ་དར་ཞིང་རྒྱས་པའི་སྔོན་ལ་ཨར་ཧེ་མཚོ་མོ་ནུབ་རྒྱུད་གཙོ་བྱས་པའི་སྡོད་དམངས་ནི་མྱ་དཀར་པོ་དང་བྱང་རྒྱུད་གྱི་མྱ་ནག་པོ་རེད།

གཙང་མྱ་ནི་གཉོམ་ཆུང་ནུས་མེད་ཞིག་ཡིན་པས་ཚོ་བ་ལ་ལས་མྱ་ནག་པོ་ཚོ་དཔོན་དུ་བཀུར་པས་སྔ་ཕྱིར་འཇང་རྒྱལ་ཁག་དྲུག་གྲུབ། ཀྲའོ་ཞེས་པ་རྒྱལ་པོའི་དོན་དང་། ཡང་ལ་ལས་སྔར་ལྷོ་འཇང་ཚོ་དྲུག་ལ་གཅིག་གྱུར་གྱི་མངའ་བདག་མེད་ཅིང་ཐང་གིས་སྐྱེས་འབུལ་ཐེངས་རེར་ཚོ་བ་རེར་རྒྱལ་པོའི་ཆོ་ལོ་གནངས་བས་འཇང་རྒྱལ་ཁག་དྲུག་ཟེར་ཞེས་ཐང་གི་ཡིག་ཚང་དུ་བཀོད། བཤད་རྒྱུན་འདི་གཉིས་ལས་སྔ་མ་ཡིས་ཀྲའོ་ཅེས་པའི་དོན་ནི་ཚོ་དཔོན་ནམ་ཚོ་དཔོན་ཆེན་མོའི་དོན་ཡིན་ལ་རྒྱལ་ཁག་དྲུག་གི་མིང་དང་ས་གནས་ནི་གཤམ་གསལ་ལྟར་རོ།

༡       དམུ་ཞུས་འཇང་(蒙嶲诏)—སྡོད་གནས་ནི་ཝེ་ཧྲན་རྫོང་གི་བྱང་ཕྱོགས་ནས་ཡང་པེ་རྫོང་ངམ་ཡང་ན་ཡང་པེ་རྒྱལ་ཁག།

༢       ཡར་ཞིས་འཇང་(越析诏)འདི་ལ་མུ་ཤས་འཇང་(么些)ཟེར་(མུ་ཤས་ཚོ་བ)—སྡོད་གནས་ནི་ཧྥུན་ཡུས་རྫོང་ནས་པིན་ཁྲོན་རྫོང་བར་ཡིན།

༣       ལིང་ཆུང་འཇང་(浪穹诏)—སྡོད་གནས་ནི་ཨར་ཡོན་རྫོང་།

༤       ཏིན་ཏན་འཇང་(登炎)—སྡོད་གནས་ནི་ཏིན་ཁྲོན་རྫོང་།

༥      ཧྲིས་ལང་འཇང་(施浪)—སྡོད་གནས་ནི་ལིང་ཆུང་རྫོང་ཤར་བྱང་གི་མི་ཡུས་ཧག་གྲོང་ཡིན་ལ་ལིང་ཆུང་དང་།ཏུན་ཡན།ཧྲིས་ལང་བཅས་ཀྱི་སྤྱི་མིང་ལ་ལིང་གསུམ་ཟེར།

༦      དམུ་ཧྲིག་འཇང་(蒙舍诏)—སྡོད་གནས་ནི་ཝེ་ཧྲན་རྫོང་ཡིན་ལ་འཇང་རྒྱལ་ཁག་དྲུག་ལས་དམུ་ཧྲིག་ཀྲའོ་ལྷོ་ཕྱོགས་སུ་གནས་པས་ལྷོ་འཇང་ཡང་ཟེར།

འཇང་རྒྱལ་ཁག་དྲུག་གི་སྟོབས་ཤུགས་ཕལ་ཆེར་གཅིག་མཚུངས་ཡིན་པས་ཕན་ཚུན་ལ་དབང་མི་བྱེད། དེ་དག་ལས་དམུ་ཡུས་དང་ཡོས་ཞིས་རྒྱལ་ཁག་གཉིས་ནི་ས་རྒྱ་ཆེ་ལ་དམག་ཤུགས་ཆེས་ཆེ་བས་དམུ་ཧྲིག་འཇང་དེ་གོང་གསལ་གྱི་རྒྱལ་ཁག་གཉིས་དང་བསྡུར་ཚེ་ཅུང་ཉམ་ཆུང་རེད།

འཇང་གི་རྒྱལ་པོའི་རུས་ནི་དམུ་དང་མེས་པོའི་མཚན་ནི་སྲིད་ལུང་ཡིན། དགྲར་གཡོལ་ཕྱིར་ཨར་ལོད་ནས་དམུ་ཧྲིག་ཁྲོན་ཏུ་གཞིས་སྤར་ཅིང་སྲིད་ལུང་ལ་སྲས་ལུང་ཏུའུ་ལོ་མིང་གཞན་ལ་ཞིས་ནོ་ལོ་འཁྲུངས། ཐང་ཐེ་ཙུང་གི་སྐབས་སུ་དམུ་ཧྲིག་ཚོ་དཔོན་ཀྲང་ནི་མྱ་དཀར་པོའི་རུས་ཆེན་ཞིག་ཡིན)་ལུག་ཅིན་ཆིག་གིས་གོ་གནས་ཞིས་ནོ་ལོར་སྤྲད། སྤྱི་ལོ་༦༥༣་ལོར་ཞིས་ནོ་ལོ་ཡིས་རང་གི་སྲས་ལོ་ཧྲིན་ཡན་ཐང་གི་ཕོ་བྲང་དུ་མངགས་ཤིང་ཐང་ཀོ་ཙུང་གིས་ཞིས་ནོ་ལོ་ཝེ་ཀྲིག་ལྟ་ཞིབ་དཔོན་བྱེད་དུ་བཅུག། སྤྱི་ལོ་༦༥༤་ལོར་དམུ་ཞུས་འཇང་གི་དམུ་ཅན་དང་། ཧག་ཧྲིག་སོགས་ཀྱིས་ངོ་ལོག་པས་ཐང་གིས་ལིས་ཡུས་ཡོལ་ཀྲིག་ལམ་གྱི་སྤྱིའི་ལྟ་སྐུལ་བར་བསྐོས་ཏེ་དམུ་ཅན་སོགས་ལ་དམག་འཐབ། ཀྲང་ལུག་ཆིག་ཅིན་གྱིས་གོ་གནས་སྤྲད་པ་དང་ཞིས་ནོ་ལོ་ཡིས་རང་གི་སྲས་མངགས་ཏེ་ཐང་གི་ཕོ་བྲང་དུ་མཇལ་ཁར་བཅར། ཐང་ལ་རོགས་རྟེན་བཅོལ་བ་དེ་རྣམས་ཕལ་ཆེར་དམུ་ཞུས་འཇང་གི་བཙན་འཛུལ་དང་འབྲེལ་བ་མཆིས། ཐང་ཀོ་ཙུང་ཞན་ཞང་ཁྲི་ལོའི་སྐབས་སུ་ཐང་གིས་འཇང་ནུབ་མའི་ཚོ་དཔོན་ཝང་རིན་ཆིག་སྤྱི་དཔོན་བྱས་ཏེ་ངོ་ལོག་ཞི་འཇགས་སུ་བཏང་ལ་ཝང་རིན་ཆིག་གི་བང་སོའི་རྡོ་རིང་ངོས་སུ་OOཡང་ཀྭ་ལྟ་ཞིབ་དཔོན་དམུ་ཅན་OOཞན་ཞང་ཁྲི་ལོའི་སྐབས། དམུ་ཅན་གྱིས་བདེ་གཟེར་ཆེན་པོ་བསླངས། ཐང་དམག་ལ་ཕམ་ཉེས་བྱུང་། དགྲའི་གཏེ་བོ་ཆམ་ལ་ཕབ་མ་ནུས་ཞེས་བཀོད། དམུ་ཅན་གྱིས་ཡུན་རིང་ལ་བཙན་འཛུལ་བྱས་ཤིང་གཡུལ་ལས་ཕམ་རྗེས་ད་གཟོད་བྱང་རྒྱུད་ཀྱི་ཡང་པེ་རུ་གཞི་སྤར་ཏེ། ཐང་ལ་མགོ་བཏགས་ཤིང་ཡང་ཀྭ་ཁུལ་གྱི་ཡུལ་རྣམས་བདག་བཟུང་བྱས་པ་རྟོགས་ཐུབ།

འཇང་རྒྱལ་ཁག་ལྔ་དང་གཙང་མྱ་ཚོ་བར་བོད་ཀྱི་འཇིགས་སྐུལ་ཐེབས་པས་ཐང་ལ་བློ་ལོག་ཏེ་བོད་དུ་མགོ་བསྒུར། ལྷོ་འཇང་སྔ་ཕྱི་ཀུན་ཏུ་ཐང་ལ་བརྟེན་པས་ཐང་གི་རོགས་འདེགས་ཐོབ། སྤྱི་ལོ་༧༡༣་ལོར་ཐང་ཞོན་ཙུང་གིས་ལྷོ་འཇང་གི་ཕིས་ལོ་ཀུག་ལ་ཐའེ་ཏུན་ཝང་གི་གོ་མིང་བསྩལ། ཕྱི་ལོར་ཕིས་ལོ་ཀུག་གིས་མདུན་ན་འདོད་ཀྲང་ཅན་ཁྲིན་ཐང་གི་ཕོ་བྲང་དུ་མཇལ་ཁར་མངགས། སྤྱི་ལོ་༧༣༧་ལོར་ཕིས་ལོ་ཀུག་གཙང་མྱ་ལས་གཡུལ་རྒྱལ་ཏེ་ཐེ་ཧག་གྲོང་(ཏ་ལི་རྫོང་)་ཕབ། ཕྱི་ལོར་ཐང་ཞོན་ཙུང་གིས་ཕིས་ལོ་ཀུག་ལ་དམུ་ཀོས་ཡུས་ཞེས་པའི་མཚན་བསྩལ་ཅིང་ཡུན་ནན་རྒྱལ་པོར་མངའ་གསོལ། དཔོན་གནས་བསྩོལ་བའི་རྒྱལ་པོ་ལུགས་ཀྱི་དེབ་ཐེར་ལས་དཔོན་གནས་བསྩོལ་བའི་རྒྱུ་རྐྱེན་ནི། ཨར་ཧེ་མཚོ་མོའི་ཚོ་བ་རྣམས་ཤུགས་སུ་བོད་དང་འབྲེལ་བ་དམུ་ཀོས་ཡུས་ཀྱིས་དམག་དྲངས་ཏེ་ཆམ་ལ་ཕབ་པའི་མཛད་རྗེས་ཆེ་བ་དེ་ཡིན། སྤྱི་ལོ་༧༣༨་ལོར་ཕིས་ལོ་ཀུག་གིས་རྒྱལ་ཁའི་སྐབས་དང་བསྟུན་ཏེ་འཇང་རྒྱལ་ཁག་ལྔ་གཅིག་སྒྲིལ་བྱས། ཀྲང་ཅན་ཁྲིན་གྱིས་ཅན་ནན་ལྟ་ཞིབ་དཔོན་ཝང་ཡུས་ལ་ལྐོག་རྔན་གྱ་ནོམ་པ་ཞིག་སྤྲད་དེ། འཇང་ཚོ་བ་དྲུག་གཅིག་གྱུར་བགྱི་བར་རེ་འདུན་ཞུ་བའི་དགོངས་འཆར་བཏོན། ཝང་ལིས་ཀྱིས་དེ་དག་གི་ཚབ་ཏུ་གཞུང་ལ་ཞུ་བ་ཕུལ་བས་ཐང་ཞོན་ཙུང་གིས་ཆོག་ཆན་གནངས། ཐང་ཞོན་ཙུང་གིས་ཝང་ཡུས་ལ་བསྩལ་བའི་བཀའ་ཡིག་གི་ནང་དུ་དམུ་ཀོས་ཡུས་གཞུང་ལ་བློ་དཀར་ཞིང་མཛད་རྗེས་ཆེ་ལ་འཇང་ནུབ་མ་(སྐབས་དེར་འཇང་རྒྱལ་ཁག་ལྔ་ལ་གོ་ཞིང་དེ་ནི་ཐང་བོད་གཉིས་ཀར་མགོ་བཏགས་པའི་མགོ་གཉིས་མའི་རྣམ་པ་ལྡོག་པར་བྱས)ཆམ་ལ་ཕབ། སྐབས་དེར་ཐང་བོད་གཉིས་ཀྱིས་ཨན་རོང་མཁར་འཕྲོག་རེས་བྱེད་བཞིན་པའི་སྒང་དང་གཡུལ་འཁྲུག་ཤིན་ཏུ་ཛ་དྲག་ཆེ། ཕིས་ལོ་ཀུག་གིས་འཇང་རྒྱལ་ཁག་ལྔ་ལ་ཕར་རྒོལ་བྱས་པ་དེར་བོད་བཀག་སྐྱིལ་གྱི་བྱེད་ནུས་མཆིས་ཤིང་སྲིད་གཞུང་གི་བཀའ་འབྱོར་བ་ནི་ཝང་ཡུས་ནོར་གྱིས་བསླུས་ཏེ་ཞུ་སྐུལ་བྱས་པའི་རྐྱེན་མིན། ཕིས་ལོ་ཀུག་གིས་དམག་དྲངས་ཤིང་ཐང་གིས་ཉུག་རུམ་དཔོན་ཝང་ཁྲིན་ཞིན་དང་དཔོན་ཡན་ཀྲིན་ཧེ་གཉིས་མངགས་ཏེ་གཡུལ་འཐབ་ཏུ་ཞུགས་པས། ཐོག་མར་ཡེ་ཞིས་དང་ལིང་གསུམ།དེ་ནས་སླར་ཡང་དམུ་ཞུས་བཅས་ཚར་གཅོད་བྱས་ཤིང་འཇང་ཚོ་བ་དྲུག་མགྱོགས་མྱུར་ངང་གཅིག་གྱུར་བྱས་ཏེ་ཨར་ཧེ་ནུབ་མཚོ་ཁུལ་ལྟེ་བ་བྱས་པའི་འཇང་རྒྱལ་ཁབ་གསར་ཏུ་དབུ་བརྙེས། སྤྱི་ལོ་༧༣༩་ལོར་ཕིས་ལོ་ཀུག་ཐེ་ཧིག་གྲོང་དུ་གནས་སྤར།

གཉིས། གཅིག་གྱུར་བྱས་རྗེས་ཀྱི་འཇང་།

ཐང་གིས་རོགས་འདེགས་བྱས་ཏེ་འཇང་ཡུལ་གཅིག་གྱུར་བྱས་ཤིང་ཐོག་མའི་དམིགས་ཡུལ་ནི་འཇང་གིས་དེ་བས་ཀྱང་སྟོབས་ཤུགས་ཆེན་པོས་བོད་བཀག་སྐྱིལ་བྱ་འདོད་པ་དེ་རེད། ཕིས་ལོ་ཀུག་གིས་ཐང་བོད་བར་གྱི་འགལ་བ་སྤྱད་དེ་ཐང་གི་ཕྱོགས་སུ་འཁོར་ཞིང་རྒྱལ་ཁ་བླངས། རྒྱལ་ཁ་ཐོབ་རྗེས་ཐང་འཇང་གཉིས་ཀས་རང་རང་གི་དགོངས་ཚུལ་བཟུང་། འཇང་རྒྱལ་པོ་ནི་མྱ་ནག་ཡིན་ལ་འབངས་མི་སེར་ནི་དེ་ལས་མྱ་དཀར་ཡིན། ཤར་ཕྱོགས་སུ་འཇང་ནུབ་མ་གཅིག་སྒྲིལ་བྱས་ཏེ་མྱ་དཀར་རྒྱལ་ཁབ་ཆེན་མོ་འཛུགས་པ་ནི་རྒྱུ་མཚན་ལྡན་པ་ཞིག་ཡིན་མོད།ཐང་གིས་འཇང་ནུབ་མར་སྲུང་སྐྱོབ་བྱེད་དགོས། ལྷོ་འཇང་གི་སྟོབས་ཤུགས་སྤྱད་དེ་བོད་ལའང་རྒོལ་དགོས་པས། འདི་ལྟར་བྱས་ཚེ་གཞོགས་གཉིས་ཀྱིས་ད་དུང་འབྲེལ་ལམ་བཟང་པོ་རྒྱུན་འཁྱོངས་བྱེད་དགོས། ཡིན་ཡང་དོན་དངོས་སུ་ཟློག་ཐབས་བྲལ་བའི་འགལ་བ་ཞིག་འབྱུང་བཞིན་མཆིས། སྤྱི་ལོ་༧༤༥་ལོར་ཅན་ནན་ལྟ་ཞིབ་དཔོན་ཀྲང་ཁྲུག་ཅན་ཆུང་ཡུན་ནན་དུ་ཕོ་ཉ་མངགས་ཤིང་ཕིས་ལོ་ཀུག་དང་ཕན་ཚུན་སྐད་བརྡ་མ་འཕྲོད་པས་པིས་ལོ་ཀུག་ཤིན་ཏུ་མ་རངས་པར་གྱུར། སྤྱི་ལོ་༧༤༨་ལོར་པོ་ལོ་ཀུག་སྐུ་འདས་ཤིང་སྲས་ཀུག་ལོ་ཧྥུན་གྱིས་རྒྱལ་སྲིད་བཟུང་།

འཇང་འཕེལ་རྒྱས་ཀྱི་གོ་རིམ་དེ།   ཐང་ལ་ངོ་ལོག་སྟེ་བོད་ལ་འཁོར་བ། བོད་ལ་ངོ་ལོག་སྟེ་ཐང་ལ་འཁོར་བ། ཕྱི་ཕྱོགས་སུ་འཕྲོག་བཅོམ་བྱས་པ་བཅས་རིམ་པ་གསུམ་དུ་བགར་ཆོག། འདི་ལྟ་བུའི་གོ་རིམ་ནི་ཁོའི་རང་སྟེང་གི་ཉམ་ཆུང་ནུས་མེད་ཀྱི་རང་གཤིས་དེས་ཐག་གཅོད་བྱས་པ་ཞིག་རེད།

༡  འཇང་གིས་ཐང་ལ་ངོ་ལོག་སྟེ་བོད་ལ་འཁོར་བ་(༧༥༠–༧༩༣)

ཐན་པའོ་ཁྲི་ལོའི་སྐབས་ནི་ཐང་རྒྱལ་རབས་རུལ་སུངས་ཉམས་རྒུད་དུ་གྱུར་ཏེ་དུས་འཁྲུག་ཆེན་མོ་འབྱུང་ལ་ཉེ་བའི་སྐབས་ཏག་ཏག་ཡིན་པས། ནུབ་ལྷོའི་ཕྱོགས་ཀྱང་ངང་གིས་བདེ་ཐབས་བྲལ་བར་གྱུར། ཅན་ནན་ལྟ་ཞིབ་དཔོན་ཞན་ཡུས་དྲུང་ཐོང་ནི་གཤིས་ཀ་རྩུབ་ཅིང་ཐབས་ཇུས་དབེན་པའི་མི་ཞིག་ཡིན། ཁོང་གི་མངའ་གཏོགས་ཡུན་ནན་ཁུལ་དཔོན་ཀྲང་ཆན་ཐའོ་ནི་དེ་བས་ཀྱང་རང་སྣང་གང་ཤར་ཅན་ཞིག་རེད། འཇང་རྒྱལ་པོས་སྤྱི་དཔོན་བླ་བྲང་དུ་སྤྱི་དཔོན་དང་མཇལ་དུས་ཀྱི་རྒྱུན་སྲོལ་ནི་རང་གི་བཙུན་མོ་དང་ལྷན་དུ་བཅར་དགོས་པ་དེ་ཡིན། སྤྱི་ལོ་༧༥༠ལོར་ཀུག་ལོ་ཧྥུན་ལམ་བར་བརྒྱུད་དེ། ཡུན་ནན་དུ་ཕེབས་ཤིང་ཅིང་ཀྲང་ཆན་ཐའོ་ཡིས་ཐ་ན་ཁོ་དང་ལྷན་དུ་འབྱོར་བའི་བཙུན་མོར་ཡང་བརྙས་བཅོས་བྱས་ཤིང་ལྐོག་རྔན་བསླངས། ཀུག་ལོ་ཧྥུན་གྱིས་ཡ་ལན་མ་གནང་པས་ཀྲང་ཆན་ཐའོ་ཡིས་མི་མངགས་ཏེ་ཐུབ་ཚོད་བྱས་པ་མ་ཟད། ད་དུང་གཞུང་ལ་ཁོང་གི་ཉེས་པ་ཞུ་གཏུགས་བྱས། ཀྲང་ཆན་ཐའོ་ཡིས་སྨྱོ་ཧམ་ཆེན་པོས་འདི་ལྟའི་རང་སྣང་བྱེད་ཕོད་པ་དེ་ཕལ་ཆེར་འཇང་གིས་ཡུལ་ཁོངས་རྒྱ་བསྐྱེད་པའི་ཐབས་ཇུས་དེ་ཕྲན་ཙམ་རྟོགས་ཡོད་པའི་རྐྱེན་ཡིན་སྲིད། ཀུག་ལོ་ཧྥུན་ཁོང་ཁྲོ་དྲག་ཏུ་འབར་ཏེ་དམག་འཐབ་ཅིང་ཡུན་ནན་ཕབ། ཀྲང་ཆན་ཐའོ་དམར་གསོད་བྱས། ད་དུང་འཇམ་སླུ་ས་ཁུལ་བཅུ་གསུམ་ཚུར་འཕྲོག། སྤྱི་ལོ་༧༥༡ལོར་ཞན་ཡུས་དྲུང་ཐོང་གིས་དམག་སྣ་ཁྲི་བརྒྱད་ཀྱི་སྣེ་ཁྲིད་དེ་འཇང་གི་ཕྱོགས་སུ་རྒོལ་པས་ཀུག་ལོ་ཧྥུན་གྱིས་འདུམ་ཞུས། ཁོས་དེང་སྐབས་བོད་ཀྱི་དམག་དཔུང་ཆེན་པོས་ཡུལ་ཁམས་གནོན་བཞིན་འདུག་པས། གལ་ཏེ་བར་འདུམ་མ་བྱས་ཚེ། བདག་གིས་བོད་ལ་མགོ་བསྒུར་ངེས་པས་ཡུན་ནན་ཐང་ལ་མི་དབང་ངོ་ཞེས་བརྗོད། ཞན་ཡུས་དྲུང་ཐོང་གིས་དམག་དཔུང་འབོར་ཆེན་པོའི་ཁ་ལོ་བསྒྱུར་ཏེ། ཨར་ཧེ་མཚོ་མོ་བར་ཕར་རྒོལ་བྱས་པས་འཇང་གིས་ཐང་དམག་ཁྲི་དྲུག་གི་སྲོག་བཀུམས་ཏེ་ཕམ་ཉེས་བཏང་། ཀུག་ལོ་ཧྥུན་གྱིས་འཇང་གི་ས་ཁོངས་རྒྱ་བསྐྱེད་འདོད་མོད་ཐང་རྒྱལ་རབས་དང་བློན་གྱི་འབྲེལ་བ་གཅོད་འདོད་མེད་ལ་དེ་ནི་ཐང་དང་འབྲེལ་འོང་བྱས་པའི་དགེ་སྐྱོན་གཉིས་ལས་དགེ་བ་ཧ་ཅང་ཆེ་བའི་རྐྱེན་ཡིན། འཇང་མ་གཞི་ནས་དབུལ་ཞིང་ཕོངས་པས་ཅིས་ཀྱང་རྒྱལ་ཁབ་ཆེན་པོ་ཞིག་ལ་རྟེན་དགོས། ཐང་གིས་ཨུ་ཐུགས་ཐབས་ཟད་ཀྱི་གནས་སུ་དེད་ཚེ། བོད་ལ་བློ་འཁོར་རྒྱུ་ཉག་ཅིག་རེད། བོད་བཙན་པོ་འདུས་སྲོང་མང་པོ་རྗེ་ལ་རྒྱལ་ཕྲན་འདི་ཐོབ་པས་རང་བཞིན་གྱིས་ཐུགས་ཡིད་ཚིམ་ནས་ཡོད། སྤྱི་ལོ་༧༥༢ལོར་བོད་བཙན་པོས་ཀག་ལ་བང་ལ་བཙན་པོའི་གཅུང་གི་ཆོ་ལོ་བསྩལ། ཀུག་ལོ་ཧྥུན་རང་ཉིད་ཀྱིས་རྒྱལ་ཁབ་ཀྱི་མཚན་ལ་དམུ་ཆེན་མོ་ཞེས་བཏགས། སྐབས་དེ་ཤེད་དུ་ཡང་ཀོ་དྲོང་གིས་སྲིད་དབང་བཟུང་སྟེ་ཐང་སྲིད་གཞུང་རྨོངས་གཉིད་ཀྱི་གཏིང་དུ་ཡུར། དུས་འཁྲུག་མིག་མདུན་དུ་ལྷགས་པ་མ་ཚོར་བར་ད་དུང་འཇང་གི་ཡུལ་ཏུ་དམག་དྲངས་བས་སྔ་ཕྱི་ཐང་དམག་ཁྲི་ཉི་ཤུ་ཙམ་གྱི་སྲོག་བཀུམས། ཡུན་ནན་ཕྱོགས་ཀྱི་ཆིས་དང་ཅིན་ས་ཁུལ་འདི་གཉིས་འོག་གི་འཇང་ཤར་མའི་སྡོད་གནས་རྣམས་ཀྱང་ཐང་དམག་གིས་ཡོངས་སུ་གཏོར། ཕྱོགས་གཉིས་ཀྱིས་གྱོང་ཀུན་ཤིན་ཏུ་ཚབས་ཆེན་མྱང་བས་གཡུལ་འཁྲུག་གིས་མྱ་དཀར་ནག་གཉིས་གཞི་རྒྱ་ཆེ་བའི་གནས་སྤོར་བྱེད་དུ་བཅུག། ཤུལ་དུ་ད་དུང་ཐང་ལ་བློ་དཀར་བའི་མྱ་ནག་ཚོ་ཁག་འགའ་ཁོ་ན་ལྷག།

ཕིས་ལོ་ཀུག་གིས་རྒྱལ་སྲིད་འཛིན་དུས།འཇང་ཤར་ནུབ་གཉིས་ཀྱི་ལྷ་པ་ཆེན་པོ་ཚོན་ཁྲུང་ཏའོ་ཡིས་ནན་ཉིན་སྤྱི་ཁྱབ་དཔོན་ཚོན་ཀོས་ཝང་བཀྲོངས། ཚོན་ཀོས་ཝང་གི་བཙུན་མོ་ནི་ཨ་ཁྲ་ནི་མྱ་ནག་ཚོ་དཔོན་གྱི་སྲས་མོ་ཡིན་ལ་ཨ་ཁྲ་ཕྱིར་རང་ཁྱིམ་དུ་ལོག་ཅིང་ཡབ་ལ་དམག་སྣ་དྲངས་ཏེ་ཤ་འཁོན་རྩོད་དུ་བཅུག། ཐང་ཞོན་ཙུང་གིས་ཚོན་ཀོས་ཝང་གི་སྲས་ཚོན་ཧྲིག་ཨོ་ནན་ཉིད་ཁུལ་སྤྱི་ཁྱབ་དཔོན་དུ་བསྐོས། ཕིས་ལོ་ཀུག་གིས་སྲས་མོ་གཅིག་ཚོན་ཧྲིག་ཨོ་ལ་བཙུན་མོར་བརྫངས་ཤིང་གཞན་ཞིག་སླར་ཡང་ཚོན་ཁྲུང་ཏའོ་ཡི་སྲས་ཚོན་ཕུ་ཁྲའོ་ཡི་བཙུན་མོར་བརྫངས། ཕན་ཚུན་འདུམ་པ་མཚོན་ཡང་དོན་དངོས་སུ་ཕྱོགས་གཉིས་ཀྱིས་སྔར་བཞིན་ཕན་ཚུན་ལ་རྒོལ་ཅིང་གཡུལ་འཐབ། འཇང་ནུབ་མའི་ནང་འཁྲུག་དང་ཕིས་ལོ་ཀུག་གི་ཐབས་ཇུས་དེ་འཇང་ནུབ་མ་དང་འབྲེལ་བ་མངོན་གསལ་རེད།   ཨ་ཁྲས་ ཕིས་ལོ་ཀུག་ཕན་ཚུན་གྱི་གྲོགས་སུ་སྦྲན་པ་དང་ཕིས་ལོ་ཀུག་གྱིས་དམག་སྣ་དྲངས་ཏེ་ཚོན་ཕུ་ཁྲའོ་བཀུམས། དེ་ནས་སླར་ཡར་ཚོན་ཁྲུང་ཏའོ་བསད། ཀུག་ལོ་ཧྥུན་གྱིས་ཐང་ལ་ངོ་ལོག་རྗེས་ཚོན་ཧྲིག་ཨོ་མར་ཕབ་ཏེ་འཇང་ནུབ་མའི་ས་ཁོངས་ཡོད་ཚད་འཇང་གིས་བཟུང།

ཕིས་ལོ་ཀུག་གིས་དམག་སྤྱི་ཆེན་མོ་ཡང་མོ་ལིས་ལ་དམག་སྣ་འདྲེན་བཞིན་འཇང་ནུབ་མ་ཐེ་ཧག་གྲོང་ལྷོ་ནུབ་ཀྱི་ཡུང་ཁྲང་གྲོང་(པའོ་ཧྲན་རྫོང)་དུ་བཙན་གྱིས་གནས་སྤོར་བྱེད་དུ་བཅུག་པས་ཁྱོན་བསྡོམས་དུད་ཁྱིམ་ཁྲི་ཉི་ཤུ་ལྷག་ཡུལ་སྤར། གཙང་མྱ་དང་འཇང་ནུབ་མ་གཉིས་ཀ་མྱ་དཀར་གྱི་རིགས་ཡིན་ལ་ཡུང་ཁྲང་གི་ཡུལ་དུ་གནས་སྤར་པས་འཇང་གི་དངོས་ཤུགས་གོང་དུ་འཕེལ། འཇང་ནུབ་མས་འཇང་ཤར་མ་དབང་དུ་བསྡུས་ཏེ་ཡུལ་སྤར་རྗེས་མྱ་ནག་གིས་རང་མགོ་ཐོན། འཇང་གི་རྒྱལ་པོ་རིམ་བྱོན་གྱིས་དུས་རྒྱུན་མྱ་ནག་དང་ལྷན་ཏུ་གཉེན་སྡེབ། མྱ་ནག་འཇང་ནུབ་མའི་གནས་ཡུལ་ཏུ་ཡུལ་སྤར་དུ་བཅུག་པས་མྱ་ནག་རང་བཞིན་གྱིས་འཇང་དང་འགྲིག་མཐུན་བྱུང་ཏེ་འཇང་ལ་ཅན་ནན་ཕྱོགས་ནས་འོང་བའི་ཚུལ་རྒོལ་འགོག་པར་རྒྱབ་རོགས་བྱས། འཇང་ཤར་མར་སྐད་བརྡ་མི་འཕྲོད་པའི་རྐྱེན་དང་དེ་དག་མང་ཆེ་བ་ནགས་ཁྲོད་དང་རི་ཀློང་བཅས་སུ་ཁ་འཐོར་ངང་གནས་པའི་དབང་གིས་ཡུལ་སྤོར་བྱེད་མ་དགོས་ཟེར་བ་ནི་རྒྱུ་རྐྱེན་དངོས་མིན། མྱ་ནག་གི་དཔལ་འབྱོར་དང་རིག་གཞུང་རྣམས་ཅུང་ཟད་རྗེས་ལུས་ཡིན་ལ་ཏན་ཁྲུས་ཀྱི་མཐའ་བསྐོར་དུ་གནས་སྤར་པས་ཕྱུགས་ལས་ཞིང་ལས་སུ་བསྒྱུར་བའི་ཚོ་བར་གྱུར། རིག་གཞུང་གི་ཆུ་ཚད་རིམ་གྱིས་མཐོར་འདེགས་བྱུང་བས་མྱ་དཀར་དང་འབྲེལ་བ་ཇེ་ཉེར་གྱུར་བས། འདི་ཉིད་མྱ་ནག་ལ་མཚོན་ནའང་ཤིན་ཏུ་དགེ་མཚན་མངའ་བ་ཞིག་རེད། འཇང་རྒྱལ་ཁབ་ལ་མྱ་དཀར་སྲོག་བྱས་ཏེ་མྱ་ནག་གི་རོགས་འདེགས་མཆིས་པས་ཡར་རྒྱས་ཀྱི་ཆ་རྐྱེན་ཡོངས་སུ་སྨིན་ཡོད། འཇང་ཤར་ནུབ་གཉིས་གནས་སྤོར་བྱས་པ་དེ་ནི་དངོས་ནས་འཇང་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་རེད།

སྤྱི་ལོ་༧༥༤་ལོར་ཅན་ནན་ལྟ་ཞིབ་སྐུ་ཚབ་ལིས་མིས་ཡིས་དམག་དཔུང་ཁྲི་བརྒྱད་ཀྱི་སྣ་དྲངས་ཏེ་འཇང་ལ་རྒོལ་ཅིང་ཐའེ་ཧག་མཁར་དུ་སླེབས་པས་དམག་དཔུང་ཡོངས་རྫོགས་ཕམ། འདི་ནི་ཐང་གིས་ཆེས་མཐའ་མར་དྲངས་བའི་དམག་ཡིན། ལོ་གཉིས་པར་ཨན་ལོ་ཧྲན་གྱིས་གྱེན་ལོག་བྱས་པས་ཐང་ལ་སླར་ཡང་ཚུར་རྒོལ་བྱེད་པའི་སྟོབས་ཤུགས་བྲལ་བར་གྱུར། འོན་ཏེ་འཇང་ལ་ད་དུང་ཐང་ལ་མགོ་འདོགས་པའི་བློ་ཁ་འདུག། ཀུག་ལོ་ཧྥུན་གྱིས་ཐའེ་ཧག་མཁར་དུ་རྡོ་རིང་ཆེན་པོ་ཞིག་བསླངས་ཏེ། ཐང་ལ་བློ་ལོག་པ་དེ་ཐབས་ཟད་འུ་ཐུག་དུ་གྱུར་པའི་རྐྱེན་དང་། འོག་གི་དཔོན་བློན་རྣམས་ལ་ཕྱིས་སུ་སླར་ཡང་ཐང་ལ་བློ་འཁོར་སྲིད་པ་བཅས་བསྟན། སྐབས་དེར་རྡོ་རིང་ལ་མཛུབ་མོ་བཙུགས་ཏེ་ཐང་གི་ཕོ་ཉར་བལྟ་རུ་བཅུག་པ་མ་ཟད། བདག་གི་ཐུགས་འདུན་མཁྱེན་དགོས་ཞེས་སྨྲས། ཀུག་ལོ་ཧྥུན་གྱིས་བོད་ལ་བློ་འཁོར་བའི་དགེ་སྐྱོན་གཉིས་ལས་སྐྱོན་མང་བས་ཕྱོགས་གཉིས་ཀའི་འབྲེལ་བ་ཡུན་རིང་བོར་མི་བརྟན་པ་རྟོགས་ཡོད།

སྤྱི་ལོ་༧༥༥་ལོའི་རྗེས་སུ་ཐང་རྒྱལ་རབས་ནང་འཁྲུག་གི་ཁྲོད་དུ་ལྷུང་ཞིང་བོད་ཀྱིས་ཧི་ཞིས་དང་ལུང་ཡུག་ཕྱོགས་སུ་བཙན་འཛུལ་ས་ཁོངས་དྲག་ཏུ་རྒྱ་བསྐྱེད་པས་འཇང་ལ་སོས་དལ་བག་ཕེབས་ཀྱི་ཉི་མ་བྱུང་། དེས་གོང་འོག་ཐམས་ཅད་གཅིག་ཏུ་མཐུན་པར་བྱས་པས་རྒྱལ་ཁབ་འཛུགས་པའི་ཚད་གཞི་ཡོངས་སུ་ཚང་། གཤམ་དུ་འཇང་གི་གལ་གནད་ཅན་གྱི་ལམ་ལུགས་འགའ་རགས་ཙམ་གླེང་བར་བྱ།

དབུས་ཀྱི་དཔོན་རིགས་ལམ་ལུགས–འཇང་རྒྱལ་པོ་ཤར་ཀྱི་ཕྱོགས་སུ་བཞུགས་ཤིང་རང་ཉིད་ལ་ཡོན་(元)དང་བློན་རྣམས་ལ་ཡོང་(永)ཞེས་འབོད། བློན་རྣམས་ཀྱིས་རྒྱལ་པོར་གཏད་དེ་རང་ལ་གོ་ཐོབ་ཀྱིས་འབོད་པ་ལས་བློན་མི་ཟེར། དཔོན་རིགས་གཙོ་བོའི་ཁྲོད་དུ་ཆེས་མཐོའི་དཔོན་རིགས་ནི་ཆིན་ཕིན་དཔོན་དང་བསྡོམས་པའི་མི་དྲུག་ཡོད། ཐོབ་དང་གོ་གནས་ནི་ཐང་གི་བློན་ཆེན་དང་གཅིག་མཚུངས་ཡིན། དེ་མིན་ད་དུང་དམག་སྤྱི་ཆེན་མོ་བཅུ་གཉིས་ཡོད་ལ་དེ་དག་ཆིན་ཕིན་དཔོན་དང་ལྷན་དུ་དུས་རྒྱུན་རྒྱལ་པོར་མཇལ་ཏེ་སྲིད་དོན་ལ་གྲོས་བསྡུར་བྱེད་དགོས། ཆིན་ཕིན་དཔོན་གྱི་དཔོན་རིགས་གཅིག་ནི་ཡིག་བློན་ཡིན་ལ་ཡིག་ཚག་གི་རིགས་ཡོད་དོ་ཅོག་རྒྱལ་བོའི་ཚབ་ཏུ་དབྱེ་ཞིབ་དང་ཐག་གཅོད་བྱ་དགོས། གཞན་གཉིས་ནི་ནང་བློན་གཞོན་པ་ཡིན། དེ་དག་ལས་གཞན་ཕྱི་བློན་གཉིས་ཀྱང་ཡོད་ལ་དེས་ཆིན་ཕིན་དཔོན་ནམ་དམག་སྤྱི་ཆེན་མོའི་འགན་གཅིག་ལྕོགས་བྱ་དགོས། ཕྱི་བློན་གྱིས་སྡེ་དྲུག་ལ་བདག་བྱེད་ཅིང་སྡེ་དྲུག་གི་འོག་ནས་གཞུང་དོན་ཡིག་ཆ་རྣམས་སྤེལ་ལ་ཕྱི་བློན་དང་སྡེ་དཔོན་གྱིས་བཀའ་ཡིག་རྒྱུད་བསྒྲགས་བྱེད། སྡེ་དྲུག་ནི་ཐང་རྒྱལ་རབས་ཀྱི་སྡེ་དྲུག་དང་མཚུངས་ལ་དེ་རྣམས་ནི་དམག་དཔུང་གི་སྡེ་དང་། དུད་ཁྱིམ་གྱི་སྡེ། ཕྱི་འབྲེལ་གྱི་སྡེ། འཛུགས་བསྐྲུན་གྱི་སྡེ། ཁྲིམས་ཀྱི་སྡེ། མཛོད་ཀྱི་སྡེ་བཅས་ཡིན་ལ་སྡེ་དཔོན་གྱིས་བྱས་རྗེས་བཞག་ཚེ་དམག་སྤྱི་ཆེན་མོའི་གོ་ཐོབ་སྤྲོད། དམག་སྤྱི་ཆེན་མོ་ཚུད་པའི་ཆིན་ཕིན་དཔོན་རྣམས་ཀྱིས་སྲིད་དོན་ལ་གྲོས་མཛད། ཕྱི་རུ་དམག་དྲངས་ཏེ་གལ་འགངས་ཆེ་བའི་མཁར་དང་གྲོང་རྣམས་བརྟན་སྲུང་བྱེད། ལྟ་ཞིབ་དཔོན་གྱི་འགན་བཞེས་ཏེ་མཛད་རྗེས་བཞག་ཚེ་ཆིན་ཕིན་དཔོན་གྱི་གོ་གནས་སྤྲོད།

ས་གནས་དཔོན་གྱི་ལམ་ལུགས།—ས་གནས་ཀྱི་སྒྲིག་འཛུགས་ཨར་ཧེ་མཚོ་མོའི་ས་ཁུལ་ལྟེ་བ་བྱས་ཏེ་ཁུལ་(脸)བཅུ་དང་ལྟ་ཞིབ་ས་ཁོངས་དྲུག་ཏུ་བགོ། ཏུན་ཁྲོན་མཁར་(ཏ་ལི་པེ་རིགས་རང་སྐྱོང་ལྗོངས་ཀྱི་ཤར་ལྷོ)་དང་།ལུང་ཁུག་མཁར་(ཏ་ལིས་རྫོང་གི་བྱང་ཕྱོགས)། ཏ་ལི་མཁར་(ཏ་ལི་རྫོང་ཞི་ཀྲིག)། ཐའེ་ཧག་མཁར་(ཏ་ལི་རྫོང་ཐེ་ཧག་སྡེ་བ)། ཡང་ཆེ་ཡུས་མཁར་(ཏ་ལི་རྫོང)་བཅས་ཚོ་གཅིག་དང་ཁུལ་གསུམ་ཏུ་དབྱེ། ཏུན་ཁྲོན་གྲོང་ནི་ཡན་ཁུལ་། ཏ་ལི་མཁར་དང་ལུང་ཁུག་མཁར་གཉིས་ནི་ཧྲིས་ཁུལ་དང།ཐེ་ཧག་མཁར་དང་ཡང་ཆེ་ཡུས་མཁར་གཉིས་ཡང་ཁུལ་ཡིན། འཇང་རྒྱལ་པོའི་ཕར་འགྲོ་ཚུར་འོང་གི་བཞུགས་གནས་དེ་ཁུལ་ལྔ་གང་དུ་ཕྱིན་ཀྱང་གཅིག་མཚུངས་རེད། འདི་ལས་གཞན་པེ་ཡན་ཁུལ་ལམ་ཡང་ན་པའོ་ནོང་ཁུལ་(弄)ཡང་ཟེར། འདི་ནི་རྒྱལ་པོའི་གཉེན་ཉེ་དུ་རྣམས་རྟེན་ས་དང་དཔོན་རིགས་རྣམས་ལ་ཞིང་ས་བགོས་ཏེ་སྡོད་སའང་ཡིན། ཀྲའོ་ཁྲོན་ཁུལ་གྱི་ཤར་ལྷོ་ནི་ཉེ་འབྲེལ་མངའ་བདག་མྱ་དཀར་རྣམས་བཞུགས་ས་དང་། འཇང་གི་དཔོན་རིགས་གཙོ་གྲས་ཀྱི་ཁྱིམ་རྒྱུད་རྣམས་ཆགས་སའང་ཡིན། དམུ་ཧྲིག་ཁུལ་ནི་འཇང་གི་ཕ་ས་ཡིན། གོང་གསལ་གྱི་ཁུལ་དྲུག་ནི་འཇང་གི་ཐད་ཀར་དབང་བསྒྱུར་བྱེད་པའི་ས་ཁུལ་ཡིན། ཁུལ་དྲུག་ལས་གཞན་ཤར་ཕྱོགས་སུ་ཡུན་ནན་ཁུལ་དང་ཕིན་ཀྲན་ཁུལ་མཆིས་ཤིང་ནུབ་ཕྱོགས་སུ་དམུ་ཆིན་ཁུལ་དང་བྱང་ཕྱོགས་སུ་དམུ་ཧག་ཁུལ་ཡོད། དེ་དག་དབུས་ཁུལ་ས་ཆ་སྲུང་བའི་མཁར་གྲོང་གཙོ་བོ་དང་ཨར་ཧེ་ས་ཁུལ་ཏུ་བསྐྱོད་པའི་འགག་སྒོའང་ཡིན་པས་རྒྱལ་པོའི་གདུང་སྲས་རྣམས་ཀྱིས་གྲོང་འདི་རྣམས་བརྟན་སྲུང་བྱེད།        གོང་དུ་བསྡོམས་པས་ཁུལ་བཅུ་ཡོད། ས་གནས་སོ་སོར་དུད་ཁྱིམ་བརྒྱ་རེས་བརྒྱ་དཔོན་རེ་དང་དུད་ཁྱིམ་སྟོང་གིས་སྟོང་དཔོན་རེ་བསྐོ་ལ་དུད་ཁྱིམ་ཁྲི་ཡིས་ཁྲི་དཔོན་རེ་བསྐོ། འཇང་གི་ཡུལ་དུ་ཧེ་ཁྲོན་དང་། ཐུང་ཧེ་་བཅས་ཁྲི་སྡེ་ཆེན་མོ་གཉིས་མཆིས།

ལྟ་ཞིབ་དཔོན་ཆེན་དྲུག་གིས་དམག་སྣ་ཁྲིད་བཞིན་ལྕགས་རིའི་ཕྱི་རོལ་གྱི་གནད་གལ་ཆེ་བའི་ས་ཆ་རྣམས་བསྐོར་ཏེ། འཇང་ཚོ་ཆེན་དྲུག་གི་ཕྱི་རོལ་གྱི་ཚོ་བ་གཞན་དག་དབང་བསྒྱུར་བཞིན་ཡོད། གདོང་སྟོང་ལྟ་ཞིབ་དཔོན་གདོང་སྟོང་མཁར་དུ་བསྡད་དེ་ཚོ་བ་རྣམས་ལ་དབང་བྱེད་ཅིང་ཡུལ་ཁུལ་ནང་དུ་རྒྱ་རིགས་བསྡད་མི་ཆོག། སྔར་ཡོར་ཀྲིག་ཏུ་སྡོད་པའི་རྒྱ་རིགས་རྣམས་རྒྱང་ཐག་རིང་དུ་བསྐྲད། ཡུང་ཁྲང་ལྟ་ཞིབ་དཔོན་ནི་ཡུང་ཁྲང་མཁར་རུ་སྡོད་ཅིང་ཡུང་ཁྲང་ནི་གནའ་བོའི་ཨད་ལོ་མི་རིགས་ཀྱི་སྡོད་གནས་དང་འཇང་གི་རྒྱལ་པོ་ཐོག་མ་སྲིད་ལུང་ཨད་ལོ་ནས་ལྷགས་པས། འཇང་དང་ཨད་ལོ་བར་གྱི་འབྲེལ་བ་ལྷག་ཏུ་བཟང་། འཇང་རྒྱལ་ཡོངས་གྱི་ཆེད་ལས་དམག་མིའི་གྲངས་འབོར་ནི་ཁྲི་གསུམ་ཡིན་ལ་ཡུང་ཁྲང་གྲོང་མཁར་དུ་དམག་མི་ཁྲི་གཅིག་འདུས། དེ་དག་ལས་ཁག་ཅིག་ནི་ཨད་ལོ་པ་ཡིན་ལ་ཁག་ཅིག་ནི་རྟུལ་ཅིང་ཕོད་ལ་དམག་འཐབ་ལ་མཁས་པའི་ཝང་ཅིས་ཙི་སྟེ་མྱ་ནག་གི་རིགས་ཤིག་ཡིན། ཡུང་ཁྲོང་མཁར་དུ་དྲག་པོའི་དམག་དཔུང་བསྡད་དེ་འཇང་ནུབ་མར་ལྟ་རྟོག་བྱེད་པ་མ་ཟད། གསེར་སོ་དང་། ཆིས་ཁྲིས། རྐང་ཁྲ། སྣ་ཏོག་ཅན། ལའོ་ཞིན། མུ་ཞས་། ཝང་ཝེ་ཡུས་སོགས་རྗེས་ལུས་ཀྱི་ཚོ་བ་རྣམས་ལའང་དབང་བསྒྱུར་བྱེད། ཚོ་བ་འདི་དག་ལ་སྐད་བསྒྱུར་ཐེངས་གསུམ་མམ་བཞི་བྱས་ཚེ་ད་གཟོད་འཇང་དང་ཕན་ཚུན་གོ་བརྡ་འཕྲོད་པར་འགྱུར། ཡུན་ཧྲིན་ལྟ་ཞིན་དཔོན་དངུལ་འབྱུང་མཁར་དུ་སྡོད་ཅིང་དབང་བསྒྱུར་ས་ཁོངས་དེ་དེང་གི་ཞིས་ཧྲོན་པན་ན་ཐའེ་རིགས་རང་སྐྱོང་ས་ཁུལ་བར་ཁྱབ་ཡོད་ལ་དེས་ཕུའུ་ཙི་དང་ཐོད་ཅོག་རིང་པོ་ཅན་སོགས་རིགས་བཅུ་ཙམ་ལ་དབང་བྱེད། འཇང་གིས་གདོང་སྟོང་མཁར་ནང་ཁུལ་གྱི་རྒྱ་རིགས་རྒྱང་རིང་དུ་བསྐྲད་པ་དེ་ཐང་གི་ཡུལ་ཁམས་དང་གཤིབ་སྟེ་སྡོད་པའི་ཡུང་ཁྲང་དང་དངུལ་འབྱུང་མཁར་གཉིས་ཡིན་ཤས་ཆེ། རྒྱ་མི་རིགས་ཀྱིས་མནར་གཅོད་མྱངས་བས་སྡུག་བསྔལ་ཆེ་བ་བརྗོད་མ་དགོས། འོན་ཀྱང་རྒྱ་མི་རིགས་ཀྱི་རིག་གནས་ཀྱི་ཤུགས་རྐྱེན་ཁྱབ་སྤེལ་བྱས་པས། རྗེས་ལུས་ཀྱི་ཚོ་བར་མཚོན་ན་ཤིན་ཏུ་དགེ་མཚན་ཆེ་བ་ཞིག་རེད། ཅན་ཁྲོན་ལྟ་ཞིབ་དཔོན་ལྕགས་ཟམ་གྲོང་དུ་བསྡད་དེ་ལང་ཇ་མིན། ཡུས་ལིང་། ཀྲོན་ཨད། ཁྲང་ཁུ། མུ་ཞས། ཕུའུ་ཙིས་གཙང་མི། གདོང་སྟོང་སོགས་རིགས་བཅུ་ལྷག་ལ་དབང་བསྒྱུར་བྱེད། ཐའོ་ཏུང་ལྟ་ཞིབ་དཔོན་ཧྲན་ཏན་སྒར་དུ་སྡོད་ཅིང་འཇང་ཤར་མའི་མྱ་ནག་གི་ཚོ་ཁག་ཚོ་བདུན་ལ་དབང་བྱེད། སྤྱི་ལོ་༧༩༤་ལོར་འཇང་གིས་བོད་ཕམ་པར་བརྒྱབ་ཏེ་ཧྲི་མྱ་དང་། ཧྲུན་མྱ་མུ་ཤས་མྱ། མང་མྱ་གདོང་སྟོང་མྱ། ཧན་ཧྲང་མྱ་སོགས་དུད་ཁྱིམ་ཁྲི་ཕྲག་དུ་མ་ཐའོ་ཏུང་མཁར་རུ་གནས་སྤོར་བྱས་ཏེ་ཡུན་ནན་བྱང་ཤར་ས་ཁུལ་སྲ་བརྟན་བཟོས། ལིས་ཧྲེ་ལྟ་ཞིབ་དཔོན་ལིས་ཧྲེ་གྲོང་མཁར་དུ་སྡོད་ཅིང་གསེར་སོ་དང་། ཆིས་ཁྲིས་རྐང་ཁྲ། གདོང་ཁྲ། ཏའོ་ཐུས་སུན་ཧྲིས་སོགས་རིགས་བཅུ་ལྷག་ལ་དབང་བསྒྱུར། ལྟ་ཞིབ་དཔོན་དྲུག་གིས་ཕྱི་ཕྱོགས་ཀྱི་ཆན་ཁྲོན་དང་། ལུས་ཧྲེ་མཁར་གཉིས་སུ་བོད་འགོག་རྒོལ་བྱེད། ཐའོ་ཏུང་དང་གདོང་སྟོང་མཁར་གཉིས་སུ་ཐང་གི་ཅན་ནན་འགོག་སྲུང་བྱེད་ལ་ནང་ཁུལ་ཏུ་མཁར་གྲོང་དྲུག་པའི་མྱ་རིགས་རྣམས་དབང་བསྒྱུར་དགོས། རིགས་འདི་རྣམས་ཀྱི་མིང་ལ་བལྟས་ཚེ་མང་དག་ཅིག་རྗེས་ལུས་ཡིན་པ་རྟོགས་ཐུབ། འཇང་གིས་དབང་བསྒྱུར་བྱེད་པར་ཚོ་ཁག་རྣམས་དང་རང་བཞིན་གྱིས་འབྲེལ་འདྲིས་བྱེད་དགོས་ལ་འབྲེལ་འདྲིས་ཀྱི་ཁྲོད་དུ་ཚོ་བ་རྣམས་ཀྱིས་ཚད་ཅུང་མཐོ་བའི་རིག་གཞུང་དང་ལེན་གྱིས་ཀླ་ཀློའི་ཡུལ་སྲོལ་འགའ་བཅོས་བསྒྱུར་བྱེད། ལྟ་ཞིབ་དཔོན་གྱིས་དྲག་ཤུགས་ཀྱི་དམག་སྤྱད་པས་ཚོ་བ་ཤོག་ཁག་གི་རྙིང་ཞེན་མཁྲེགས་བཟུང་གི་འཚོ་བ་རྨང་ནས་ཉིལ། ཐང་རྒྱལ་རབས་ཀྱི་འཇམ་བསླུའི་སྲིད་ཇུས་དང་བསྡུར་ཚེ་ཅིས་ཀྱང་དོན་སྙིང་ལྡན་པ་ཞིག་རེད།

དམག་དོན་ལམ་ལུགས།—འཇང་གིས་ཐང་གི་ས་ཞིང་སྙོམས་བགོ་ལམ་ལུགས་དང་གཞུང་དམག་ལམ་ལུགས་སྤྱོད། ཞི་དྲག་དཔོན་རིགས་དང་རང་དབང་ཅན་གྱི་འབངས་མི་བཅས་ཚང་མར་ས་ཞིང་བགོས་ཏེ་ཞིང་རྨོ་ལ་དམག་ཁྲལ་ཡང་ཁུར་དགོས། སྟག་ཤར་རྣམས་གཡུལ་དང་དཔུང་དུ་ཞུགས་ཤིང་ཞོན་རྟ་ཅན་རྣམས་སྐྱ་དམག་བྱེད་ཅིང་གོ་མཚོན་སོ་སོས་སྒྲིག། དམག་དོན་གྱི་རྩ་འཛུགས་ནི་གྲོང་དམག་གཙོ་བོར་འཛིན་ཅིང་སྡོད་གནས་ཀྱི་རིང་ཐུང་ལྟར་ཤར་ལྷོ་ནུབ་བྱང་གི་དམག་བཞིར་བགོ། དམག་དཔུང་རེ་ལ་སྟོང་དཔོན་རེ་དང་དམག་སྣ་ཆིག་སྟོང་ངམ་ལྔ་བརྒྱའི་སྣེ་ཁྲིད། ཕྱོགས་བཞི་དམག་དཔུང་གི་སྡེར་མངའ་བསྒྱུར་མཁན་ལ་དམག་སྤྱི་འབོད་ཅིང་ས་ཁུལ་སོ་སོའི་མི་འབོར་མང་ཉུང་ལྟར་སྒྲིག་པས་དམག་གི་མང་ཉུང་ཡང་མི་འདྲ། དམག་དཔུང་ལ་དོ་དམ་བྱེད་པའི་སྒར་ལ་སྒར་ཆེན་དང་། སྒར་འབྲིང་། སྒར་འོག་མ། སྒར་ཆུང་བཅས་རིམ་པ་བཞིར་དབྱེ། ལོ་རེའི་ཟླ་བཅུ་བ་དང་བཅུ་གཉིས་གཉིས་སུ་ཞིང་ལས་མཇུག་སྒྲིལ། དམག་སྡེ་སྤྱི་ཁྱབ་དཔོན་གྱིས་ཡུལ་ཁམས་ཡོངས་ཀྱི་གྲོང་དང་རྫོང་རྣམས་སུ་བཀའ་ཡིག་བཀྲམས། དམག་སྡེ་བཞིའི་སྒྲིག་ཚུལ་ལྟར་ཚང་མས་དམག་དཔུང་བསྡུས་ཏེ། དྲག་པོའི་དམག་སྦྱོང་དང་གོ་མཚོན་ལ་ལྟ་ཞིབ་བྱེད། ཆེས་དཔའ་ཞིང་རྟུལ་ཕོད་པའི་གྲོང་དམག་བདམས་ཏེ་མདུན་མཆོངས་དམག་བྱེད་དུ་འཇུག་ཅིང་དེ་དག་ལ་དཔའ་རྟུལ་དམག་གམ་ལོ་ཅུས་ཙི་ཞེས་འབོད། དམག་བརྒྱ་རེར་དཔའ་རྟུལ་དམག་གཅིག་གིས་བཀོད་འདོམས་བྱེད་ཅིང་དམག་སྡེ་བཞི་ཀར་དཔའ་རྟུལ་དམག་ཡོད་པས་དམག་སྦྱོང་དང་དམག་འཐབ་ཅི་བྱེད་ཀྱང་རྒྱུན་ཏུ་མདུན་མཆོང་བྱེད་མཁན་ཡིན། དགྲ་བོ་ཞིག་ས་ཆ་ག་གེ་མོ་ཞིག་ནས་ཡུལ་ཁོངས་སུ་འཛུལ་ཚེ། ཕྱོགས་དེའི་དམག་དཔུང་གིས་བཀག་འགོག་བྱེད་དགོས། ཕྱི་རུ་དམག་དྲངས་ཏེ་གཡུལ་འཐབ་དུས་དཔུང་བུ་ཆུང་ཉིས་སྟོང་ལྔ་བརྒྱས་སྒར་གཅིག་གྲུབ་ཅིང་(དམག་སྤྱིས་སྣ་ཁྲིད་པའི་ཕྱོགས་ཀྱི་དམག་སྡེ་བཞི་ལས་དམག་སྡེ་རེར་དམག་སྟོང་རེ་དང་སྡེ་གསུམ་གའི་དམག་ལྔ་བརྒྱ་རེ་ཡོད)་དམག་མི་རེ་ཡིས་འབྲུ་དང་འབྲས་བྲེ་གཅིག་དང་སྲང་ལྔ་རེ། ཉ་ཤ་སྐམ་པོ་མི་ཉུང་ངུ་ཙམ་ལས་དམག་རྒྱགས་གཞན་ཏིལ་ཙམ་ཡང་མི་འཁྱེར། དམག་རྒྱགས་འདེང་ངེས་ཤིག་ཁྱེར་མེད་རྐྱེན་གཡུལ་འཐབ་མགྱོགས་མྱུར་ངང་བྱེད་དགོས། དམག་ཁྲིམས་ཀྱིས་དམག་མིར་མདུན་ཕྱོགས་ནས་རྨས་སྐྱོན་ཐེབས་ཚེ་རྨས་སྐྱོན་ནད་བཅོས་བྱས་ཆོག། གལ་ཏེ་རྒྱབ་ལོགས་ནས་རྨས་སྐྱོན་ཐེབས་ཚེ་དེ་མ་ཐག་གསོད་པའི་གཏན་འབེབས་བྱས་ཡོད། དམག་དྲངས་ཏེ་ཡུལ་གྱི་ཕྱི་རོལ་ཏུ་སླེབས་རྗེས་འཕྲོག་བཅོམ་ལ་བཀག་འགོག་བྲལ། ཁྱིམ་མཚེས་རྒྱལ་ཁབ་ཀྱི་མི་འབོར་དང་། འབྲུ་རིགས། ནོར་ལུག་རྣམས་འཇང་གི་དམག་དཔུང་གིས་འཕྲོག་བཅོམ་བྱ་ཡུལ་ཏུ་གྱུར་ཡོད། འཇང་གིས་ཁྱིམ་མཚེས་རྒྱལ་ཁབ་ལ་དམག་འདྲེན་སྐབས། དུས་རྒྱུན་ཆེས་རྗེས་ལུས་ཀྱི་ཚོ་བ་ཤོག་ཁག་རྣམས་འཐབ་གྲོགས་སུ་སྦྲན། མྱ་ཡི་ཝང་ཅས་ཙི་ནི་ཆེས་དཔའ་ཞིང་རྟུལ་པ་ཞིག་ཡིན་ལ་དཔུང་ཆེན་ཕྱི་རུ་འདྲེན་ཐེངས་རེར་མྱའི་ཝང་ཅས་ཙི་སྔར་སྲོལ་ལྟར་མདུན་མཆོང་དམག་དཔུང་བྱེད། དེ་མིན་གྱི་ལོ་ཞིན་དང་། གསེར་སོ། ལྕགས་སོ། དངུལ་སོ། རྐང་ཁྲ། གདོང་ཁྲ། སྣ་ཏོག་ཅན། ཐོད་ཅོག་རིང་པོ་ཅན། ཏུང་ཧྥུན་། མང་། ཐའོ་ཧྭ་། ཕུའུ་ཙི་སོགས་ཀྱང་གདོང་མཆོང་དམག་དཔུང་དུ་ཞུགས། འཇང་དམག་གིས་གཞུག་ནས་གཡུལ་འཐབ་ལ་ལྟ་ཞིབ་བྱེད་བཞིན་གཡུལ་འཐབ་ལ་འབད་པ་མི་བྱེད་མཁན་རྣམས་ཚར་གཅོད་བྱེད། འཇང་གི་དམག་དོན་ལམ་ལུགས་ལ་རང་སྲུང་གི་ངོ་ལྡན་མོད་དམག་དཔུང་རྒྱལ་ཁབ་ཀྱི་ཕྱི་རོལ་ཏུ་སླེབས་ཚེ་འཇིགས་སུ་རུང་བའི་གཏོར་བཅོམ་གཏོང་མཁན་ཞིག་ཡིན།

སྤྱི་ལོ་༧༥༦ལོར་ཐང་ཞོན་ཙུང་ཁྲུའུ་ཏུའུ་རུ་སྐྱབས་བཅོལ་དུ་ཆས། བོད་ཀྱི་བཙན་པོ་འདུས་སྲོང་མང་པོ་རྗེ་ཡིས་སྐབས་འདི་དང་བསྟུན་ཏེ་ཀུག་ལོ་ཧྥུན་ལ་ཐང་གི་གཡག་རྔ་རུ་རྒོལ་བའི་བཀའ་ཕབས། ཀུག་ལོ་ཧྥུན་གྱིས་དམག་སྤྱི་ཆེན་མོ་དྲུག་དང་ཆིན་ཕིན་དཔོན་གཅིག་བཅས་ལ་དཔུང་ཆེན་གྱི་སྣ་འདྲེན་བཞིན་བོད་དང་ལྷན་ཏུ་ཕར་རྒོལ་བྱེད་དུ་བཅུག་པས།ཧེ་ཐུང་དམག་ཕབ་ཅིང་ཆིན་ཧེ་འགག་གཏོར་ཏེ་ཐང་གི་ས་རྒྱ་ཤིན་ཏུ་ཆེན་པོ་ཞིག་བཙན་བཟུང་དང་ཡུལ་གྱི་མི་ནོར་ཕྱུག་གསུམ་ཡོངས་རྫོགས་འཕྲོག། དེ་ཡང་འཇང་གི་ཏིག་ཧྭ་རྡོ་རིང་ལྟར་ན་སྐྱེས་པ་ཕོ་མོ་དང་། རིན་ཆེན་དར་གོས། ལེ་དབར་བརྒྱའི་ས་ཁྱོན། སྒོ་ཟོག་ནོར་ཕྱུགས། འབྲུ་རིགས་སྣ་ལྔ་གཅིག་ཀྱང་མ་ལུས་པར་བཅོམ།           ཡང་གཅིག་བཤད་ན་མི་ནོར་ཡོངས་སུ་རྫོགས་པ་བཅོམ་སྟེ་སྟོང་པར་ཕུད་ཞེས་བཀོད། སྤྱི་ལོ་༧༥༧་ལོར་སླར་ཡང་ཐང་གི་ཡུལ་ཁམས་སུ་དམག་དྲངས་ཏེ། ཡེར་ཡུས་བསྐྱར་དུ་ཕབ་ཅིང་ཐང་གི་སྤྱི་ཁྱབ་དཔོན་འཛིན་བཟུང་བྱས། ཐང་དམག་རྣམས་བྲན་དུ་བཀོལ། འཇང་གིས་ཐེངས་གཉིས་ལ་རྒྱལ་ཁའི་དར་ཆ་འཕྱར་བས་མཚན་སྙན་དགུང་དུ་སྙེགས་ཏེ་ནུབ་ཀྱི་ཞིན་ཏན་དང་ལོ་ཞིན་ཚོ་བ་རྣམས་སྤ་བཀོང་། ལྷོ་ཡི་འབར་མ་སོགས་མངའ་ཞབས་སུ་བཅུག་ཏེ་རྔམ་ཞིང་བརྗིད་པའི་ངང་ནུབ་ལྷོའི་སྟོབས་ཆེན་རྒྱལ་ཁབ་ཏུ་གྱུར།

ཀུག་ལོ་ཧྥུན་གྱིས་ལམ་ལུགས་གསར་དུ་འཛུགས་འགོ་བརྩམས། ཁོས་ཚོ་བ་ཤོག་ཁག་རྣམས་གཅིག་ཏུ་བསྡུས་ཏེ་རྒྱལ་ཁབ་ཅིག་དབུ་བརྙེས། ཚོ་བ་ཤོག་ཁག་གི་སྤྱི་ཚོགས་ལ་མཚོན་ན་འདི་ནི་ཡར་རྒྱས་ཆེན་པོ་ཞིག་རེད། འཇང་གི་ཡུལ་ཁམས་སུ་ཆེས་རྗེས་ལུས་ཀྱི་རིགས་མཆིས་པ་ནི་དཔེར་ན་ཞིན་ཀྲོན་མྱ་ཡིན། དེ་དག་རྒྱལ་མོ་རྔུལ་ཆའི་སྟོད་རྒྱུད་དུ་བསྡད་དེ་ལུས་ལ་སྟག་པགས་གྱོན་བཞིན་ཟས་སུ་ཕག་རྒོད་རྔོན། ད་དུང་དཔེ་མཚོན་གཞན་ཞིག་ནི་ལོ་ཞུན་མྱ་ཡིན་ལ་དེར་ཀླ་ཀློའང་ཟེར། དེ་དག་ཞིན་ཀྲོན་ནུབ་འགྲམ་དུ་སྡོད། འདི་ལྟ་བུའི་སྤྱིལ་བུ་འམ་ཁུང་བུ་རི་ཀློང་དུ་ཁྱབ་ཅིང་དེ་རྣམས་ལ་རྗེ་བོ་བྲལ་ཞིང་ལུས་ཤིང་ལོས་གཡོགས། སྐྱེས་པ་ཉུང་ལ་བུད་མེད་མང་བས་བུད་མེད་ལྔ་འམ་དྲུག་ཙམ་གྱིས་དུས་གཅིག་ལ་སྐྱེས་པ་གཅིག་རྟེན། སྐྱེས་པས་ཉིན་ཧྲིལ་པོར་མདའ་གཞུ་ཐོགས་ཏེ་སྡོད་གནས་སྲུང་ཞིང་བུད་མེད་རྣམས་ནགས་ཁྲོད་དུ་འབུ་དང་ཉ། ཤིང་འབྲས། སྔོ་ཚལ། དུང་། ཉ་ཕྱིས་སོགས་འཐུ་རུ་བསྐྱོད། ཆེས་གདོད་མིའི་མི་ཁྱུ་དང་རིག་གཞུང་གི་ཆུ་ཚད་ཅུང་མཐོ་བའི་ཚོ་བ་དེ་དག་ལྷོ་འཇང་གིས་ཡོད་ཚད་མངའ་ཞབས་སུ་བཀུག་སྟེ་བགྲོད་ལམ་ཕྱེ།མཁར་དང་གྲོང་ཁྱེར་བསྐྲུན། དབང་བསྒྱུར་ལས་ཁུངས་བཙུགས་ཏེ་རྒྱ་ཆས་སུ་བསྒྱུར་ཞིང་རྒྱ་ལུགས་སུ་འགྱུར་ཞེས་སྨྲས། ནགས་རིའི་ཁྲོད་ཀྱི་ཚོ་བ་རྣམས་དེ་བས་ཤེས་རིག་གི་སྣང་བརྙན་དང་འབྲེལ་འདྲིས་ཕྲན་བུ་བྱུང་སྟེ། འཚོ་བའི་རྒྱུན་ཤེས་ཏོག་ཙམ་གོང་འཕེལ་བྱུང་བས་དགེ་མཚན་མི་དམན་པ་ཞིག་ཐོབ།

སྤྱི་ལོ་༧༧༨་ལོར་ཀུག་ལོ་ཧྥུན་སྐུ་གྲོངས་ཤིང་དབོན་སྲས་ཡིས་མུའུ་ཞིན་གྱིས་རྒྱལ་སྲིད་བཟུང་། སྤྱི་ལོ་༧༧༩་ལོར་འཇང་དང་བོད་ཀྱི་དམག་དཔུང་ཁྲི་བཅུས་ཕྱོགས་གསུམ་ནས་ཐང་གི་ཅན་ནན་བཅོམ་སྟེ་ཁྲིན་ཏུའུ་ཚུར་ལེན་རྩིས་བྱས། ཐང་ཏིག་ཙུང་གིས་དམག་སྤྱི་ཆེན་མོ་ལིས་ཁྲིན་དང་ཆིས་ཧེ་གཉིས་ཀར་བྱང་ཕྱོགས་ཀྱི་དམག་མི་སྟོང་ཕྲག་དུ་མ་ཡུལ་དེའི་ཐང་དམག་དང་མཉམ་འབྲེལ་གྱིས་གཡུལ་འཐབ་ཏུ་བཅུག་པས་བོད་འཇང་གཉིས་ཀའི་དམག་དཔུང་ཕམ་ཉེས་བཏང་སྟེ། བོད་ཀྱིས་བཙན་འཕྲོག་བྱས་པའི་ཝེ་ཀྲིག་དང་།མའོ་ཀྲིག་གཉིས་ཕྱིར་བླངས། འཇང་དམག་རྒྱལ་མོ་རྔུལ་ཆུའི་ཕ་རོལ་ཏུ་བསྐྲད་དེ་བོད་འཇང་གི་དམག་མི་ཁྲི་བརྒྱད་དགུ་ཙམ་གྱི་སྲོག་བཀུམས། བོད་འཇང་གཉིས་ཀ་གནས་སྐབས་ཙམ་ལ་དྲག་པོའི་སྟོབས་ཤུགས་རྒྱས་པའི་རྐྱེན་གཙོ་བོ་ནི་ཐང་རྒྱལ་རབས་ནང་འཁྲུག་གི་ཀློང་དུ་ཚུད་དེ་མཐའ་མཚམས་སུ་དམག་འདྲེན་ལོང་མེད་པ་དེ་ཡིན། གལ་ཏེ་ཐང་རྒྱལ་རབས་ཀྱིས་ནན་ཏན་གྱིས་དམག་དྲངས་ཚེ་རྒྱལ་ཁབ་འདི་གཉིས་ཐང་གི་འཐབ་ཡ་མིན་པ་གསལ་བོ་རེད། རྒྱལ་ཁབ་འདི་གཉིས་ལ་ཕམ་ཉེས་བྱུང་རྗེས་བོད་ཤིན་ཏུ་ཁྲོས་ཤིང་འཇང་འཇིགས་ཤིང་དངངས་བས་ཕྱོགས་གཉིས་བར་གྱི་འབྲེལ་བར་ཡང་འགྱུར་ལྡོག་བྱུང་མགོ་བརྩམས། བོད་ཀྱིས་འཇང་རྒྱལ་པོའི་གོ་མིང་ཤར་ཉི་མའི་རྒྱལ་པོར་བསྒྱུར་ཏེ་བཙན་པོའི་གཅུང་གི་གོ་གནས་ཕབ། ཕན་ཚུན་རྒྱལ་བློན་བགྱི་བའི་གྲོས་བཏབ།

བོད་ཀྱིས་འཇང་ལ་དཔྱ་ལྕི་མོ་བགལ་ཞིང་འགག་འཕྲང་བཙན་སར་རྫོང་མཁར་བརྩིགས་པ་མ་ཟད། ལོ་རེར་འཇང་དམག་དྲངས་ཏེ་འགག་སྲུང་གི་རོགས་བྱེད་དུ་བཅུག་པས་ཡིས་མུའུ་ཞིན་གྱིས་བོད་ལ་རྟེན་པའི་གནོད་འཚེ་དེ་རྟོགས་མགོ་ཚུགས། ཆིན་ཕིན་དཔོན་ཀྲིན་ཧེ་ནི་མ་གཞི་ཐང་གི་ཞིས་ལུ་རྫོང་གི་རྫོང་དཔོན་ཞིག་ཡིན། ཀུག་ལོ་ཧྥུན་གྱིས་ཡུས་ཀྲིག་ཕབ་ཏེ་ཀྲིན་ཧེ་གསོན་བཟུང་བྱས། ཀུག་ལོ་ཧྥུན་གྱིས་ཁོང་གི་ཤེས་འཇོན་ལ་མཐོང་ཆེན་བྱས་ཏེ་ཁོ་ལ་མན་ལིས་ཀྱི་མཚན་ཐོབ་བསྩལ། རྒྱལ་པོའི་གདུང་སྲས་རྣམས་ལ་དཔེ་ཁྲིད་དང་དགེ་ཕྲུག་དག་ལ་གཅར་རྡུང་བྱེད་པའི་དབང་ཆའང་གནང་བས་ཁོའི་མཚན་སྙན་དང་གཟི་བརྗིད་འབར་ཏེ། མཐར་ཆིན་ཕིན་དཔོན་དུ་བསྡད། རྒྱལ་པོས་ཡིད་ཆེས་ཀྱང་བརྟན་པོ་གནང། ཀྲིན་ཧེ་ཡིས་ཡིས་མུའུ་ཞིན་ལ་རྒྱ་ནག་ལ་གུས་ལུགས་ལྡན་པས་བོད་ལྟར་ཚིམ་མེད་ངང་རྒྱུ་ནོར་ཧམ་འཕྲོག་མི་བྱེད། གལ་ཏེ་ཐང་རྒྱལ་རབས་ལ་མགོ་སྒུར་ཚེ་དམག་མངགས་ཏེ་བོད་དང་དམག་འཐབ་རོགས་བྱེད་མི་དགོས་པས་དགེ་མཚན་འདི་བསམ་གྱིས་མི་ཁྱབ་ཅེས་ཞལ་ཏ་གནངས། ཡིས་མུའུ་ཞིན་ཁོའི་བསམ་འཆར་ལ་ཐུགས་མོས་བྱུང་ཞིང་ལྐོག་ནས་ཐབས་བཀོད་བཤམ་པ་ལས་བོད་ལ་མངོན་སུམ་གྱིས་བློ་ལོག་མ་ཕོད།


༢     འཇང་ཐང་ལ་མགོ་སྒུར་ཏེ་བོད་ལ་ངོ་ལོག་པ།  (༧༩༣་ནས་༨༣༠)

ཐང་ཅན་ནན་ལྟ་ཞིབ་དཔོན་ཝེ་ཀོར་ནི་འཇོན་ཐང་ཤིན་ཏུ་ཆེ་བའི་ས་གནས་དཔོན་པོ་ཞིག་ཡིན།ཁོས་འཇང་ཐང་ལ་འཁོར་འདོད་ཡོད་པ་རྟོགས་པས་ཧུར་བརྩོན་གྱིས་གནོན་ཤུགས་དང་བསླུ་བྲིད་བྱས་པ་མ་ཟད། འཇང་ཡུལ་དུ་ཁྱབ་པའི་བོད་ཀྱི་སྟོབས་ཤུགས་ཀྱི་མགོ་མནན། སྤྱི་ལོ་༧༩༣ལོར་ཡིས་མུའུ་ཞིན་གྱིས་ཐང་ལ་མགོ་འདོགས་པའི་ཐུགས་ཐག་བཅད་དེ་ཕོ་ཉ་རིམ་པ་གསུམ་ཁྲིན་ཏུའུ་རུ་མངགས། ཐང་གི་མངའ་གཏོགས་བྱེད་པར་མོས་པའི་ལྷག་བསམ་མངོན།སྤྱི་ལོ་༧༩༤་ལོར་ཐང་གིས་ཕོ་ཉ་ཚོས་ཙའོ་ཧྲིས་ཡང་ཆེས་ཡིས་མཁར་ཏུ་མངགས་ཏེ་ཏན་ཚང་རི་བོར་འདུམ་བྱས་ཤིང་འདུམ་ཆིངས་ཀྱི་སྙིང་དོན་རགས་བསྡུས་ནི་ཐང་དང་འཇང་གིས་རང་རང་གི་སོ་མཚམས་སྲུང་ཏེ་ཕན་ཚུན་ལ་བཙན་འཛུལ་མི་བྱེད་པར་འབྲེལ་ལམ་བཟང་པོ་རྒྱུན་འཁྱོངས་དང། འཇང་གིས་སྒེར་ནས་བོད་དང་འབྲེལ་འོང་མི་བྱེད་པ་དེ་ཡིན།ཐེངས་འདིའི་འདུམ་ཆིངས་ཀྱི་ཁྲོད་དུ་ཀྲིན་ཧེ་ནི་བྱེད་ནུས་ཅན་གྱི་སྐུལ་འདེད་པ་ཡིན་ལ། ཁོས་ཐང་རྒྱལ་རབས་ལ་རོགས་འདེགས་བྱས་ཏེ། བོད་ཁེར་རྐྱང་དུ་ཕུད་པའི་དམིགས་ཡུལ་གྲུབ་ཏུ་བཅུག་ཅིང་འཇང་ལའང་རང་ཡུལ་རང་བཙན་བྱེད་པའི་རོགས་མཛད་པས། དེ་ཉིད་བོད་ལ་རྟེན་པའི་སྐབས་དང་བསྡུར་ཚེ་འཕེལ་འགྱུར་ཆེན་པོ་བྱུང་། འདུམ་ཆིངས་ཀྱི་རྗེས་སུ་ཡིས་མུའུ་ཞིན་གྱིས་དམག་དྲངས་ཏེ། བོད་ལ་འཇབ་རྒོལ་དང་ཤིང་ཧྲིན་ཁྲོན་་ཏུ་བོད་དམག་ལ་ཕམ་ཉེས་ཆེན་པོ་སྤྲད། ལྕགས་ཟམ་མཁར་སོགས་གྲོང་མཁར་བཅུ་དྲུག་ཕབ་ཅིང་མི་ཁྲི་བཅུ་ལྷག་གིས་མགོ་བཏགས། སྲིས་མྱ་དང་། སྲིན་མུའུ་ཤས་སོགས་ཚོ་བ་རྣམས་དབང་དུ་བསྡུས། དུད་ཁྱིམ་ཁྲི་གཅིག་གདོང་སྟོང་མཁར་ཏུ་ཁ་སྣོན་དུ་གནས་སྤོར་དུ་བཅུག། བོད་ཀྱིས་དཔུང་ཤུགས་ཡོད་ཚད་བསྡུས་ཏེ་ཅན་ནན་དང་འཇང་ལ་རྒོལ། སྤྱི་ལོ་༧༨༠་ནས་སྤྱི་ལོ་༧༨༡་བར་ཝེ་ཀོར་དང་ཡིས་མུའུ་ཞིན་གཉིས་ཀྱིས་དཔུང་ཤུགས་མཉམ་འབྲེལ་གྱིས་བོད་དམག་ལ་ཕམ་ཁ་ཆེན་པོ་ཕྱིན། འཇང་གིས་བོད་ཀྱི་དམག་སྤྱི་ཆེན་མོ་བློན་མང་རིག་(论莽热)་གསོན་བཟུང་དང་དམག་མང་པོ་འཛིན་བཟུང་བྱས་ཏེ་བློན་མང་རིག་དང་གཡུལ་འཐབ་ཀྱི་བྱས་རྗེས་ཐང་སྲིད་གཞུང་ལ་ཕུལ།

འཇང་ཐང་ལ་མགོ་བཏགས་པས་ཐང་གི་རོགས་འདེགས་ཐོབ་ཏེ་སྔ་ན་མེད་པའི་རྒྱལ་ཁ་ཆེན་པོ་བླངས། འདིའི་རྗེས་སུ་བོད་ཉམས་རྒུད་དུ་གྱུར་ཞིང་སླར་ཡར་དམག་དཔུང་འདྲེན་མ་ཐུབ། ཐང་གིས་འདུམ་ཆིངས་ཀྱི་ཡི་གེ་གཙིགས་སུ་བཟུང་ཞིང་དེར་ཡང་དམག་དྲངས་ཏེ་ཐེ་གཏོགས་བྱེད་པའི་སྟོབས་ཤུགས་དབེན། ཕྱི་རུ་སྟོབས་ཆེ་བའི་ཁྱིམ་མཚེས་རྒྱལ་ཁབ་མེད་པས་འཇང་ད་གཟོད་ནུབ་ལྷོའི་མཚམས་ཀྱི་སྟོབས་ཆེན་རྒྱལ་ཁབ་ཏུ་གྱུར།

སྤྱི་ལོ་༨༠༨་ལོར་ཡིས་མུའུ་ཞིན་སྐུ་འདས་ཤིང་སྲས་ཞིན་ཀུག་ཆོན་གྱིས་རྒྱལ་སྲིད་བཟུང་། ཞིན་ཀུག་ཆོན་གྱིས་རང་ལ་པའོ་ཞིན་ཞེས་འབོད་ཅིང་དོན་ནི་རྒྱལ་པོའོ། སྤྱི་ལོ་༨༠༩་ལོར་ཞིན་ཀུག་ཆོན་འདས་ཤིང་སྲས་ཆོན་ལུང་ཁྲིན་རྒྱལ་སར་བབས། སྤྱི་ལོ་༨༡༦་ལོར་གདོང་སྟོང་ལྟ་ཞིབ་མངའ་བདག་དམུ་ཁྲ་ཏན་གྱིས་ཆོན་ལུང་ཁྲིན་བཀྲོངས་ཏེ་ཆོན་ལུང་ཁྲིན་གྱི་གཅུང་ཆོན་ལུས་རྒྱལ་སར་བཀོད། འཇང་བོད་ལས་གཡུལ་རྒྱལ་པ་ནས་བཟུང་ལྟ་ཞིབ་དཔོན་རྣམས་ཀྱི་དབང་ཤུགས་རིམ་གྱིས་རྒྱ་ཆེ་རུ་ཕྱིན། རྒྱལ་པོ་བཀྲོངས་པ་ནི་དམག་སྤྱིའི་དབང་ཤུགས་ཧ་ཅང་ཆེ་བའི་མཚོན་རྟགས་ཤིག་རེད། སྤྱི་ལོ་༨༢༣་ལོར་ཆོན་ལུས་འདས་ཤིང་གཅུང་ཧྥུན་ཡུག་ལིས་རྒྱལ་སར་བསྐོས། ཆོན་ལུང་ཁྲིན་རྒྱལ་སར་བཞུགས་དུས་དགུང་ན་ཉི་ཤུ་དང་། ཆོན་ལུང་དགུང་གྲངས་བཅོ་ལྔ། ཧྥུན་ཡུག་དགུང་གྲངས་བདུན་ཏག་ཏག་ཡིན། དགུང་ན་གཞོན་པའི་རྗེ་བོ་བསྟུད་མར་རྒྱལ་ཁྲིར་བཞུགས་པ་འདི་ཡང་དམག་སྤྱིའི་དབང་ཤུགས་རྒྱ་བསྐྱེད་པའི་གོ་སྐབས་ཤིག་ཡིན། དམག་སྤྱི་རྣམས་ལ་དབང་ཤུགས་ཐོབ་དུས་ནང་འཁྲུག་མིན་ཚེ་ས་མཚམས་སུ་ཁ་མཆུ་སློང་ངེས། དམུ་ཁྲ་ཏན་གྱིས་རང་བཙན་གྱི་རྣམ་པ་བཟུང་སྟེ་ཕྱི་ཕྱོགས་སུ་རྒོལ་བཅོམ་བྱེད་འགོ་ཚུགས། འདིའི་རྗེས་སུ་འཇང་གིས་ཐང་རྒྱལ་རབས་ཀྱི་ཉམས་རྒུད་དང་བསྟུན་ཏེ། དུས་རྒྱུན་ཐང་གི་ཡུལ་ཁམས་སུ་རྒོལ། དམག་སྤྱིའི་དབང་ཤུགས་ཇེ་ཆེ་ནས་ཇེ་ཆེར་གྱུར་ལ་དམུ་ཚང་གི་རྒྱལ་རབས་ཀྱང་དྲག་པོའི་བློན་ཆེན་རྣམས་ཀྱི་དབང་བསྒྱུར་འོག་རྒུད་པར་གྱུར།

༣      ཕྱི་ཕྱོགས་སུ་རྒོལ་བཅོམ་བྱས་པ།      (༨༣༠་ནས་༩༠༢    )

ཅན་ནན་ལྟ་ཞིབ་དཔོན་ཏུའུ་ཡོན་ཐའོ་ནི་འདོད་ཧམ་རུལ་སུངས་ཅན་གྱི་དཔོན་ངན་ཞིག་ཡིན་པས་ས་མཚམས་བརྟན་སྲུང་གི་སྟ་གོན་ཕྲན་ཙམ་ཡང་བགྱིས་མེད། སྤྱི་ལོ་༨༣༠་ལོར་དམུ་ཁྲ་ཏན་གྱིས་རྒྱལ་ཡོངས་ཀྱི་དཔུང་ཤུགས་སྐུལ་ཏེ་ཁྲིན་ཏུའུ་རུ་བཙན་འཛུལ་བྱས་ཤིང་སྐྱེས་ཕོ་མོའི་ལས་བཟོ་བ་ཁྲི་ཕྲག་དུ་མ་དང་། རྒྱུ་ནོར་བགྲང་གིས་མི་ལང་བ་ཞིག་འཕྲོག་བཅོམ་བྱས། མུན་ཁྲ་ཏན་གྱིས་འཛིན་བཟུང་བྱས་ཏེ་བྲན་དུ་བཀོལ་པའི་མང་ཚོགས་རྣམས་རྒྱལ་མོ་རྔུལ་ཆུའི་འགྲམ་དུ་ཁྲིད་རྗེས། རྒྱའི་བྲན་གཡོག་རྣམས་ལ་གཙང་བོའི་ཕ་རོལ་ནི་འཇང་གི་ཡུལ་ཁམས་ཡིན་པས་ཁྱོད་ཚོ་ངུ་འབོད་བྱས་ཏེ་ཁྱོད་ཚོའི་མེས་པོ་རྒྱལ་ཁབ་དང་གྱེས་ཆོག་པར་བྱས་པ་ཡིན་ཞེས་སྨྲས། རྒྱའི་འབངས་རྣམས་སྐྱོ་སྡུག་གིས་གཟིར་ཏེ།སྐྱེ་བོ་སྟོང་ཕྲག་དུ་མ་དུས་གཅིག་ལ་ཆུ་རུ་ལྕེབས། ཐེངས་འདིའི་འཕྲོག་བཅོམ་དེ་ཁྲིན་ཏུའུ་ནས་ཡོས་ཞིས་བར་ཁྱབ་ཅིང་ལེ་དབར་བརྒྱད་བརྒྱའི་བར་གྱི་མི་ནོར་ཕྱུགས་གསུམ་རྣམས་བཅོམ་ཆག་སྐྱ་ཉིལ་ལེར་བཏང་། ཟི་ཁྲོན་གྱི་མི་རྣམས་ཀྱིས་བོད་ནི་ལེགས་ཏེ།འཇང་གིས་བདག་རང་ཉམས་ཉེས་བར་བྱས་ཞེས་འོ་དོད་བྱས། འཇང་གིས་བོད་ཀྱི་རྗེས་སྐྱོང་རྗེས་ཐང་གི་སོ་མཚམས་ཀྱི་གོད་ཆག་ཆེན་པོ་ཞིག་ཏུ་གྱུར། དེའི་བྱ་སྤྱོད་ནི་བོད་ལས་ལྷག་ཏུ་འདོད་ཧམ་དང་གདུག་རྩུབ་ཆེ། དེ་ནི་འཇང་གི་དམག་དཔུང་ལ་འཕྲོག་བཅོམ་གྱི་དམིགས་ཡུལ་ཉག་གཅིག་ལས་མེད་པའི་རྐྱེན་ཡིན།

མུན་ཁྲ་ཏན་ཐང་གིས་དམག་དྲངས་པར་འཇིགས་པས། གསེར་དང་དར་ཡུག། རྒྱའི་བྲན་གཡོག་ཉིས་སྟོང་ཙམ་བོད་དུ་སྤྲིངས་ཏེ་འཇང་དང་མཉམ་འབྲེལ་ངང་ཐང་དམག་འགོག་རྒོལ་བྱེད་པའི་གྲོས་མོལ་མཛད། ཐང་ཝིན་ཙུང་གིས་འཇང་འདུམ་བྱེད་པར་ཕེབས་སུ་བཅུག་སྟེ་ཕན་ཚུན་ལ་བཙན་འཛུལ་མི་བྱེད་པའི་འདུམ་བྱས། ལིས་ཏིག་ཡུས་་སླར་ཡར་ཅན་ནན་ལྟ་ཞིབ་དཔོན་བྱེད་དུ་བཅུག་ཏེ། སོ་སྲུང་ལེགས་སྒྲིག་དང་དམག་དཔུང་ལ་སྦྱོང་བརྡར་བྱེད་བཞིན་འཇང་གིས་བསྐྱར་དུ་བཙན་འཛུལ་བྱེད་པར་འགོག་རྒོལ་བྱས། འཇང་ལ་ལག་ཤེས་པ་འབོར་ཆེན་རེག་པས་ལག་ཤེས་བཟོ་ལས་ཡར་རྒྱས་སུ་ཕྱིན་ཏེ། ཟི་ཁྲོན་ས་ཁུལ་དང་མཐོ་དམན་བྲལ་བར་གྱུར། བོད་ཀྱིས་སྤྱི་ལོ་༧༧༩་ལོ་ནས་བཟུང་ཡུས་མུའུ་ཞིན་དང་དམག་དཔུང་མཉམ་འབྲེལ་གྱིས་ཁྲིན་ཏུའུ་རུ་བཙན་འཛུལ་བྱས་ཏེ། ལག་ཤེས་བཟོ་བ་བཙན་གྱིས་ལྷ་སར་སྐྱེལ་རྩིས་བྱས་མོད་བསམ་དོན་དེའགྲུབ་མེད། འོན་ཏེ་ད་ལྟ་ཟི་ཁྲོན་གྱི་བྲན་གཡོག་ཉིས་སྟོང་ཕྱག་ཏུ་ཐོབ་པས་འདི་ཡང་བསམ་ཡུལ་ལས་འདས་པའི་གྲུབ་འབྲས་ཤིག་ཏུ་རྩིས་ཆོག། སྐྱོ་སྡུག་བརྗོད་ཡུལ་བྲལ་བ་ནི་ཟི་ཁྲོན་གྱི་འབངས་མི་ཁོ་ན་ཡིན་ལ་ཉེས་མེད་ངས་རུལ་སུང་གི་དབང་འཛིན་པས་འཕོངས་བརླག་ཏུ་བཏང་སྟེ། དུས་གཏན་དུ་རྒྱལ་ཁབ་གཉིས་ཀའི་ལག་ཤེས་བྲན་གཡོག་བྱས། སྤྱི་ལོ་༨༣༢་ལོར་འཇང་གིས་འབར་མར་འཕྲོག་བཅོམ་བྱས་ཤིང་བྲན་གཡོག་སུམ་སྟོང་ལྷག་བཟུང་གདོང་སྟོང་མཁར་ཏུ་དབོར་སྐྱེལ་བྱས།

ཐང་ཞོན་ཙུང་གི་སྐབས་སུ་ཨན་ནན་འཛིན་སྐྱོང་དཔོན་ལིས་ཀྲའོ་ནི་འདོད་རྔམ་ཆེ་ལ་སྒེར་སེམས་ཅན་ཞིག་ཡིན་པས་དམངས་ལ་མནར་གཅོད་ཚད་མེད་བཏང་།འཇང་གི་གདོང་སྟོང་ལྟ་ཞིབ་དཔོན་གྱིས་ལྐོག་ནས་ཚོ་བ་འགའ་དང་མཉམ་འབྲེལ་གྱིས་ཨན་ནན་མངའ་ཁུལ་དུ་བཙན་འཛུལ་བྱས། སྤྱི་ལོ་༨༥༩ལོར་ཧྥུན་ཡུག་འདས་ཤིང་སྲས་ཆིག་ལུང་(སྲིད་ལུང་ཡང་ཟེར)རྒྱལ་སར་བསྐོས། ཆིག་ལུང་གིས་རང་ཉིད་ལ་གོང་མའི་མཚན་གསོལ་ཏེ་རྒྱལ་ཁབ་ཀྱི་མཚན་ཏ་ལི་རུ་བསྒྱུར། དཔའ་ཞིང་མཛངས་བའི་དམག་སྤྱི་ཆེན་མོ་དོན་ཙུང་ཕང་གིས་རྒྱལ་ཚབ་དམུ་ཁྲ་ཏན་བཀྲོངས་ཤིང་འཇང་གི་སྲིད་དབང་དོན་ཚང་གི་ལག་ཏུ་ཤོར།

སྤྱི་ལོ་༨༦༠ལོར་ཨན་ནན་གྱིས་འཇང་དམག་དྲངས་ཏེ་དམག་དཔུང་ཁྲི་གསུམ་ལྷག་དང་ལྷན་དུ་སྐབས་བསྟུན་ངང་ཐང་གི་ཨན་ནན་ཅའོ་གྲིས་མཁར་ལ་རྒོལ་ཏེ་ཕབ། ཐང་དམག་གིས་ཨན་ནན་ཕྱིར་འཕྲོག། སྤྱི་ལོ་༨༦༡ལོར་འཇང་དམག་གིས་ཡུས་ཀྲིག་ཕབ་ཏེ་མི་འབོར་བཙན་ཁྲིད་དང་རྒྱུ་ནོར་འཕྲོག་བཅོམ་བྱས་ཏེ། སྔར་གྱི་སྡོད་མི་བཅུ་ཆའི་གཅིག་ཙམ་ཡང་མ་ལྷག། སྤྱི་ལོ་༨༦༢ལོར་འཇང་གིས་སླར་ཡང་ཨན་ནན་ལ་རྒོལ་ཅིང་ཐང་ལ་དམག་འཐབ་པའི་སྟ་གོན་ཡོད་པ་མཐོང་པས་དམག་དཔུང་ཕྱིར་འཐེན་བྱས།ཡུན་རིང་མ་འགྱངས་བར་འཇང་གིས་ཐའོ་ཧྭ་མྱ་དང་། མང་མྱ། ལོ་ཞིན་མྱ་སོགས་ཚོ་བ་རྣམས་དང་མཉམ་ཏུ་དཔུང་སྡེབ་སྟེ་དམག་ཁྲི་ལྔས་ཨན་ནན་ལ་རྒོལ། སྤྱི་ལོ་༨༦༣ལོར་འཇང་གིས་ཅའོ་ཀྲིས་མཁར་གཏོར་ཞིང་ཨན་ནན་ཐེངས་གཉིས་ལ་ཕབ། ཐང་གི་མངའ་འབངས་གསོད་གཏུབ་དང་འཛིན་བཟུང་བྱས་པའི་གྲངས་འབོར་ཁྲི་ཕྲག་ལྔའི་མན་དུ་ལྷུང་མེད། འཇང་གིས་ཧྲན་ཏན་ལྟ་ཞིབ་དཔོན་ཡང་སུས་ཅིན་ལ་དམག་དཔུང་ཁྲི་གཉིས་ཀྱི་སྣ་དྲངས་ཏེ་ཨན་ནན་འགོག་སྲུང་བྱེད་དུ་མངགས་པས་ཐང་གི་འགོག་སྲུང་ལིན་ནན་དུ་ཕྱིར་འཐེན་བྱས། སྤྱི་ལོ་༩༦༦ལོར་ཐང་གི་ཨན་ནན་སྤྱི་ཁྱབ་ལྟ་སྲུང་དཔོན་ཀའོ་ཕན་གྱིས་འཇང་དམག་ཁྲི་གསུམ་ལྷག་བསད་དེ། འཇང་ལ་ཕམ་ཉེས་ཆེན་པོ་སྤྲད་ཅིང་ཕམ་དམག་རྣམས་ཕྱིར་བྲོས།ཐང་ཡུས་ཙོང་གིས་ཨན་ནན་དང་། ཡུས་ཀྲིག། ཞི་ཁྲོན་བཅས་ཀྱི་དམག་དཔུང་གིས་སོ་སོས་སོ་མཚམས་སྲུང་སྟེ་འཇང་ལ་ཕར་རྒོལ་བྱེད་དུ་མ་བཅུག་པར་བསྐྱར་དུ་འཇང་ལ་ཕོ་ཉ་མངགས། གལ་ཏེ་སྔར་ལྟར་སླར་ཡར་འདུམ་བྱ་ཚེ་ཐང་གིས་སྔར་གྱི་དོན་རྡོག་གཅིག་ལའང་དོགས་འདྲི་མི་བྱ་བའི་ཞལ་བཞེས་གནངས། སྐབས་དེ་ཤེད་དུ་ཐང་རྒྱལ་རབས་རྨང་ནས་རུལ་སུངས་དང་ཉམས་ཤིང་རྒུད་པར་གྱུར་བས་མཐའ་མཚམས་ཀྱི་ས་གནས་དཔོན་པོ་ཆེ་ཆུང་གང་ཡིན་རུང་འདོད་རྔམ་དང་གདུག་རྩུབ་མི་ཆེ་བ་གཅིག་ཀྱང་མེད།

ཐང་སྲིད་གཞུང་གིས་རང་རང་གི་སོ་མཚམས་སྲུང་ཞེས་སྨྲས་ནའང་ས་གནས་དཔོན་རིགས་རྣམས་ཀྱིས་རང་ཉིད་ཁོ་ནའི་ཁེ་ཕན་ཆེད་སྔར་ལྟར་གྱོད་དང་ཁ་མཆུ་སློང་། སྤྱི་ལོ་༨༦༩ལོར་འཇང་དམག་གིས་ཞི་ཁྲོན་ལ་བཙན་འཛུལ་བྱས་ཏེ་ལམ་བར་གྱི་རྫོང་དང་ཁུལ་རྣམས་བཅོམ། སྤྱི་ལོ་༨༧༠ལོ་ཁྲིན་ཏུའུ་སྐོར་བཅོམ་བྱས། སྤྱི་ལོ་༨༧༥བར་ཀའོ་ཕན་ཞི་ཁྲོན་ལྟ་ཞིབ་དཔོན་བྱས་པས་ད་གཟོད་འཇང་དམག་རྒྱལ་མོ་རྔུལ་ཆུའི་ཕ་རོལ་ཏུ་བསྐྲད་དེ་ཤོར་ཟིན་པའི་རྫོང་དང་ཁུལ་རྣམས་ཕྱིར་ལེན་ཐུབ་པ་བྱུང་། སྤྱི་ལོ་༨༨༠་ལོར་ཐང་གི་བློན་ཆེན་མོ་ལའོ་ཞར་སོགས་ཀྱིས་འཇང་གིས་རྒོལ་བཅོམ་བྱས་པ་དེ་སྤྱི་བསྡོམས་བགྱིས་ཏེ་བརྗོད་དོན། ཞན་ཐུང་(སྤྱི་ལོ་༨༦༠་ལོ)ཁྲི་ལོ་ནས་བཟུང་འཇང་གིས་ཨན་ནན་དང་། ཡུས་ཀོན་གཉིས་ཐེངས་གཉིས་ལ་ཕབ་ཅིང་ཆན་ཀྲུང་དུ་སླེབས་མ་ཐག་ཞི་ཁྲོན་ལ་ཐེངས་བཞིར་བཙན་འཛུལ་བྱས་ཏེ། དམག་བསྡུ་འབྲུའི་དཔྱ་ཕབ།གནམ་འོག་སྡུག་ལ་སྦྱར། དཀའ་སྡུག་འདི་བགྲང་བྱ་བཅོ་ལྔ་ལས་འགོངས་བར་གྱུར། དཔྱ་ཁྲལ་མང་ཆེ་བ་རྒྱལ་སར་མི་འབྱོར་བར་ལྟ་ཞིབ་དཔོན་གསུམ་གྱི་མཛོད་ཕུག་ཟད་དེ་སྟོང་། དམག་དཔུང་ཚ་བས་བཀྲོངས་ཤིང་འབངས་རྣམས་ཇག་ལ་སྦྱར། ཡུལ་དབུས་ཐང་སྟོང་དུ་ལྷག་པ་ཐམས་ཅན་འཇང་གི་རྐྱེན་ཡིན་ཟེར། ཕྱི་ངོས་ནས་བལྟས་ཚེ་ཐང་རྒྱལ་ཁབ་མགྱོགས་མྱུར་གྱིས་ཉམས་རྒུད་དུ་གྱུར་པ་དེ་འཇང་གི་བཙན་འཛུལ་དང་འབྲེལ་པ་ཐག་གིས་ཆོད། འོན་ཏེ་འཇང་གི་ཆག་སྒོ་སློང་བའི་རྩ་བ་ནི་དེ་ལས་ཀྱང་ཐང་གི་ཆེས་རུལ་སུངས་ཀྱི་རྣམ་པ་དེ་ཡིན་པས་གནད་དོན་འདི་ལ་ལའོ་ཞིག་སོགས་ཀྱིས་ཀྱང་ཐད་ཀར་དཔྱད་མ་ཕོད་པ་རེད།

སྤྱི་ལོ་༨༩༧ལོར་འཇང་གི་གོང་མ་ཧྥ་ཧྲན་ཏན་མཁར་དུ་བཀྲོངས་ཤིང་སྲས་སྲིན་དཔའ་རྒྱལ་སར་བསྐོས། སྤྱི་ལོ་༩༠༢ལོར་སྲིན་དཔའ་འདས་ཤིང་ཁོང་གི་གདུང་སྲས་དགོང་ན་གཅིག་ལའང་སོན་མེད་པས། བློན་ཆེན་ཀྲིན་མད་སིས་ཀྱིས་རྒྱལ་སྲིད་བཟུང་སྟེ་སྲིན་དཔའ་བཀྲོངས། དམག་དྲངས་ཏེ་དམུ་ཚང་གི་གཉེན་ཉེ་རྩ་ལག་བརྒྱད་བརྒྱ་ཙམ་གྱི་སྲོག་བཀུམས་ཏེ་འཇང་རྒྱལ་ཁབ་བསྣུབས།

སྤྱི་ལོ་༧༣༨ལོར་ཕིས་ལོ་ཀུག་གིས་འཇང་ཚོ་ཁག་དྲུག་གཅིག་གྱུར་བྱས་པ་ནས་༩༠༢་ལོར་ཀྲིན་མད་སུས་ཀྱིས་འཇང་བསྣུབས་པའི་བར་འཇང་རྒྱལ་ཁབ་དེ་སྔ་ཕྱི་བགྲང་བྱ་བརྒྱ་དང་རེ་ལྔ་ཕྱིན།

འཇང་གི་རྒྱལ་བོ་རིམ་བྱོན།

སྲིད་ལོང་(舍龙)——–ཞིས་ནོ་ལའོ(细奴逻)༦༤༩ནས༦༧༤)———-ལོ་སྲིན་ཡན(逻盛炎)རྒྱལ་སྲིད་བཟུང་བའི་ལོ་ཚིགས་མི་གསལ)——–ཡན་ཀུག(炎阁རྒྱལ་སྲིད་བཟུང་བའི་ལོ་ཚིགས་མི་གསལ)———-གཅུང་སྲིན་ལོ་ཕིས་(盛逻皮རྒྱལ་སྲིད་བཟུང་བའི་ལོ་ཚིགས་མི་གསལ)——–ཕིས་ལོ་ཀུག་(皮逻阁)ཐང་གིས་དམུ་གོས་ཡུས་(蒙归义)ཀྱིས་མཚན་གནངས།? ནས༧༤༨)——–ཀུག་ལོ་ཧྥུན་(阁逻凤བོད་སྐད་དུ་ཀག་ལ་བང་ཟེར)༧༤༨ནས༧༧༨)——–དབོན་ཡུས་མུའུ་ཞིན་(异牟寻༧༧༨ནས་༨༠༨)——–ཞིན་ཀུག་ཆོན་(寻阁劝)༨༠༨ནས༩༠༩)——–ཆོན་ལུང་ཁྲིན་(劝龙成༨༠༩ནས༨༡༦)——–གཅུང་ཆོན་ལིས་(劝利༨༡༦ནས༨༢༣)་———–ཧྥུན་ཡིག(丰祐༨༢༣ནས༨༥༩)———ཆིག་ལུང་(酋隆)སྲིད་ལུང་(世隆)ཡང་ཟེར་(༩༥༩ནས༨༧༧)——ལུང་སྲིན་((隆舜)༨༧༧ནས༨༩༧)———-སྲིན་དཔའ་(舜化༨༩༧ནས༩༠༢)

རྟག་བརྟན་རྒྱལ་ཁབ་ཆེན་མོ།  ( ༩༠༢་ནས་༩༢༨  )

ཀྲིན་མན་སུས་ལ་ཡོང་ཡང་ཟེར་ཞིང་ཁོ་ནི་ཀྲིན་ཧེའི་བུ་རབས་ཚ་རྒྱུད་ཨང་བདུན་པ་དེ་ཡིན། ཀྲིན་ཧེ་ལ་མངའ་བདག་མན་ལིས་ཡང་ཟེར་ཞིང་མངའ་བདག་ནི་ཁོ་ལ་གནང་བའི་ཆོ་ལོ་ཡིན་པས། ཁོའི་བུ་རབས་ཚ་རྒྱུད་ངང་གིས་རུས་ཆེན་སྐུ་དྲག་གི་ཁྲོད་དུ་ཚུད་དེ་སྲིད་དོན་ལ་ཞུགས།སྲིད་ལུང་གྱི་སྐབས་ཀྲིན་མན་སུས་ཀྱིས་ཆབ་སྲིད་ཀྱི་དབང་ཆ་བཟུང་ཞིང་སྲིན་དཔའ་ཡི་དུས་སུ་བློན་ཆེན་པོར་བསྡད་དེ་རྒྱལ་སྲིད་འཕྲོག་པའི་དབང་ཤུགས་གསོག་འཇོག་བྱས། འཇང་རྒྱལ་ཁབ་བསྣུབས་རྗེས་རྒྱལ་ཁབ་ཀྱི་མཚན་རྟག་བརྟན་རྒྱལ་ཁབ་ཆེན་མོ་རུ་བསྒྱུར་བ་ལས་ལམ་ལུགས་གཞན་དག་ལ་འཕོ་འགྱུར་མ་བཏང་། ཁྲང་ཧག་ཞེས་པའི་མཚན་འདིས་ཏག་ཏག་སྐབས་དེ་ཤེད་དུ་སྐུ་དྲག་བར་གྱི་དབང་ཆ་འཕྲོག་རྩོད་དེར་ཞི་མཐུན་བྲལ་བ་མཚོན། འཇང་བོད་ལས་གཡུལ་རྒྱལ་ཅིང་ལྷག་པར་དུ་ཐང་ནས་བཟུང་དམག་གཏོར་ཆེན་པོ་འཕྲོག་པས། དམག་སྤྱི་རྣམས་ལ་དབང་ཆ་ཐོབ་སྟེ། དཔུང་ཤུགས་སྤྱད་དེ་རང་ས་བཙན་བཟུང་བྱས་ཤིང་ཕྱི་ཕྱོགས་སུ་རྒོལ་བཅོམ་བྱེད་རྒྱུ་དེ་ཕན་ཚུན་ནང་དམེ་དང་འཕྲོག་རྩོད་བྱེད་པའི་རྒྱུ་རུ་གྱུར། རྟག་བརྟན་རྒྱལ་ཁབ་ཆེན་མོ་ནས་ཏ་ལི་རྒྱལ་ཁབ་བར། རྒྱ་ཡུལ་གྱི་སྲིད་གཞུང་ལ་བཀག་སྡོམ་བརྟན་སྲུང་གི་རྣམ་འགྱུར་བཟུང་པས་ཆབ་སྲིད་ཀྱི་ཐད་ནས་འབྲེལ་འོང་ཤིན་ཏུ་དཀོན་ལ་དམག་དོན་གྱི་ལས་འགུལ་དེ་བས་ཀྱང་སྤེལ་མ་ཕོད། དེ་ནི་ནང་དམེ་ཤིན་ཏུ་ཛ་དྲག་པའི་རྐྱེན་རེད། གལ་ཏེ་ནག་ལོགས་སྲིད་གཞུང་གིས་ཐེ་གཏོགས་བྱས་ཚེ། ཉམ་ཆུང་གི་རྒྱལ་ཁབ་ཀྱིས་གཏན་ནས་ལྕོགས་ཐབས་བྲལ། སྤྱི་ལོ་༩༦༥་ལོར་སུང་གི་དམག་སྤྱི་ཆེན་མོ་ཝང་ཆོན་ཧྥུའུ་ཡིས་ཧྲུའུ་ཕྱི་མ་བསྣུབས་ཤིང་རྒྱལ་ཁ་དང་བསྟུན་ནས་ཡུན་ནན་ལ་རྒོལ། སུང་ཐའེ་ཙུང་གིས་སྟོབས་ཤུགས་ཡོད་རྒུ་གཅིག་ཏུ་སྒྲིལ་ནས་ནང་ཁུལ་གཏན་འཇགས་བབ་བརླིང་དུ་གཏོང་བཞིན་པས། དམག་འདྲེན་མ་ཕོད་པར་ཁོས་ས་ཁྲའི་སྟེང་དུ་གཡང་ཏི་ཡིས་རྒྱལ་མོ་དངུལ་ཆུའི་རྟགས་ཤིག་བརྒྱབ་སྟེ། གཙང་པོའི་ཕ་རོལ་ནི་བདག་གི་ཡུལ་ཁམས་མིན་ནོ་ཞེས་སྨྲས། ཡུན་ནན་དང་སུང་རྒྱལ་རབས་གཉིས་ཀར་ནང་ཁུལ་ལ་བརྟན་བརླིང་བྲལ་བས་ཕན་ཚུན་རྒྱང་འགྱེད་དེ་འབྲེལ་འོང་མེད་པར་ལོ་ངོ་སུམ་བརྒྱ་ཕྱིན།

ཀྲིན་མན་སུས་ཀྱིས་རྒྱལ་སྲིད་ཁོའི་ཚ་བོ་ཀྲིན་ལུང་ཧྲན་ལ་སྤྲོད་པའི་སྐབས་དེར། ཏུང་ཁྲོན་ལྟ་ཞིབ་དཔོན་ཡང་ཀན་ཀྲིན་གྱིས་ཀྲིན་ལུང་ཧྲན་བཀྲོངས་ཏེ་རྟག་བརྟན་རྒྱལ་ཁབ་ཆེན་མོ་བསྣུབས།

རྟག་བརྟན་རྒྱལ་ཁབ་ཆེན་མོའི་རྒྱལ་པོ་རིམ་བྱོན།

ཀྲིན་མན་སུས(༩༠༢་ནས་?)———ཀྲིན་ཝུན་(?ནས་༩༢༦)————ཀྲིན་ལུང་ཧྲན་(༩༢༦་ནས་༩༢༨)

གནམ་དར་རྒྱལ་ཁབ་ཆེན་མོ།  ཞི་བདེ་རྒྱལ་ཁབ་ཆེན་མོ (  ༩༢༨་ནས་༩༣༧  )

ཡང་ཀན་ཀྲིན་གྱིས་ཞི་མཐུན་རྒྱལ་ཁབ་ཆེན་མོ་བསྣུབས་ཏེ།ཀྲའོ་ཧྲན་ཀྲིན་རྒྱལ་ཁྲིར་བཀོད་ཅིང་རྒྱལ་ཁབ་ཀྱི་མཚན་ལ་གནམ་དར་རྒྱལ་ཁབ་ཆེན་མོ་འམ་ཞིན་ཡོན་རྒྱལ་ཁབ་ཅེས་གསོལ། སྤྱི་ལོ་༩༢༩ལོར་ཡང་ཀན་ཀྲིན་གྱིས་ཀྲའོ་ཧྲན་ཀྲིན་སྤྱུགས་ཏེ་རང་ཉིད་རྒྱལ་ཁྲིར་བཀོད་དེ་རྒྱལ་ཁབ་ཀྱི་མཚན་ཞི་བདེ་རྒྱལ་ཁབ་ཆེན་མོ་རུ་བསྒྱུར།ཡང་དང་ཀྲའོ་ཚང་མ་མྱ་དཀར་གྱི་རུས་ཆེན་གཉིས་ཡིན། ཀྲིན་མན་སུས་ཀྱིས་དམུ་ཁྱིམ་རྒྱུད་ཀྱི་གཉེན་ཉེ་དུ་རྣམས་བཀུམས་པས་མྱ་ནག་གི་དབང་ཤུགས་ཤོར་ཏེ་མྱ་དཀར་པས་སྔ་ཕྱི་ཀུན་ཏུ་རྒྱལ་སྲིད་བཟུང། སྤྱི་ལོ་༩༣༧་ལོར་ཐུང་ཧེ་ལྟ་ཞིབ་དཔོན་དོན་སིས་ཕིན་གྱིས་ཞི་བདེ་རྒྱལ་ཁབ་ཆེན་མོ་བསྣུབས།

ཏ་ལི་རྒྱལ་ཁབ།        (       ༩༣༧་ནས་༡༢༥༣    )

དོན་སིས་ཕིན་ནི་མྱ་དཀར་གྱི་རུས་ཆེན་ཞིག་ཡིན་ལ་འཇང་ཏིག་ཧྭ་རྡོ་རིང་སྟེང་གི་མཚན་བྱང་དང་པོ་སྟེ། བློན་ཆེན་པོ་དོན་ཀྲུང་ཀོ་དང་མཚན་སྔ་མར་ཇ་ཝེ་ནི་དོན་སིས་ཕིན་གྱི་མེས་པོ་དྲུག་པ་ཡིན། དོན་ཁྱིམ་རྒྱུད་ཀྱི་མེས་པོ་ནི་སྔར་འབྲོང་ལུང་རྫོང་གི་མི་ཡིན་པར་བརྗོད་པས། དོན་ཁྱིན་རྒྱུད་འདི་ཕལ་ཆེར་འཇང་དུ་གྱུར་བའི་རྒྱ་མི་ཡིན་པར་ངེས།ཡང་ཀན་ཀྲིན་གྱིས་དོན་སིས་ཕིན་་བཀྲོང་རྩིས་བྱས་པར་ཞང་དབོན་ཚོན་ཕན་དང་ཁོའི་གྲོགས་ཀའོ་ཧྥང་སའོ་ཁོང་ནི་ཀྲའོ་ཧྲན་ཀྲིན་གྱི་བློན་རྒན་པ་ཞིག}་གཉིས་ཀས་འགེབ་སྲུང་བྱས། དེ་མིན་ད་དུང་མྱ་ནག་དང་སུང་ཚོན་ཚོ་བ་སོ་བདུན་ལ་དམག་རོགས་བཅོལ་ཏེ་རྡོ་མཁར་(ཆིས་ཅིན་རྫོང་)་རུ་དམག་འཛོམས་ཤིང་ལྡོང་རྒྱ་ལོ་དམག་སྤྱི་ཆེན་མོ་བྱས། ཐེ་ཧག་མཁར་ཕབ་ཅིང་ཏ་ལི་རྒྱལ་ཁབ་གསར་དུ་བཙུགས།

ཚོ་ཁག་སོ་བདུན་གྱི་ཚོ་བ་ཕལ་ཆེ་བ་ནི་མྱ་ནག་པོ་ཡིན། དེ་དག་གི་ཁོད་དུ་ཡོ་མིའི་ཚོ་བ་འགའ་རེ་ཡང་ཡོད། ཡང་ཀན་ཀྲིན་གྱིས་ཡང་གི་ཁྱིམ་རྒྱུད་བསྣུབས་ཤིང་ཚང་མའི་རྟེན་ས་ནི་ཚོ་བ་སོ་བདུན་གྱི་རོགས་འདེགས་ཡིན། དོན་སིས་ཕིན་གྱིས་རྒྱལ་སྲིད་བཟུང་རྗེས་ཐོག་མར་ཁོས་ཚོ་བ་སོ་བདུན་གྱི་དཔྱ་ཁྲལ་དོར་ཏེ་ཕན་ཚུན་ཞི་མཐུན་མཉམ་གནས་བྱེད་པའི་མནའ་བོར། ཚོ་བ་སོ་བདུན་གྱི་བསྟི་གནས་ནི་ཏན་ཁྲུས་ཀྱི་ཤར་དང་བྱང་། ལྷོ་བཅས་ཕྱོགས་གསུམ་ཡིན། ཏ་ལི་རྒྱལ་ཁབ་ཀྱི་མཐའ་མཚམས་དེ་འཇང་དང་ཅུང་འདྲ་ཞིང་དངོས་ཡོད་ཀྱི་སྟོབས་ཤུགས་རྣམས་དེ་ལས་ཨར་ཧེ་མཚོ་མོ་ལྟེ་བ་བྱས་པའི་ཡུན་ནན་ནུབ་ཁུལ་དུ་ཚོད་འཛིན་བྱེད་པ་ལས་འཇང་རྒྱལ་ཁབ་ལྟར་ཕྱི་ཕྱོགས་སུ་རྒོལ་བཅོམ་བྱེད་ཕོད་པ་ཞིག་མིན།

ཏ་ལི་རྒྱལ་ཁབ་ཀྱི་རྒྱལ་སྲིད་དོན་ལེན་ཡུས་ལ་བརྒྱུད་པའི་སྐབས་སུ། བློན་ཡང་ཡུས་ཀྲིན་གྱིས་དོན་ཁྱིམ་རྒྱུད་དབྱུང་སྟེ་རང་ཉིད་ཀོན་ཨན་གོང་མར་བསྐོས། ལོ་ངོ་བཞི་རྗེས་སུ་དོན་ཁྱིམ་རྒྱུད་ཚང་གི་བློན་ཀའོ་ཀྲིས་ཧྲིན་ཀྱིས་སྲས་ཀའོ་ཧྲིན་ཐར་མངགས་ཏེ་ཤར་ཕྱོགས་དམག་དཔུང་(སྐབས་དེར་ཚོ་བ་སོ་བདུན་གྱི་དམག་དཔུང་ལ་གོ)་དྲངས། ཡང་ཁྱིམ་རྒྱུད་བསྣུབས་ཏེ་དོན་ཧྲུག་ཧེ་རྒྱལ་སར་བཀོད། སྤྱི་ལོ་༡༠༩༩་(སུང་ཀྲིག་ཙུང་ཡོན་ཧྥུའུ་ཁྲི་ལོ་གཉིས་པ།)ལོར་དོན་ཧྲུག་ཧེ་ཡིས་སྲིད་དབང་ཀའོ་ཧྲིན་ཐར་ལ་གནང་ཤིང་ཁོས་རྒྱལ་ཁབ་ཀྱི་མཚན་དབུས་རྒྱལ་ཁབ་ཆེན་མོར་བསྒྱུར།ཀའོ་ཧྲིན་ཐར་འདས་པས་སྲས་ཀའོ་ཐར་མུན་གྱིས་རྒྱལ་སྲིད་སླར་ཡང་དོན་ཁྲིན་ཕུའུ་ལ་སློག་སྟེ་རྒྱལ་ཁབ་གྱི་མཚན་ཏ་ལི་ཕྱི་མར་བསྒྱུར། དེའི་སྐབས་སུ་ཤར་ཕྱོགས་ཚོ་བ་སོ་བདུན་རང་བཙན་བྱས་ཏེ་ཡང་ཡང་ཏ་ལིས་རྒྱལ་ཁབ་ཕྱི་མ་དང་དམག་འཐབ་བྱས། ཀའོ་ཁྱིམ་རྒྱུད་ཀྱིས་སྲིད་དབང་སྒེར་སྤྱོད་བྱས་པས། རྒྱལ་འབངས་ཡོངས་ཀྱིས་ཀའོ་གཙོ་བདག་ཞེས་འབོད་ལ་སྟག་གཟིག་དང་། ཁུ་ནུ་རྒྱལ་ཁབ་རྣམས་ཀྱི་ཚོང་པ་རྣམས་ཚོང་འབྲེལ་བྱེད་དུ་སླེབས་སྐབས་ཐོག་མར་ཀུན་གྱིས་ཀའོ་གཙོ་བདག་མཇལ་དགོས། ཀའོ་ཁྱིམ་རྒྱུད་ཀྱིས་རྒྱལ་སྲིད་ཕྱིར་སྤྲད་པ་དེ་དོན་དངོས་སུ་དོན་ཁྱིམ་རྒྱུད་དབྱུང་མི་ཕོད་པའི་རྐྱེན་ཡིན་ལ་ཤར་ཕྱོགས་ཚོ་བ་སོ་བདུན་གྱི་ངོ་རྒོལ་དེ་ཕལ་ཆེར་ཁྱིམ་རྒྱུད་དང་འབྲེལ་ཡོད་ངེས།

སྤྱི་ལོ་༡༡༡༦་ལོར་(སུང་ཧེ་ཙུང་ཀྲིན་ཧག་ཁྲི་ལོ་གསུམ་པ)ཏ་ལི་རྒྱལ་ཁབ་ཕྱི་མའི་རྒྱལ་པོ་དོན་ཧག་ཡུས་ཀྱིས་ཕོ་ཉ་མངགས་ཏེ་སུང་གི་ཕོ་བྲང་དུ་འབྱོར་ཞིང་སུང་ཧེ་ཙུང་གིས་དོན་ཧག་ཡུས་ལ་ཏ་ལི་རྒྱལ་ཁབ་གྱི་རྒྱལ་པོའི་མཚན་གསོལ། སྤྱི་ལོ་༡༡༧༣་ལོར་ཏ་ལི་རྒྱལ་ཁབ་ཀྱི་ཕོ་ཉ་ལིས་ཀོན་ཡུན་ཏིག་སོགས་མི་སོ་གཉིས་ཡུས་ཀྲིག་ཏུ་འབྱོར་ཏེ་ཚོང་འབྲེལ་གྱི་གྲོས་བཏབ། སྤྱི་ལོ་༡༢༥༣་ལོར་སོག་རྒྱལ་ཨོ་གོར་ངྷར་ཧན་གྱིས་ཧུ་པེ་ལེར་འཇང་ཡུལ་དུ་དམག་འདྲེན་དུ་བཅུག་པས། དོན་ཞིན་ཀྲིས་དང་ཀའོ་ཐའེ་ཞང་གཉིས་འཛིན་བཟུང་བྱས་ཏེ་ཏ་ལི་རྒྱལ་ཁབ་བསྣུབས།ཡུན་ནན་དང་ནང་ལོགས་གཉིས་ཁ་གྱེས་ཤིང་འགྲོ་འོང་ཆད་དེ་སྔ་ཕྱི་ལོ་ངོ་སུམ་བརྒྱ་ལྷག་འདས། ཐང་དང་སུང་རྒྱལ་རབས་གཉིས་ཀར་གནས་བབས་འདི་བཅོས་བསྒྱུར་བྱེད་པའི་སྟོབས་ཤུགས་བྲལ་རྐྱེན་ཡོན་རྒྱལ་རབས་ཀྱིས་ཡུན་ནན་གྱི་ས་ཁུལ་བཅད་བཟུང་བྱ་མཁན་རྣམས་ཚར་བཅད་དེ་དམག་དཔུང་བདེ་ལེགས་ངང་དྲངས། འགོག་རྒོལ་གྱི་སྟོབས་ཤུགས་ཆེན་པོར་མ་ཕྲད་པ་དེས་ཡུན་ནན་རིགས་སོ་སོའི་མང་ཚོགས་དོན་ཁྱིམ་རྒྱུད་དང་ཀའོ་ཁྱིམ་རྒྱུད་གཉིས་ཀའི་བཅད་བཟུང་ལ་ཞེ་འགྲས་ཏེ། ནང་ལོགས་ས་ཁུལ་དང་གཅིག་གྱུར་བྱེད་འདོད་ཡོད་པ་གསལ་བཤད་བྱས་ཡོད། དཔལ་འབྱོར་དང་རིག་གཞུང་ཡར་རྒྱས་གོང་འཕེལ་དུ་བཏང་བའི་རྐྱེན་གྱིས་ནང་ལོགས་ས་ཁུལ་དང་འགྲོ་འོང་སྔར་ལས་ཀྱང་མང་བ་བྱེད་དགོས་ཤིང་དབང་བསྒྱུར་གྲལ་རིམ་གྱིས་འདི་ཉིད་ཡུན་རིང་ལ་གཏན་ནས་ཁ་འཐོར་བཏང་མི་ཆོག།

ཏ་ལི་རྒྱལ་ཁབ་ཀྱི་དོན་སིས་ཕིན་ནས་དོན་ཞིན་ཀྲིས་བར་རྒྱལ་པོ་ཉེར་གཉིས་དང་དེ་དག་གིས་རྒྱལ་སྲིད་ལོ་སུམ་བརྒྱ་བཅུ་བདུན་ལ་བསྐྱངས།

སྤྱི་ལོ་༧༣༨་ལོར་འཇང་གི་ཕིས་ལོ་ཀུག་གིས་འཇང་ཚོ་དྲུག་གཅིག་གྱུར་བྱས་པ་ནས་སྤྱི་ལོ་༡༢༥༣་ལོར་ཏ་ལི་རྒྱལ་ཁབ་འཇིག་པའི་བར་ལོ་ངོ་ལྔ་བརྒྱ་བཅུ་དྲུག་ཕྱིན།

ལེའུ་གཉིས་པ། སྤྱི་ཚོགས་དཔལ་འབྱོར་དང་རིག་གཞུང།

ཡུན་ནན་ནི་སྔར་མྱ་རིགས་མང་དྲགས་ཏེ། ཡིག་ཐོག་ཏུ་འགོད་ཐབས་བྲལ་བའི་མི་རིགས་སྣ་མང་འདུས་སྡོད་བྱེད་ས་ཞིག་ཡིན། མི་རིགས་འདི་དག་གི་ཁྲོད་དུ་དཔལ་འབྱོར་དང་རིག་གཞུང་གི་ཚད་རིམ་ཆེས་མཐོ་ཤོས་ནི་རྒྱ་རིགས་དང་མྱ་དཀར།དེ་ནས་མྱ་ནག་བཅས་ཡིན། འདིའི་རྗེས་སུ་ཤེས་རིག་དང་ཀླ་ཀློའི་བར་གྱི་ཧེ་བག་ཤིན་ཏུ་ཆེ་བ་ལ།དེ་དག་ནི་དཔེར་ན་ཤ་རློན་ཟ་བའི་ཞིན་ཀྲོན་མྱ་དང་ནག་མོ་མང་པོས་ཁྱོ་ག་གཅིག་བསུ་བའི་ལའོ་ཞིན་མྱ་སོགས་ཡིན་པས་ཆེས་ཀླ་ཀློའི་གྲས་སུ་བགྲང་ཆོག། ཚད་གཞི་ཅུང་མཐོ་བའི་ཚོ་བ་འགས་ཡུལ་སྲོལ་གོམས་གཤིས་ཀྱང་གང་མགྱོགས་ཀྱིས་བསྒྱུར་བཞིན་ཡོད། ལྕགས་སོ་དང་། གསེར་སོ་། དངུལ་སོ་བཅས་རིགས་གསུམ་གྱིས་ཕྱི་ཕྱོགས་ཀྱི་མི་དང་འབྲེལ་འདྲིས་བྱས་ཏེ། རྫམ་བུ་དང་གསེར་དངུལ་གྱི་སྣོད་ཆས་སྤྱོད། སོ་ཤན། གུས་ལུགས་སྟོན། རྐང་ཁྲ་རིགས་ཀྱིས་རྐང་པའི་ཉྭ་པར་མེ་ཏོག་བརྐོ་ལ་གདོང་ཁྲ་རིགས་ཀྱིས་བྱིས་པ་ཟླ་ཁ་བཀང་རྗེས་ངོ་གདོང་དུ་ནག་ཐིག་བརྐོ། ཏའོ་ཐིས་རིགས་ཀྱིས་ངོ་གདོང་དང་ལུས་པོ་གཉིས་ཀའི་སྟེང་དུ་ནག་ཐིག་བརྐོ། སྣ་ཏོག་ཅན་ཀྱིས་སྣ་བར་གསེར་གྱི་ཨ་ལོང་ཆེན་པོ་དཔྱང་། ཚོ་དཔོན་ཕྱི་རུ་བསྐྱོད་དུས་ཕོ་ཉས་དར་གོས་ཀྱིས་གསེར་གྱི་སྣ་ལོང་འདེགས་བཞིན་མདུན་དུ་བསྐྱོད། དེ་ཡང་ལ་ལས་གསེར་གྱི་འཛེར་མ་གཉིས་ཀྱིས་སྣ་བ་ཕུག་ཅིང་འཛེར་མའི་སྣེ་གཉིས་སྣ་ཁུང་ལས་ཐོན་པར་བྱེད། ཐོད་ཅོག་རིང་པོའི་རིགས་ཀྱིས་དཔྲལ་བར་ཐོད་ཅོག་རིང་པོ་བཞག་སྟེ་མར་ལྟེ་བར་སླེབས། ལམ་དུ་འགྲོ་དུས་མདུན་གྱི་སྐྲ་རིང་པོ་དངོས་པོས་ཡར་འཇོག་དགོས། ཚོ་དཔོན་གྱི་ཐོད་པའི་སྐྲ་ལོ་རིང་པོ་བུད་མེད་གཉིས་ཀྱིས་ཡར་བཀྱགས་རྗེས། ད་གཟོད་མདུན་དུ་བགྲོད་ཐུབ། འདི་ལྟ་བུའི་ཡུལ་སྲོལ་གྱིས་ཁོ་ཚོ་གནས་པའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་རིམ་པ་དེ་རྗེས་ལུས་ཀྱི་རང་བཞིན་ཡིན་པ་ཏག་ཏག་བསྟན་ཡོད་པས་ཤེས་རིག་ཅུང་མཐོ་བའི་མིས་བལྟས་ཚེ་འཕྱ་དགོད་མི་ཤོར་ཀ་མེད་རེད།

དེ་བཞིན་དུ་རིག་གཞུང་དེ་བས་ཀྱང་མཐོ་བའི་མིས་རིག་གནས་ཅུང་མཐོ་བའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་འགར་བལྟས་ཚེ། དེ་ལྟར་ཁོང་དགོད་མི་ཤོར་ཐབས་མེད་རེད། རིག་གནས་འཕེལ་རྒྱས་ལ་ཕ་མཐའ་བྲལ་ཞིང་ཅུང་རྗེས་ལུས་ཀྱི་རིག་གཞུང་ལ་ནམ་ཡང་དགོད་བྲོ་བའི་ཡུལ་སྲོལ་གྱི་ཆ་རེ་མ་ལྷག་ཐབས་མེད་ཡིན། གནད་དམ་པ་ནི་སྤང་བླང་ལེགས་པར་དབྱེ་སྟེ་རང་ཉིད་ཀྱི་སྲོལ་རྙིང་བཅོས་བསྒྱུར་བྱེད་དགོས། ཡིན་ཡང་རྗེས་ལུས་དང་རྙིང་ཞེན་གྱི་ངོ་བོ་དུས་ནམ་ཡང་ཕན་ཚུན་རྐྱ་འཐབ་ཅིང་རྗེས་ལུས་མི་རིགས་ཀྱིས་དུས་ནམ་ཡང་སྲོལ་རྙིང་རྒྱུན་འཛིན་བྱེད་པར་འདོད། དེ་དག་གིས་སྲོལ་རྙིང་རྒྱུན་འཛིན་བྱས་པས་རང་རིགས་འཚོ་ཞིང་གནས་ཐུབ་པར་འདོད། རང་རིགས་གནས་ཞིང་འཚོ་བར་འདོད་པ་ནི་ཡང་དག་པའི་རྒྱུ་མཚན་ཡིན་ཡང་འདི་ལ་དམིགས་ཏེ། རྗེས་ལུས་ཀྱི་གནས་བབས་ཁྲོད་དུ་སོས་དལ་བག་ཕེབས་ངང་བསྡད་ཚེ་འདི་ནི་ལུགས་དང་ཡེ་ནས་མི་མཐུན། དོན་དངོས་སུ་མི་རིགས་གང་དང་གང་ཡིན་རུང་ཚང་མས་དངོས་ཡོད་ཀྱི་ཆོས་ཉིད་ཞིག་དང་བསྟུན་བཞིན་འཚོ་སྡོད་དམ་འཕོང་བརླག་དུ་འགྲོ་བཞིན་ཡོད། ལུགས་དང་ལྡོག་པའི་རེ་འདུན་རྣམས་ལ་རེ་སྨོན་དང་ལྡོག་ཕྱོགས་ཀྱི་འབྲས་བུ་འབའ་ཞིག་སྨིན། ཆུ་ལ་ཆ་མཚོན་ན་ཆུ་ཕྲན་ཞིག་ལམ་ཐག་ངེས་ཅན་ཞིག་ལ་བཞུར་རྗེས། མུ་མཐུད་དེ་མདུན་བསྐྱོད་མི་བྱེད་པར་དེ་ཉིད་ཉི་མས་ཐག། བྱེ་རྡུལ་གྱིས་མནན། མཐར་ཆུ་མི་སྣང་བར་འགྱུར། འདི་ནི་དོན་དངོས་སུ་འཕོང་པ་རེད། དེ་མིན་ད་དུང་རྒྱུག་ཆུ་མང་པོ་མཆིས་ཤིང་མུ་མཐུད་དེ་བཞུར་ཞིང་ས་ཁུལ་གཞན་དུ་གཙང་ཆུར་འདྲེས།

འདིས་སྔར་གྱི་ཆུ་ཕྲན་གྱི་མིང་དེ་རྒྱུན་འཛིན་བྱས་མེད་ཀྱང་རྒྱུག་ཆུ་རྣམས་གཅིག་ཏུ་འདུས་ཏེ་གཙང་པོ་གྲུབ་ལ་གཙང་པོའི་མིང་དེ་ཆུ་ཕྲན་ཀུན་གྱི་སྤྱི་མིང་དུ་གྱུར། གཙང་པོ་གང་མང་ཞིག་མདུན་དུ་བཞུར་ཏེ་ཚང་མ་རྒྱ་མཚོ་དང་འདྲེས་ལ་རྒྱ་མཚོས་གཙང་མགོ་གང་ལ་ཐུག་པ་སོགས་མི་དབྱེ་པར་དེ་ལ་རྒྱ་མཚོའི་ཆུ་ཞེས་སྤྱི་མིང་གིས་འབོད། གལ་ཏེ་རྣམ་པ་ག་གེ་མོ་འགར་ཨ་འཐས་མ་བྱས་པར་སེམས་ཀྱིས་དེ་ཉིད་རྟོགས་ཤིང་ཆུ་བོའི་དཔེ་ལ་སྦྱར་བཞིན་མི་རིགས་ཤིག་གི་འཕོང་བརླག་གམ་འཚོ་གནས་ལ་བལྟས་ཚེ་འདྲ་བའི་ཆ་ཤིན་ཏུ་མང་། རྗེས་ལུས་ཡར་རྒྱས་མེད་པའི་མི་རིགས་ཤིག་དུས་སྐབས་ངེས་ཅན་ཞིག་ཏུ་སླེབས་ཚེ། འཚོ་སྡོད་ཀྱི་ཆ་རྐྱེན་(སྤྱི་ཚོགས་ཇི་ལྟར་འཕེལ་རྒྱས་སུ་ཕྱིན་པ་དང་འཚོ་སྡོད་ཀྱི་ཆ་རྐྱེན་དེ་བས་མཐོ་ལ་རྗེས་ལུས་མི་རིགས་ཀྱི་གནས་བབས་དེ་བས་ཀྱང་ཉེན་ཁ་ཆེ)་བྲལ་ཕྱིར་རིམ་གྱིས་ཉམས་རྒུད་དེ་བརླག་འགྲོ། འདི་ལྟ་བུ་ནི་ལོ་རྒྱུས་ཁྲོད་ཀྱི་རྒྱུན་མཐོང་གི་དཔེ་ཡིན། འཕེལ་རྒྱས་ཁྲོད་(འཕེལ་རྒྱས་ཀྱི་གོ་རིམ་ལ་དལ་མགྱོགས་གཉིས་ཀ་མཆིས་)ཀྱི་མི་རིགས་ནི་གྲངས་མང་ཤོས་ཡིན་པ་སྨྲ་ག་ལ་དགོས། དེ་རྣམས་མི་རིགས་ཆུང་བ་ནས་མི་རིགས་འབྲིང་བར་འདྲེས། དེ་ནས་མི་རིགས་འབྲིང་བའི་ཁྲོད་ནས་རིམ་གྱིས་མི་རིགས་ཆེན་པོ་དང་འདྲེས་ཤིང་འཐིམ་སྟེ། མཐར་མི་རིགས་ཆེན་པོ་ཞིག་འབའ་ཞིག་ལྷག་པར་འགྱུར།

མི་རིགས་ཆུང་ངུ་གང་མང་ཞིག་དང་མི་རིགས་འབྲིང་བ་མང་པོ་ཞིག་འཕོངས་སོང་མོད་དོན་དངོས་ནི་དེ་ལས་ལྡོག་སྟེ། དེ་རྣམས་འཕོང་བརླག་ཏུ་གྱུར་བ་མིན་པར་ཡར་རྒྱས་སུ་ཕྱིན་ཏེ།མི་རིགས་ཆེན་པོར་གྱུར་པའོ། ད་ལྟའི་འཛམ་གླིང་སྟེང་མི་རིགས་ཤིན་ཏུ་མང་པོ་ཞིག་ཡོད་ལ་སྤྱི་ཚོགས་ཚད་མཐོན་པའི་ངང་ཡར་རྒྱས་སུ་སོང་བ་དང་བསྟུན་ནས། གུང་ཁྲན་རིང་ལུགས་ཀྱི་སྤྱི་ཚོགས་མངོན་དུ་འགྱུར་ངེས། དུས་རབས་གང་མང་ཞིག་གི་རྗེས་སུ་ཚོ་བ་རྣམས་འཕོང་བརླག་ཏུ་གྱུར་ཏེ། མིའི་རིགས་སྤྱི་མཐུན་གྱི་ཕུང་པོ་ཞིག་ངང་གིས་གྲུབ་ལ་སྐབས་དེར་མི་རྒྱུད་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་སོགས་ཀྱི་དབྱེ་བ་རྒྱ་མཚོའི་གཞུང་དུ་འབབ་པའི་གཙང་པོ་དང་འདྲ་བར། རྫ་ཆུ་དང་ཆུ་རྙོག། ཚྭ་ཆུ་རྣམས་གཞི་གཅིག་ཏུ་འདྲེས་པས་དེ་ནི་འཕོང་བརླག་དུ་གྱུར་བ་མིན་པར་གཙང་པོ་ཐམས་ཅད་ཡངས་པའི་ཆུ་གཏེར་ཆེན་མོའི་ཀློང་དུ་འཐིམ་པའོ།

མི་རིགས་རྣམས་འདྲེས་མཐུན་དུ་འགྱུར་བའི་ཆོས་ཉིད་ནི་གྲངས་ཉུང་བའི་མི་རིགས་རྣམས་དུས་རྒྱུན་གྲངས་མང་བའི་མི་རིགས་ཀྱི་ནང་དུ་འདྲེས་མོད། དེ་ཉིད་ཆོས་ཉིད་གཙོ་བོར་ངོས་མི་འཛིན། ཆོས་ཉིད་གཙོ་བོ་ནི་དཔལ་འབྱོར་རིག་གཞུང་ཞན་པའི་མི་རིགས་དེ་དཔལ་འབྱོར་རིག་གཞུང་མཐོ་བའི་མི་རིགས་ཀྱི་ནང་དུ་འཐིམ་པས། ཆུ་བོ་རྟག་ཏུ་དམའ་སར་འབབ་ཅིང་སྤྱི་ཚོགས་ནམ་ཡང་མཐོ་སར་སྙེགས། ཆོས་ཉིད་འདི་ལས་འགོངས་བར་འགྱུར་བའི་སྟོབས་ཤུགས་ཤིག་སྲིད་ན་དཀོན། སྤྱི་ཚོགས་མདུན་དུ་བསྐྱོད་ཅིང་མདུན་བསྐྱོད་བྱེད་བཞིན་མི་རིགས་མདུན་དུ་བསྐྱོད་ལ་གྲལ་མཐའ་རུ་ལྷུང་བའི་མི་རིགས་རྗེས་སྙེགས་དཀའ་བ་རང་བཞིན་ཡིན། རྗེས་མ་སྔོན་དུ་འཚང་ཞིང་སྔོན་མ་བཙན་གྱིས་རྗེས་སུ་འདེད་པའི་དམིགས་ཡུལ་རྣམས་ཆོས་ཉིད་དང་ཡོངས་སུ་འགལ་བས། འདི་ལྟ་བུའི་བླུན་རྟགས་དོད་མཁན་ནི་དབང་བསྒྱུར་མཁན་ཡིན་ཐག་པ་ལས་ངལ་རྩོལ་མང་ཚོགས་ག་ལ་ཡིན། དེའི་ཕྱིར། མདུན་བསྐྱོད་ཀྱི་སྟོབས་ཤུགས་མཐར་མཁྲེགས་བཟུང་རྙིང་ཞེན་ལས་རྒྱལ་ཏེ་སྤྱི་ཚོགས་མཐོ་རིམ་དུ་སྙེགས་པར་ཡར་སྐུལ་བྱེད། མཐོ་དམན་དང་དེ་མིན་གྱི་དབྱེ་བ་མེད་པའི་ཚད་ལ་སླེབས།དབྱེ་འབྱེད་ཀྱིས་དེ་ལས་མདུན་བསྐྱོད་ལ་དགག་བྱེད་པའི་སྐབས་སུ་ཡོད་ཚད་ངང་གིས་གཞི་གཅིག་ཏུ་འདུས་ཤིང་མཐུན་པར་འགྱུར་ལ། འདི་ནི་མིའི་སྟོབས་ཤུགས་ཀྱིས་འགོག་ཐབས་བྲལ་ཞིང་བཙན་ཤེད་ཀྱང་བྱ་མི་ནུས་པའི་སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་གོམ་སྟབས་རེད།

འཇང་རྒྱལ་ཁབ་བཙུགས་པས་ཡུན་ནན་མི་རིགས་སོ་སོ་གཅིག་དུ་འདུ་བར་ཡར་སྐུལ་གྱི་ནུས་པ་ཐོན། མྱ་དཀར་གྱི་དཔལ་འབྱོར་རིག་གཞུང་གི་ཆུ་ཚད་རྒྱ་རིགས་མ་གཏོགས་པའི་མི་རིགས་རྣམས་ལས་མཐོ། འཇང་ནི་མྱ་དཀར་སྲོག་ཤིང་བྱས་པའི་ཉམ་ཆུང་གི་རྒྱལ་ཁབ་ཅིག་ཡིན་ལ། དེར་བོད་དང་ཐང་གི་འཇིགས་སྐུལ་ཐེབས་པས་ངེས་པར་དུ་དཔལ་འབྱོར་གསར་སྤེལ་དང་མི་ཤུགས་ཁ་སྣོན་བྱེད་དགོས། དེ་ལྟར་བྱས་ཚེ་ད་གཟོད་རང་བདག་རང་གིས་བྱེད་ཐུབ། རྒྱུ་མཚན་འདི་ལ་རྟེན་ནས་རི་བོའི་སུལ་དང་ལུང་བའི་ཕུགས་སུ་ཡིབ་པའི་རྗེས་ལུས་ཀྱི་ཚོ་བ་དང་གདོད་མའི་མི་ཚོགས་རྣམས་བཙལ་འོངས་ཏེ་རྒྱལ་ཁབ་ཅིག་ཆགས་ཤིང་གྲུབ་པའི་ཡན་ལག་དང་ཉིང་ལག་བྱེད་དགོས། འཇང་གི་ཏིག་ཧྭ་རྡོ་རིང་ངོས་སུ་ཞིན་ཀྲོན་མྱ་མཆིས་པས་ཞིང་ས་གཤིན་ལ་མི་ནོར་འཕེལ། ཡུལ་ཁམས་གསར་སྤེལ་བྱས་པས་ལེགས་པའི་གཏམ་དང་བཀའ་ཐོས་སོ་ཅོག་ལ་ཁྱབ།

ཡུས་ཧོང་གི་རྗེས་སུ་དཔུང་ལ་གོ་མཚོན་མ་བསྣན་པར་འཇང་རྒྱལ་པོས་རྒྱ་ཆས་སུ་བསྒྱུར་ཞིང་རྒྱ་ལུགས་སུ་འགྱུར་བའི་མོས་པ་མངོན། ༧༦༢་ལོའི་དགུན་ཁར་དཔོན་བློན་དང་དགེ་སློབ།གཉེན་དེ་དུ་ཀུན་གྱིས་ཤིང་བཅད་དེ་ལམ་བཟོས་ཤིང་གྲུ་བསྡམ་ཏེ་ཟམ་འཐེན། བཙན་པོའི་བཀའ་ཡིག་ཡུལ་ལུང་ཅོག་ལ་ཁྱབ།ཕྱག་བྱེད་མཁན་རྣམས་སྒམ་པའི་ཐུགས་ཀྱིས་བདེ་ལ་བཀོད། རྒྱབ་སྟོན་མཁན་བཙན་པོའི་སྟོབས་ཀྱིས་གཅུན། བླུན་ཞིང་རྨོངས་བ་བརྩེ་བའི་སེམས་ཀྱིས་ཡུལ་བཟང་པོར་ཕབ་རྐྱེན་ལའོ་ཞིན་མྱ་རྣམས་མ་འཐབ་ངང་གིས་འདུ་ཞིང་ཆིས་ཞན་པ་འཇིགས་སྐྲག་གིས་མདུན་དུ་ལྷགས་ཞེས་གསལ་བར་བཀོད། སྐད་ཆ་འདིའི་དོན་དངོས་ནི་འཇང་གིས་ཆབ་སྲིད་དང་དམག་དོན་ཀྱི་སྟོབས་ཤུགས་སྤྱད་དེ་མཁྲེགས་བཟུང་ཁ་རུབ་ཀྱི་རྣམ་པ་གཏོར་ཏེ་གདོད་མའི་སྡོད་མི་རྣམས་ལ་དབང་བསྒྱུར་དང་ལེན་བྱེད་དུ་བཅུག། ཆབ་སྲིད་ནི་བཤུ་གཞོག་དང་དམག་དོན་ནི་དགྲ་འདུལ་བཅས་ཅི་ཞིག་གི་ཕྱིར་ཏུ་ཡིན་རུང་སྤྱི་ཚོགས་ཀྱི་འགྱུར་འགྲོས་ལ་བལྟས་ཏེ་བརྗོད་ཚེ་མཐར་ཡར་རྒྱས་ཀྱི་དོན་སྙིང་ལྡན།

འཇང་གི་རྒྱལ་ཁབ་འཛུགས་པའི་དྲག་པོའི་སྟོབས་ཤུགས་དེ་མྱ་དཀར་གྱི་སྐུ་དྲག་དང་རང་དབང་གི་འབངས་མིར་རྟེན།དཔལ་འབྱོར་གྱི་ཐད་ནས་དམིགས་བསལ་གྱི་མཐུན་རྐྱེན་འཛོམས་པས་འཇང་གིས་ཐང་གི་ས་ཞིང་སྙོམས་བགོ་ལམ་ལུགས་སྤྱད་དེ། དུད་ཁྱིམ་ལྟར་རྨོ་ཞིང་སྤྲད། ཞིང་ས་མུའུ་གཅིག་ལ་ཧྲོན་གཅིག་ཟེར་ཞིང་མཐོ་རིམ་དཔོན་རིགས་རྣམས་ལ་རྨོ་ཞིང་ཧྲོན་བཞི་བཅུ་རེ་དང་མཐོ་རིམ་ཁྱིམ་རྒྱུད་ལ་རྨོ་ཞིང་ཧྲོན་སུམ་ཅུ་རེ་སྤྲོད། འབྲིང་རིམ་དུད་ཁྱིམ་དང་དམའ་རིམ་དུད་ཁྱིམ་གཉིས་ཀར་གོ་རིམ་ལྟར་ཉུང་དུ་བྲི་སྟེ་སྤྲོད་པས་དུད་ཁྱིམ་འབྲིང་བར་ཞིང་ས་ཧྲོན་ཉི་ཤུ་དང་དམའ་རིམ་དུད་ཁྱིམ་ལ་ཞིང་ས་ཧྲོན་བཅུ་རེ་སྦྱིན། རྨོ་ཞིང་སྤྲད་ཟིན་པའི་དུད་ཁྱིམ་རྣམས་ལ་དྲག་ཞན་གྱི་དབྱེ་བ་མེད་པར་རང་གིས་དངོས་སུ་ཞིང་རྨོ་བ་ལས་དུད་ཁྱིམ་གཞན་ལ་རྨོ་རུ་འཇུག་པའི་སྲོལ་མེད། ཞིང་ས་ཐོབ་པའི་དུད་ཁྱིམ་རྣམས་ཀྱིས་ལོ་རེར་འབྲས་རྒྱ་མ་གཉིས་ཀྱི་ཁྲལ་འཇལ་དགོས་ཤིང་། ལོ་རེར་སྟོན་ཐོག་ཐེངས་རེ་བསྡུ་བའི་རྨོ་ཞིང་ལ་ཁྲལ་མི་བསྡུ་ཞིང་ལོ་རེར་སྟོན་ཐོག་ཐེངས་གཉིས་བསྡུ་བའི་རྨོ་ཞིང་ལ་ཁྲལ་བསྡུ། རྨོ་ཞིང་ཐོབ་པའི་སྟག་ཤར་རྣམས་ཀྱིས་དམག་ཁྲལ་འཇལ་དགོས་ཤིང་རང་ཉིད་ཀྱིས་གོ་མཚོན་དང་རྒྱགས་ཆས་སྒྲིག་དགོས། སྤྱི་ལོ་༨༣༠་ལོའི་སྔོན་དུ་འཇང་གིས་ཡུལ་ཁམས་བཀག་སྡོམ་རང་སྲུང་བྱས་པས་དམག་འཁྲུག་ཅུང་ཉུང་ལ་རང་དབང་གི་འབངས་མིའི་དཔྱ་ཁྲལ་རྣམས་དེ་འདྲའི་ལྕི་མོ་མིན་པས། འཇང་གི་རྒྱལ་ཁབ་ཀྱང་སྲ་བརྟན་དུ་གྱུར།

འཇང་གི་དཔྱ་དང་ཁྲལ་གྱི་ཡོངས་ཁུངས་གཙོ་བོ་ནི་དཔོན་གཞུང་གི་ཞིང་ས་རྨོ་བའི་ཞིང་གཡོག་ཡིན་ལ། འཇང་གི་དེབ་ཐེར་ལས་འཇང་གིས་རི་ཞིང་ལེགས་བཅོས་བྱས་པ་མཆོག་ཏུ་མཛེས། མཁར་གྲོང་གི་དཔོན་ཆེན་གྱིས་དཔོན་རིགས་མངགས་ཏེ་ས་གནས་ལ་ལྟ་རྟོག་དང་ལས་སྐུལ་བྱེད་བཞིན་ཞིང་གཡོག་རྣམས་ལ་ཞིང་རྨོ་རུ་འཇུག་ཅིང་ཞིང་གཡོག་གིས་རྨོ་བའི་ས་ཞིང་འདི་དག་དུས་རྒྱུན་ལེ་དབར་སུམ་བཅུ་ཙམ་ལ་ཁེབས། སྟོན་བསྡུས་རྗེས་ལྟ་རྟོག་དཔོན་གྱིས་ཞིང་གཡོག་གི་དུད་གྲངས་ལྟར་འབྲུ་རིགས་བགོ་བཤའ་བྱས་ཏེ་ལྷག་མ་རྣམས་གཅིག་ཀྱང་མ་ལུས་པར་གཞུང་ལ་དབང་བས། ཞིང་བྲན་རིགས་ཤིག་ཡིན་པ་ཤིན་ཏུ་མངོན་གསལ་རེད།

འཇང་དུ་ཞིང་རྨོ་བར་ཁལ་མ་གཉིས་དང་ལོག་རྒྱག་གསུམ་དགོས་ལ། གཅིག་གིས་ཁལ་མའི་སྣེ་ཁྲིད་ཅིང་གཅིག་གིས་གཤོལ་མདའ་སྙོམས། གཞན་ཞིག་གིས་གཤོལ་ཡུ་འཛིན་པས་ཞིང་རྨོ་བར་ངེས་པར་དུ་མི་གསུམ་དགོས། རྨོ་ཞིང་ཐོབ་པའི་དུད་ཁྱིམ་ཚོས་ཕན་ཚུན་ལ་གཡོག་བྱེད་རེས་མི་བྱེད་པར་བྲན་གཡོག་བཀོལ་ཏེ་ཐོན་སྐྱེད་བྱེད་དུ་འཇུག་དགོས། དཔོན་གཞུང་གི་ས་ཞིང་བྲན་གཡོག་གིས་རྨོ་ཞིང་མཐོ་རིམ་དཔོན་རིགས་སོགས་ཞིང་ས་ཅན་གྱི་དུད་ཁྱིམ་སོགས་ཀྱིས་བྲན་གཡོག་བཀོལ། འབྲིང་རིམ་དུད་ཁྱིམ་དང་དམའ་རིམ་དུད་ཁྱིམ་བཅས་ལ་ངལ་རྩོལ་ནུས་པ་མ་འདང་ཚེ་རང་བཞིན་གྱིས་བྲན་གཡོག་ཐོབ་པར་རེ་སྨོན་བྱེད། འཇང་གིས་ཕྱི་ཕྱོགས་སུ་རྒོལ་བཅོམ་བྱས་པ་དེས་རྒྱུན་ཏུ་མི་འབོར་གཏོས་ཆེ་བ་ཕྱིར་ཁྲིད་འོངས། རྒྱལ་ནང་དུ་བྲན་གཡོག་ཉོ་ཚོང་བྱེད་པ་དེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བས། འཇང་དེ་བཀོས་བཀོད་རྒྱུད་འཛིན་ལམ་ལུགས་དང་བྲན་གཡོན་ལམ་ལུགས་མཉམ་གནས་ཡིན་ལ་བྲན་གཡོག་ལམ་ལུགས་ཀྱི་བསྡུར་ཚད་ཅུང་མང་བའི་རྒྱལ་ཁབ་ཅིག་རེད་ཞེས་རྒྱུ་མཚན་ལྡན་པའི་ངང་བརྗོད་ཆོག།

འཇང་གི་རིག་གཞུང་གིས་རྒྱའི་རིག་གཞུང་ལ་དཔེ་རུ་བལྟ་བའི་ཁ་ཕྱོགས་མངོན། ཡང་གཅིག་བཤད་ན། རིམ་གྱིས་མྱ་དཀར་ཀྱི་ཡུལ་སྲོལ་བསྒྱུར་ཏེ་མཐའ་གཅིག་ཏུ་ཚད་རིམ་ཅུང་མཐོ་བའི་རྒྱའི་རིག་གཞུང་ངོས་ལེན་བྱེད། ཀུག་ལོ་ཧྥུན་གྱིས་ཀྲིན་ཧེ་ཞི་དུལ་བག་ཡོད་ཞིག་ཏུ་ངོས་བཟུང་སྟེ། གདུང་རབས་ཚ་རྒྱུད་ལ་དཔེ་ཁྲིད་བྱེད་དུ་བཅུག།ཀྲིན་ཧེ་ལ་འབྱོར་བའི་དཔེ་གཞུང་ནི་རུའུ་ལུགས་ཀྱི་བསྟན་བཅོས་ཡིན་པ་སོམ་ཉི་བྲལ། ཡུས་མུའུ་ཞིན་དང་ཐང་རྒྱལ་རབས་གཉིས་སླར་ཡང་འདུམ་ཞིང་ཐང་གི་ཞི་ཁྲོན་ལྟ་ཞིབ་དཔོན་ཝེ་ཀོར་ཡིས་འཇང་གི་སྐུ་དྲག་ཚོའི་བྱིས་པ་རྣམས་རེས་མོས་ཀྱིས་ཟི་ཁྲོན་ཁྲིན་ཏུའུ་རུ་སློབ་སྦྱོང་བྱེད་པར་ཕེབས་སུ་བཅུག། སྔ་ཕྱི་ལོ་ངོ་ལྔ་བཅུ་འདས། སློབ་མཐར་སོན་རྗེས་ཕྱིར་རང་གི་རྒྱལ་ཁབ་ཏུ་ལོག་མཁན་ཉུང་མཐར་ཡང་མི་བརྒྱར་སླེབས། ཐང་ཞོན་ཙུང་གིས་ལྟ་ཞིབ་དཔོན་ལ་འགྲོ་གྲོན་བསྲི་ཚགས་བྱས་ཏེ་འཇང་གི་སློབ་མ་བསྡུ་རྒྱུ་མཚམས་འཇོག་བྱེད་དགོས་པར་བརྗོད་པས། འཇང་གིས་མ་རངས་བའི་རྣམ་འགྱུར་བསྟན་ཏེ་ཕྱག་འཕྲིན་ཞིག་འབྱོར། དེས་ཡུལ་ཞིག་ལ་བཀྲ་ཤིས་པའི་གཏམ་བྱུང་ཚེ་མཐའ་བཞིའི་རྒྱལ་ཁབ་ཡོད་རྒུ་ངང་གིས་འདུ། གླིང་བཞི་རང་གི་ཁྱིམ་ལྟར་བརྩི། ཅིའི་ཕྱིར་མི་བཅུར་(སློབ་མའི་གྲངས་འབོར)་འགྲོ་གྲོན་ལ་འཁང་བའི་འདུན་པའཛིན་ཞེས་སྨྲས།

འདིའི་རྗེས་སུ་འཇང་རྒྱའི་ཕོ་བྲང་དང་མཇལ་མཚམས་བཅད་དེ་མཐའ་མཚམས་སུ་ཡང་ཡང་སུན་བརྩེ་བྱེད་བཞིན་མུ་མཐུད་དེ་སློབ་སྦྱོང་བྱེད་དུ་བསྐྱོད་པའི་རེ་འདུན་ཞུས། ཀའོ་པིན་ཡུན་ནན་དུ་ལོག་པའི་བཀའ་ཡིག་གི་ནང་དུ་འདི་ལྟར་བརྗོད་ཡོད་དེ་ཀྲིག་ཀུང་གི་གུས་ལུགས་སྤེལ་ཅིང་ཁུང་ཙིའི་བསྟན་བཅོས་སློབ།ལེགས་བཤད་ཕྲན་ཙམ་རྟོགས་ཀྱང་བཀའ་དྲིན་རྒྱ་ཆེར་མཇལ་ཟེར། ཉིག་ཡོས་ཀྱི་བློན་ལ་ཞུ་བའི་དེབ་ཐེར་ནང་དུའང་། ཁུང་ཙིའི་བསྟན་བཅོས་བསྩལ་ཅིང་ཀྲིག་ཀུང་གི་གུས་ལུགས་སྤེལ། ལོ་ངོ་དུ་མའི་རྗེས་སུ་རྒྱའི་ཉམས་མངོན། ཅིའི་ཕྱིར་ཕྱིས་ཀྱི་མི་རབས་ཚོས་ལྷག་བསམ་ཆུད་ཟོས་བགྱིས་ཏེ་གདུག་རྩུབ་ཅན་གྱི་དགྲར་ཉེས་མེད་ཀྱི་ཚེ་སྲོག་ལ་གནོད་ཅིང་འཚེ་རུ་འཇུག། འཇང་གི་མི་རྣམས་རྒྱའི་རིག་གནས་ལ་དུངས་ཞེན་ཤིན་ཏུ་ཆེ་བས་ཧུར་བརྩོན་གྱིས་ནང་འདྲེན་བྱེད། རིག་གཞུང་བརྗེ་རེས་ཀྱི་ཐད་ནས་ཐང་རྒྱལ་ཁབ་ནི་འཇང་གིས་ཐང་གི་ཡུལ་ཁམས་སུ་རྒོལ་བཅོམ་བྱས་པའི་རྐྱེན་གྱིས་ཆབ་སྲིད་ཀྱི་ཐད་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ཞན་ཏུ་ཆས་ཤིང་ནོར་འཁྲུལ་ཀྱི་བྱེད་ཐབས་སྤྱད་དེ་འབྲེལ་འདྲིས་དང་བརྗེ་རེས་བྱེད་རྒྱུ་མཚམས་འཇོག་བྱས།

རིག་གཞུང་བརྗེ་རེས་ལ་མཐོ་རིམ་མི་སྣས་དུས་རྒྱུན་བར་བ་ལྟ་བུའི་བྱེད་ནུས་ཐོན་མོད། གནད་དོན་གཙོ་བོ་ནི་རྒྱལ་ཁབ་གཉིས་བར་གྱི་འབངས་མི་སེར་ཕན་ཚུན་མཛའ་མཐུན་རོགས་འདེགས་བྱེད་རྒྱུ་དེ་རེད། ཆབ་སྲིད་ཀྱི་འབྲེལ་བ་ཇེ་ཞན་དུ་སོང་བ་དེ་ནམ་ཡང་རྒྱལ་ཁབ་གཉིས་ཀྱི་དབང་བསྒྱུར་མཁན་རྣམས་ཀྱི་བར་དུ་བྱུང་བ་ལས་འབངས་མི་སེར་དང་འབྲེལ་བ་ཏིལ་ཙམ་ཡང་མེད། ཐང་གི་རྒྱལ་བློན་རྣམས་ཀྱིས་འཇང་གི་འབངས་མིའི་ཁེ་ཕན་ལ་གནོད་སྐྱོན་བཟོས་པ་དེ་ནི་འཇང་གི་དབང་བསྒྱུར་མཁན་ལ་སྙིང་ནད་རྩོད་པའི་བྱེད་ཐབས་ཤིག་དང་། དེ་ཚོས་ཐ་ན་སྙིང་ནད་ཆེན་པོ་བརྩད་ཀྱང་།དེ་ལ་ཕན་འབྲས་གང་ཡང་མི་འབྱུང་བ་བརྗོད་མི་དགོས། དེ་ལྟ་ནའང་། ནང་ལོགས་ཁུལ་དང་ཡུན་ནན་བར་གྱི་དཔལ་འབྱོར་རིག་གཞུང་གི་འབྲེལ་བ་དེ་དུས་ཡུན་ཤིན་ཏུ་རིང་པོ་ཞིག་ལ་ཡུལ་གཉིས་ཀྱི་དབང་བསྒྱུར་པས་མཚམས་བཅད།

སུང་ལྷོ་བྱང་གཉིས་ཀྱི་སྐབས་སུ། སུང་སྲིད་གཞུང་གིས་ཏ་ལི་རྒྱལ་ཁབ་ལ་སྔར་བཞིན་དགག་ཕྱོགས་ཀྱི་རྣམ་འགྱུར་འཛིན།ཏ་ལི་རྒྱལ་ཁབ་ཀྱིས་དེ་ལས་ལྡོག་སྟེ། དཔལ་འབྱོར་དང་རིག་གནས་ཀྱི་འབྲེལ་བ་བསྐྱར་གསོ་བྱེད་པའི་རེ་འདུན་བཅིང་། སྤྱི་ལོ་༡༡༡༣་ལོར་(སུང་ཧེ་ཙུང་ཀྲིན་ཧག་ཁྲི་ལོ་གསུམ་པ)་ཏ་ལི་རྒྱལ་ཁབ་ཀྱི་ཕོ་ཉ་གཏོང་བའི་རེ་འདུན་ཞུས། སྤྱི་ལོ་༡༡༡༦་ལོར་ཏ་ལི་རྒྱལ་ཁབ་ཀྱིས་འབྲེལ་འོང་ཕོ་ཉ་ལིས་ཙིས་ཙུང་སོགས་མངགས་ཏེ་སུང་གི་ཕོ་བྲང་དུ་འབྱོར་ཞིང་།ལམ་བར་དུ་ཏན་ཀྲིག་(ཧུའུ་ནན་ཁྲང་ཏུག་རྫོང་)་བརྒྱུད་ཁུང་ཙིའི་སྐུ་འདྲར་མཇལ་བར་ལྷགས་ཤིང་ཡུལ་དེའི་དགེ་ཕྲུག་གི་ཚོགས་ལའང་མཇལ། ལིས་ཙིས་ཙུང་རྒྱལ་སར་སླེབས་ཏེ་རྟ་དང་། གླ་རྩི། སྤོས་སོགས་མཇལ་རྟེན་ཏུ་ཕུལ་ཞིང་སུང་གི་ཕོ་བྲང་གིས་དོན་ཧག་ཡུག་ལ་ཏ་ལི་རྒྱལ་པོའི་ཆོ་ལོ་གནང།

སྤྱི་ལོ་༡༡༣༣་ལོར་(སུང་ཀའོ་ཙུང་ཧྲའོ་ཞིན་ཁྲི་ལོ་གསུམ་པ)་ཀོན་ཞིས་ནས་ཏ་ལི་རྒྱལ་ཁབ་ཀྱི་ཕོ་ཉས་ཕོ་བྲང་དུ་མཇལ་ཁ་དང་རྟ་ཚོང་བྱེད་པའི་སྙན་ཞུ་འབྱོར་ཞིང་། སུང་ཀའོ་ཙུང་གིས་ཕོ་བྲང་དུ་མཇལ་ཁ་ཞུས་པ་ནི་ཚོང་འབྲེལ་འཛུགས་འདོད་པ་ཡིན་པས་ཆོག་མཆན་སྤྲད་མི་ཆོག་ལ་རྟ་དམག་དོན་དུ་སྤྱད་ཆོག་པས་ཉོས་ཤིག་ཅེས་གསུངས། སྤྱི་ལོ་༡༡༧༣་ལོར་(སུང་ཞོར་ཙུང་ཆན་ཏོར་ཁྲི་ལོ་དགུ་བ)་ཏ་ལི་པ་ལིས་ཀོན་ཡུན་དང་། ཏུང་ལིག་ཅིན་ཧེ་། ཀྲང་པན་རུའུ་ཧྲི་སོགས་མི་ཉེར་གསུམ་ཡུས་ཀྲིག་ཏུ་འབྱོར་ཏེ་རྟ་ཚོང་བྱེད་པའི་གྲོས་བྱས་ཤིང་། སུང་གི་དཔོན་རིགས་ལ་གཞུང་འཕྲིན་ཕུལ་ཏེ་། བློན་ལྔ་བདམས་སྒྲིག་གི་འབྲེལ་དང་། གཞུང་ལྔའི་འགྲེལ་ཆེན། ཁྲིན་ཆིག་ལོ་རྒྱུས་དེབ་ཐེར་གྱི་འགྲེལ་བ་ཕྱི་མ། ལོ་རྒྱུས་དེབ་ཐེར་རྣམ་གསུམ་གྱི་བསྐྱར་འགྲེལ། སྔོ་སྨན་རྩ་འགྲེལ་ཆེན་མོ།ད ོན་ལྔའི་གསོ་རིག་གཞུང་ཆེན། ཕར་ཕྱིན་ཆེན་མོ་བཅུ་དྲུག སྔོན་འགྲོ་སློབ་ཡིག། ཀྲང་མིན་ཡ་ཡུན། ཆས་ཡུན། ཡུས་པན། དམ་པའི་ལི་ཐོ་ཕྱོགས་སྒྲིག། སུང་ཙི་དམག་འཐབ་སོགས་ཆོས་དང་རིག་གཞུང་། དེ་མིན་རྫ་ཆས། བེེ་ངཱརྱ་ཕོར་པ། ཙན་ཏན་དམར་པོ། སྤོས་ཤིང་། ཤིང་མངར། ཉ་ཕྱིས། ཨ་གར་སོགས་སྨན་རྫས་རིགས་ཉོ་བའི་རེ་འདུན་ཞུས། ཡིག་ཆའི་རྗེས་སུ་ད་དུང་ཟུར་བཀོད་བྱས་པ་ནི་སྲིད་པའི་གཏམ་དཔེར་ཉན་པས་གོ་མི་ལོན་ཅིང་ལྟ་མཁན་གྱིས་ངོ་མི་ཟིན། རང་ངོ་ལོན་པའི་མི་དང་སྟེས་དབང་གིས་འཕྲད་དེ་མཐུན་པའི་ཆ་ལུགས་བྲལ་ཀྱང་མཛའ་གཅུགས་ཆུ་ལྟར་འདྲེས། བདག་གིས་ཁུང་ཙི་ཡིས་དམ་པ་འདྲེས་ཀྱང་ཆ་ལུགས་མི་འདྲ། ཅོལ་ཆུང་ཆ་ལུགས་མཚུངས་ཀྱང་ཞེ་ཁ་མི་མཐུན་ཟེར་པ་ཐོས། རྒྱལ་ཁབ་གཉིས་ཀྱི་འབངས་རྣམས་མ་གྲོས་ངང་གིས་མཐུན་པ་ཁུང་ཙིས་ལེགས་བཤད་ལ་གོམས་པ་ཅི་ལ་མིན། དེ་བས་ཁ་མཆུའི་མུ་བསྐྱངས་ཏེ་མདའ་མདུང་གོ་མཚོན་འདྲེན་དོན་ཅི། རྩོམ་ཡིག་ཐུང་ངུའི་ནང་དུ་ཆ་ལུགས་མ་མཐུན་ཡང་ཡིད་སེམས་མཛའ་བས་གཅུགས་བཞིན་རི་ཆུ་ལེ་དབར་སྟོང་གིས་བཅད་སོགས་བཀོད།

ལིས་ཀོན་ཡུན་ཏིག་གི་ཡིག་ཆ་ལས་ཏ་ལི་ཀྱི་མི་རྣམས་ཀྱི་སྐད་གདངས་དང་མིའི་མིང་ལ་ཚིག་གསུམ་རེ་སྤྱོད་པ་དེ་ནང་ལོག་ཁུལ་དང་ཐ་མི་དད་པ་ལས་དེ་མིན་ནང་ལོག་ཁུལ་གྱི་མི་དང་མཐུན་པར་མངོན། དོན་ཁྱིམ་རྒྱུད་ཀྱིས་རང་གི་མེས་པོ་རྒྱ་མི་ཡིན་པར་བརྗོད་ཅིང་། དོན་ཚང་གིས་ཏ་ལི་རྒྱལ་ཁབ་བཙུགས་པས་རྒྱའི་རིག་གནས་སྔར་བས་ཀྱང་ཤུགས་ཆེར་སྤེལ་པ་ཆོས་ཉིད་རེད། ཕལ་ཆེར་སུང་ལྷོ་མའི་སྐབས་སུ་མྱ་དཀར་གྱི་རིག་གཞུང་དེ་རྒྱ་རིགས་ཀྱི་ཚད་དུ་སླེབས། མྱ་ནག་དང་རྗེས་ལུས་ཀྱི་ཚོ་བར་མྱ་དཀར་གྱི་རིག་གཞུང་གི་ཤུགས་རྐྱེན་ཐེབས་པས།དེ་དག་ལའང་ཚད་རིམ་མི་འདྲ་བའི་ཡར་རྒྱས་བྱུང་། སྤྱི་ལོ་༡༢༥༣་ལོར་ཡོན་རྒྱལ་རབས་ཀྱིས་ཏ་ལི་རྒྱལ་ཁབ་བསྣུབས་རྗེས། རྒྱ་མི་དང་མྱ་དཀར། ད་དུང་ཤེས་རིག་གི་ཚད་ཅུང་མཐོ་བའི་འཇང་གི་ཚོ་བ་སོ་སོ་འདྲེས་འཐིམ་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་སོང་། ཐང་ཡིག་གསར་བའི་ལྷོ་འཇང་གི་དེབ་ཐེར་རུ་རྗེས་ལུས་ཀྱི་ཡུལ་སྲོལ་ལ་ཚོ་བ་ཞེས་འབོད་ཅིང་། དེ་དག་མང་ཆེ་བ་ཞིག་ལོ་རྒྱུས་དེབ་ཐེར་རུ་བཀོད་པ་མཐོང་དཀོན་པས། ཚོ་བ་འདི་སྲོལ་རྙིང་དང་ཁ་ཐག་རིང་དུ་གྱེས་ཏེ་ཤེས་རིག་གི་ཐད་ནས་ཚད་རིམ་མཐོན་པར་སྙེགས་པ་གསལ་བཤད་བྱས་ཡོད།

མཇུག་སྡོམ་ཉིང་བསྡུས།

ཡུན་ནན་ས་ཁུལ་ནི་གནའ་སྔ་མོར་མྱ་རིགས་ཞེས་འབོད་པའི་ཚོ་བ་མང་པོའི་སྡོད་གནས་ཡིན། ཏན་ཁྲིས་དང་ཨར་ཧེ་མཐའ་བསྐོར་གྱི་སྡོད་མི་རྣམས་ལ་མྱ་དཀར་ཞེས་འབོད་ཅིང་ཁོ་ཚོའི་དཔལ་འབྱོར་དང་རིག་གཞུང་རྣམས་ཅུང་སྔོན་ཐོན་ཡིན་པས། རྒྱ་མི་རིགས་ཀྱི་ཆུ་ཚད་ལ་སླེབས་ཡོད། མྱ་ནག་ཅེས་པའི་མི་རྣམས་སྡོད་ས་ནི་རི་ཁུལ་ཡིན་ལ་ཕྱུགས་ལས་གཙོ་བོར་གཉེར་བཞིན་ཡོད་པས། རིག་གཞུང་ནི་མྱ་དཀར་ལས་རྦད་དེ་རྗེས་ལུས་ཡིན།འདི་ལས་གཞན་ད་དུང་རྗེས་ལུས་ཀྱི་ཚོ་བ་མང་པོ་ཡོད་ལ་གདོད་མིའི་མི་ཡི་ཁྱུ་ཚོགས་ཀྱང་ཡོད། མྱ་དཀར་ནག་གཉིས་ཀྱི་མི་འབོར་ཅུང་མང་ཞིང་དེ་དག་ནི་སྡོད་མི་གཙོ་བོ་ཡིན། དེ་ཡང་མྱ་དཀར་ལ་དམིགས་བསལ་གྱིས་མྱ་རིགས་ཀྱི་སྤྱི་ཚོགས་མཚོན་པའི་ཐོབ་ཐང་ཡོད།

ཀྲན་གོའི་སྐབས་སུ་ཁྲུའུ་ཝེ་ཝང་གིས་དམག་སྤྱི་ཀྲོན་ཅའོ་མངགས་ཏེ། ཡུན་ནན་ས་ཁུལ་དུ་དམག་འདྲེན་དུ་བཅུག་ཅིང་ཀྲོན་ཅའོ་ཕྱིར་ལོག་པའི་ལམ་བུ་བཅད་པས། ཏན་ཁྲིས་ལྟེ་བ་བྱས་ཏེ་ས་ལེ་དབར་སྟོང་ཟིན་པའི་ཏན་རྒྱལ་ཁབ་བཙུགས།བུ་རབས་ཚ་རྒྱུད་ཀྱིས་རྒྱལ་སྲིད་བསྐྱངས། ཁྲུའུ་ཡི་མི་དང་ཡུལ་དེའི་སྡོད་དམངས་གཉིས་ཕན་ཚུན་འདྲེས་ཏེ་མྱ་དཀར་པོ་རིམ་གྱིས་གྲུབ་པར་ངེས། ཧན་ཝུའུ་ཏེ་ཡིས་ཀྲིན་རྒྱལ་ཁབ་བསྣུབས་ཏེ་ཡུས་ཀྲིག་རྫོང་བཙུགས།འདིའི་རྗེས་སུ་རྒྱལ་རབས་རིམ་བྱོན་གྱིས་རྫོང་མཁར་བཙུགས་ཤིང་རྒྱ་མི་རིགས་རིམ་གྱིས་ཇེ་མང་དུ་ཕྱིན། རྒྱའི་རིག་གཞུང་གི་ཤུགས་རྐྱེན་ཡང་དེ་དང་བསྟུན་ནས་རྒྱ་ཆེ་རུ་ཕྱིན། ནང་ལོགས་ཏུ་ཟིང་འཁྲུག་བྱུང་དུས་འབངས་རྣམས་བྲོས་ཏེ་སྐྱབས་བཅོལ་དུ་ལྷགས་པའམ་ཡང་ན་རྒྱལ་རབས་ཀྱི་དབང་བསྒྱུར་སྟོབས་ཤུགས་ཉམས་རྒུད་དུ་སོང་སྟེ་རྒྱ་མི་རིགས་ཀྱི་དབང་ཤུགས་རྒུད་དུས། དེ་དག་ཚང་མ་མྱ་དཀར་གྱི་ཁྲོད་དུ་འཐིམ་འགྲོ།མྱ་དཀར་ཀྱི་ཐོན་སྐྱེད་ལག་རྩལ་དང་སྐད་རིགས་ཡི་གེ་རྣམས་རྒྱ་རིགས་དང་གཅིག་མཚུངས་སམ་འདྲ་མཚུངས་ཡིན། དེ་མིན་ཁོ་ཚོས་རང་ཉིད་ལ་ཧྭ་་ཡི་རིགས་ཞེས་འབོད་པས་མི་རིགས་གཉིས་བར་གྱི་འབྲེལ་བ་ཤིན་ཏུ་གཏིང་ཟབ་ཡིན་པ་མཐོང་ཐུབ།

ཨར་ཧེ་་མཐའ་འཁོར་དུ་སྡོད་པའི་མྱ་དཀར་ལ་ཚོ་ཆེན་དྲུག་མཆིས་ཤིང་ཚོ་བའི་ཚོ་དཔོན་མོར་འཇང་ཟེར་བས། འཇང་ཚོ་བ་དྲུག་བྱུང་ལ་དམུ་ཧྲིག་འཇང་ལྷོ་ཕྱོགས་སུ་གནས་ཤིང་དེ་ལ་ལྷོ་འཇང་ཡང་ཟེར། ཐང་ཐེ་ཙུང་གི་སྐབས་སུ་དམུ་ཧྲིག་ཚོ་དཔོན་ཆེན་མོ་ཀྲང་ལུག་ཅིན་ཆིག་གིས་གོ་གནས་དམུ་ཞིས་ནོ་ལོ་ལ་སྤྲད་པས། འཇང་གི་སྟོབས་ཤུགས་རྒྱས་མགོ་ཚུགས། ཞིས་ནོ་ལོ་ཡི་ཡབ་སྲིད་ལུང་ནི་ཨད་ལོ་རི་བོའི་མྱ་ནག་ཡིན་ཞིང་འཁོན་ལ་གཡོལ་ཕྱིར་འཇང་དུ་ལྷགས་ཏེ་ཞིང་རྨོ་བཞིན་འཚོ་བ་སྐྱེལ། ཀྲང་ལིག་ཆིག་ཅིན་གྱིས་ཡུལ་འཁྱར་བ་སོ་ནམ་པའི་བུ་ཞིག་ལ་གོ་གནས་གནངས་པ་དེས་གྲལ་རིམ་གྱི་དབྱེ་བ་དེ་འདྲ་ནན་ཏན་མིན་ལ་མྱ་དཀར་ནག་གི་ཁྱད་པར་མངོན་གསལ་མིན་པ་མཐོང་ཐུབ།

བོད་ཀྱི་སྟོབས་ཤུགས་ཨར་ཧེ་ས་ཁུལ་དུ་སླེབས་ཏེ། འཇང་ཚོ་བ་ལྔ་དབང་དུ་བསྡུས་མོད། ལྷོ་འཇང་སྔ་ཕྱི་ཀུན་ཏུ་ཐང་ལ་འཁོར་པས་ཐང་གི་རོགས་འདེགས་ཐོབ། ཐང་ཞོན་ཙང་་གིས་ལྷོ་འཇང་གི་ཚོ་དཔོན་པོ་ལོ་ཀུག་ལ་ཡུན་ནན་རྒྱལ་པོའི་ཆོ་ལོ་གནངས་ཤིང་ལྷོ་འཇང་ལ་རོགས་འདེགས་ཀྱིས་འཇང་ཚོ་བ་ལྔ་གཅིག་གྱུར་བྱས་ཏེ། ཨར་ཧེས་ཁུལ་གཅིག་གྱུར་བྱས་པའི་འཇང་རྒྱལ་ཁབ་དབུ་བརྙེས།

ཐང་གིས་འཇང་ལ་རོགས་འདེགས་བྱས་ཏེ་གཅིག་གྱུར་བྱས་པ་ནི་འཇང་གིས་ནུས་སྟོབས་ལྡན་པའི་ངང་བོད་ཀྱི་དཔུང་ཤུགས་འགོག་པའི་ཆེད་དུ་ཡིན། འཇང་གཅིག་གྱུར་བྱས་རྗེས་དེས་ས་ཁོངས་རྒྱ་བསྐྱེད་དེ་ཏན་ཁུས་བར་དུ་སླེབས་ཏེ། མྱ་དཀར་གྱི་རྒྱལ་ཁབ་ཆེན་མོ་འཛུགས་བསྐྲུན་བྱེད་དགོས་མོད། འཆར་གཞི་འདིར་ཐང་གིས་བར་ཆད་བཟོས་པས་ཐང་དང་འཇང་གི་བར་ལ་འགལ་བ་ཤོར། ཡིན་ཡང་འཇང་གིས་ཐང་དང་དཔོན་བློན་གྱི་འབྲེལ་བ་རྒྱུན་འཁྱོངས་བྱས།

ཐན་པོ་ཁྲི་ལོའི་སྐབས་སུ། ཐང་རྒྱལ་རབས་རུལ་སུངས་ཉམས་རྒུད་དུ་གྱུར་ཞིང་རང་ཉིད་ལ་འགྲན་པའི་ཟླ་དང་བྲལ་བའི་ཁེངས་པ་འཛིན་བཞིན་འཇང་ལ་བཟོད་ཐབས་བྲལ་བའི་གཉའ་གནོན་བྱས། སྤྱི་ལོ་༧༥༠་ལོར་(ཐན་པོ་ཁྲི་ལོ་དགུ་པ)་འཇང་གི་ཀུག་ལོ་ཧྥུན་གྱིས་ཐང་ལ་ངོ་ལོག་ཏེ་བོད་ལ་མི་འཁོར་ཐབས་མེད་ཀྱི་གནས་སུ་ལྷུང་བས་བོད་ཀྱིས་ཐང་ལ་བཙན་འཛུལ་བྱེད་པའི་སྟོབས་ཤུགས་རྒྱ་ཆེ་རུ་བཏང་།

ཀུག་ལོ་ཧྥུན་གྱིས་ཏན་ཁྲིས་ས་ཁུལ་གཅིག་གྱུར་བྱས། ཡུལ་དེའི་མྱ་དཀར་གྱི་དུད་ཁྱིམ་ཁྲི་ཉི་ཤུ་ལྷག་ཡུང་ཁྲང་མཁར་དུ་གནས་སྤར་ཅིང་ཤར་ཕྱོགས་སུ་གནས་བཅའ་བའི་མྱ་ནག་རྣམས་མྱ་དཀར་གྱི་ཡུལ་དུ་གནས་སྤོར་རུ་བཅུག་པས། མྱ་ནག་ཕྱུགས་ལས་ནས་ཞིང་ལས་ཚོ་བར་འཕེལ་འགྱུར་བྱུང་། རིག་གཞུང་གི་ཆུ་ཚད་རིམ་གྱིས་གོང་མཐོར་ཕྱིན་ཏེ། མྱ་དཀར་གྱི་རིག་གཞུང་དང་ཉེ་བར་གྱུར་བས་མྱ་རིགས་ཀྱི་སྤྱི་ཚོགས་ལ་འཕོ་འགྱུར་ཆེན་མོ་བྱུང་བར་དོན་སྙིང་བླ་ལྷག་ཏུ་ཆེ།

འཇང་རྒྱལ་ཁབ་ནི་མ་གཞི་ནས་དབུལ་ཞིང་ཕོངས་ལ། ཐང་བོད་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་བར་དུ་གནས་བས་ཅིས་ཀྱང་སྟོབས་ཆེན་རྒྱལ་ཁབ་གཅིག་ལ་རྟེན་དགོས། ཐང་ལ་རྟེན་ཚེ་དགེ་མཚན་ཆེ་ཞིང་གནོད་པ་ཉུང་ལ་བོད་ལ་རྟེན་ཚེ་དགེ་པ་ཆུང་ལ་གནོད་པ་མང་བས་འཇང་རང་བཞིན་གྱིས་ཐང་ལ་འཁོར། ཨན་ཧྲི་ཟིང་འཁྲུག་གི་རྗེས་སུ།ཐང་རྒྱལ་ཁབ་ནང་འཁྲུག་གི་ཀློང་དུ་ཚུད་དེ། འཇང་རང་ཕྱོགས་སུ་འགུག་པའི་འདུན་པ་བྲལ་བས་འཇང་ལོ་ངོ་བཞི་བཅུ་ལྷག་རིང་བོད་ལ་འཁོར་ཞིང་ཐང་གི་ནུབ་ལྷོའི་ཕྱོགས་ཀྱི་དགྲའི་གཏེ་བོར་གྱུར།ཐང་ཏུག་ཙུང་གི་སྐབས་སུ། འཇང་བོད་ཀྱི་བཙན་གནོན་ལས་ཐར་བར་འདོད། ཐང་གིས་སླར་ཡང་འབད་པ་བྱས་པས་འཇང་ཕྱིར་ཐང་ལ་འཁོར་ཏེ་བོད་ཀྱི་ལྷོ་ཤར་ཕྱོགས་ཀྱི་དགྲའི་དྭངས་མར་གྱུར། འཇང་གིས་རང་ཉིད་ཀྱི་བར་གནས་གོ་བབས་དེ་སྤྱོད་བཞིན་ཐང་ལ་འཁོར་རྗེས། ཐང་གི་སྟོབས་ཤུགས་རྒྱལ་ནང་དུ་སླེབས་པར་བཀག་འགོག་བྱས་ཤིང་དཔོན་བློན་གྱི་འབྲེལ་འོང་ལས་གཞན་ཆབ་སྲིད་ཀྱི་ཐད་ནས་མཐའ་གཅིག་ཏུ་རང་བཙན་རྒྱུན་འཁྱོངས་བྱས།

འཇང་ཐང་ལ་འཁོར་ཏེ་ལོ་ངོ་བཞི་བཅུར་ཉེ་བ་ཞིག་འདས། ཐང་གི་རོགས་འདེགས་འོག་བོད་དམག་ལ་ཕམ་ཉེས་ཆེན་པོ་སྤྲད་ཅིང་རྒྱལ་ཁབ་ཀྱི་མངའ་ཐང་དར་རྒྱས་ཀྱི་རྩེ་མོར་སོན་ཡོད་ཅེས་བརྗོད་ཆོག། འོན་ཏེ་ཉམས་རྒུད་ཀྱི་མཚན་མའང་འདིའི་སྐབས་སུ་མངོན་འགོ་ཚུགས། འཇང་གིས་བོད་ལ་དམག་འཐབ་ཏེ་རྒྱལ་ཁ་ཐོབ་པས་ཡུལ་ཁོངས་ཀྱི་སྟོབས་ཤུགས་རིམ་གྱིས་ཆེ་རུ་ཕྱིན་པས། རྒྱལ་པོའི་ཕོ་བྲང་གི་དབང་བསྒྱུར་ནུས་པ་ཤོར། ཕྱིས་སུ་དེ་ལས་ལྡོག་སྟེ་ཡུལ་ཁོངས་ཀྱིས་དབང་ཆ་བཟུང་ཞིང་དམག་སྤྱི་རྣམས་ལ་དབང་ཆ་ཐོབ། ཐང་གི་ཉམས་རྒུད་དང་བསྟུན་ཏེ་སྤྱི་ལོ་༨༣༠་ལོའི་རྗེས་སུ་འཇང་གིས་གང་ནུས་ཀྱིས་ཐང་གི་མངའ་ཁོངས་སུ་བཙན་འཛུལ་བྱས་ཤིང་ཐང་ལ་གོར་ཆག་ཚབས་ཆེན་བཟོས།འཇང་གིས་དམག་དྲངས་ཏེ་རྒོལ་བཅོམ་བྱས་པ་དེས་ཐང་རྒྱལ་རབས་ཉམས་རྒུད་ཀྱི་གོམ་ཁ་ཇེ་མགྱོགས་སུ་བཏང་ལ་རང་གི་རྒྱལ་ཁབ་ནང་གི་ཁ་འཐོར་དབྱེ་འབྱེད་ཀྱང་ཇེ་ཞན་དུ་ཕྱིན། སྤྱི་ལོ་༩༠༢་ལོར་སྲིད་བློན་ཀྲིན་མན་སིས་ཡིས་དམུ་ཁྱིམ་རྒྱུད་ཀྱི་རྒྱལ་རབས་བསྣུབས་ཏེ་འཇང་རྒྱལ་ཁབ་འཇིག།

འཇང་ནུབ་རྗེས། རྒྱལ་ནང་དུ་དུས་རྒྱུན་ཟིང་འཁྲུག་ལངས་ཤིང་རྒྱལ་ཁབ་ཀྱི་མཚན་ཡང་བསྟུད་མར་བརྗེ་སྤོར་བྱས། སྤྱི་ལོ་༩༣༧་ལོར་དོན་སིས་ཕིན་གྱིས་ཏ་ལི་རྒྱལ་ཁབ་བཙུགས་པས་ཅུང་བརྟན་བརླིང་གི་རྣམ་པ་གྲུབ། དེ་ནི་མྱ་ནག་ཚོ་བ་སོ་བདུན་གྱིས་ཏན་ཁྲིས་ས་ཁུལ་དབང་དུ་བཟུང་ཞིང་མྱ་དཀར་གྱིས་རང་ལུས་སྲུང་བའི་ཆེད་དུ་ནང་དམེ་གང་འཚམ་ཞིག་ཚོད་འཛིན་བྱས་བའི་རྐྱེན་ཡིན།

འཇང་རྒྱལ་ཁབ་ནི་བཀོས་བཀོད་རྒྱུད་འཛིན་ལམ་ལུགས་དང་བྲན་གཡོག་ལམ་ལུགས་མཉམ་གནས་དང་དེ་ལས་བྲན་གཡོག་ལམ་ལུགས་ཀྱིས་བསྡུར་གྲངས་ཀྱི་ཆ་ཅུང་མང་ཙམ་ཟིན་པའི་རྗེས་ལུས་ཀྱི་རྒྱལ་ཁབ་ཅིག་ཡིན། ལྷག་པར་དུ་སྤྱི་ལོ་༨༣༠་ལོའི་རྗེས་སུ། ཐང་གི་འབངས་མི་གཏོས་ཆེ་བ་འཛིན་བཟུང་བྱས་ཏེ་བྲན་གཡོག་ལམ་ལུགས་ཀྱི་གྲུབ་ཆ་སྔར་བས་ཀྱང་ཇེ་མང་ཏུ་ཕྱིན། ཡིན་ནའང་ཕྱོགས་གཞན་ཞིག་ནས། ཡུན་ནན་ས་ཁུལ་གྱི་རྗེས་ལུས་དང་ཧ་ཅང་རྗེས་ལུས་ཀྱི་ཚོ་ཁག་མང་པོ་ཕྱི་རུ་དེད་དེ་བཙན་ཤེད་ཀྱི་དབང་བསྒྱུར་མྱོང་དུ་བཅུག་པས་དཔལ་འབྱོར་དང་རིག་གནས་བཅས་ཀྱི་ཐད་ལ་ཚད་གཞི་མི་འདྲ་བའི་ཡར་རྒྱས་བྱུང་། འདི་ལྟ་བུའི་དབང་བསྒྱུར་གྱིས་གདུག་རྩུབ་རང་བཞིན་སྤྱད་ནའང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ངོས་ཐད་གནས་བལྟས་ཚེ། དེ་ལས་ཡར་རྒྱས་ཀྱི་དོན་སྙིང་མཆིས་པས་མྱ་རིགས་སྤྱི་ཚོགས་ལ་བཞག་པའི་བྱས་རྗེས་དེར་དགག་རྒྱག་བྱ་མི་རུང་།

མྱ་དཀར་གྱི་རིག་གཞུང་རྩ་བའི་ཆ་ནས་རྒྱའི་རིག་གཞུང་ཡིན། དོན་ཁྱིམ་རྒྱུད་ཚང་གི་རྒྱལ་རབས་སུ་སླེབས་དུས་ཕན་ཚུན་དབྱེར་མེད་དུ་གྱུར། སྤྱི་ལོ་༡༢༥༣་ལོར་ཡོན་རྒྱལ་རབས་ཀྱིས་ཏ་ལི་རྒྱལ་ཁབ་བསྣུབས་ཤིང་ཡུན་ནན་དང་ནང་ལོགས་ས་ཁུལ་གཉིས་གཅིག་གྱུར་བྱས་པས། མྱ་དཀར་མང་ཆེ་བ་དང་རྒྱ་མི་རིགས་དང་གཞི་གཅིག་ཏུ་འདྲེས།