1

བོད་མི་ཞེས་པ་ཡང་སྙིང་སུ་ཞིག་རེད།

བོན་སྐོར་སྙིང་ལྕགས་ཀྱིས་དབྱིན་ཡིག་ནས་བསྒྱུར། Jane Qiu ཡིས་བརྩམས།

སྒྱུར་མཁན་གྱི་གཏམ་ཐོར་བུ།

གནའ་དངོས་ཤུལ་རྫས་བརྟག་དཔྱད་རིག་པ་ནི་སྤྱི་ཚོགས་ཚན་རིག་དང་འགྲོ་བ་མིའི་རིགས་ རིག་པའི་ཁོངས་གཏོགས་ཤིག་ཡིན་གཤིས། རིག་པའི་ཐབས་ལམ་དེ་ཡིས་གནའ་ཤུལ་སྔོག་འདོན་ལས་བྱུང་པའི་དངོས་རིགས་གང་རུང་ལ་ཚན་རིག་དང་གཏན་ཚིགས་རིང་བཞིན་གྱི་ཞིབ་དཔྱད་བརྒྱུད་དེ། འགྲོ་མིའི་ལོ་རྒྱུས་དང་གདོད་མིའི་སྤྱི་ཚོགས་ལ་ཉམས་ཞིབ་གནང་པའི་དགེ་བ་གང་ལེགས་བསྐྲུན། དུས་སྐབས་རེ་ནས་ངག་རྒྱུན་དུ་གྱུར་པ་དང་ཡིག་ཐོག་ཏུ་བཀོད་པའི་ལོ་རྒྱུས་འགའ་ཤས་ལ་ཡང་བརྟག་དཔྱད་གསར་པའི་འབྲས་བུ་དང་བདེན་དཔང་གི་རྐྱེན་གྱིས་འགྱུར་བཅོས་སྣ་ཚོགས་བྱུང་། འོན་ཏེ། ཞིབ་འཇུག་གི་རྨང་རྡོར་གྱུར་པའི་དྲང་བདེན་དང་གནས་ལུགས་ཀྱི་རྣམ་གཞག་དེ་གཉིས་ཕངས་མེད་དུ་དོར་ནས། དམིགས་ཡུལ་ཅན་གྱི་གནའ་ཤུལ་བརྟག་དཔྱད་ཀྱི་འབྲས་བུ་འདོན་པར་འབད་པ་ནི་ཧ་ཅང་ཡི་མུག་པའི་གནས་ཚུལ་ཛ་དྲག་ཞིག་ཏུ་འཁུམས། དེ་བས་འདིར་བཀོད་ཀྱི་བོད་འགྱུར་དཔྱད་རྩོམ་ཐོར་བུ་འདི་ལ་ཡང་གཟུར་གནས་དྲང་བདེན་གྱི་སྲོག་རླུང་བཞུགས་མིན་ནི། ཉམས་ཞིབ་པ་ཚོའི་རྣམ་དཔྱོད་ཀྱི་རྩལ་དང་དྲང་བདེན་ཟོལ་མེད་ཀྱི་བློ་ལ་རག་ལས་ཡོད་པས། རང་རེའི་ལོ་རྒྱུས་ལ་འབྲེལ་བ་དམ་ཟབ་ཡོད་པའི་དཔྱད་རྩོམ་གསར་ཐོན་འདི་བོད་རིགས་ལོ་རྒྱུས་ཞིབ་འཇུག་པའི་སྡེ་ལ། ཟུར་བལྟ་དང་དཔྱད་གཞིའི་ཚུལ་དུ་བསྒྱུར་ནས་ཕུལ་བ་དགེའོ།། བོད་མི་ཞེས་པ་ཡང་སྙིང་སུ་ཞིག་རེད་ཅེས་པའི་དཔྱད་རྩོམ་ཐོར་བུ་འདིའི་མ་རྩོམ་ ནི་ Jane Qiu ཡིས་ ༢༠༡༥ ལོའི་ཕྱི་ཟླ་ ༢ པའི་ཚེས་ ༡༢ ཉིན་ཚན་རིག་དུས་དེབ་ (Science) འདོན་ཐེངས་ 347(6223) ཤོག་ངོས་ 708-711 བར་བཀོད་པའི་ Who Are the Tibetans? ཞེས་པ་དེ་ཡིན། འགྱུར་ལུགས་ཀྱི་ཆ་ལ་ཀློག་པ་པོས་དགོངས་འཆར་གང་རུང་ལྷུག་བསྩོལ་གནང་ཡོང་པར་ཐུགས་རྗེ་ཆེ་ཞུ། སྒྱུར་མཁན་གྱི་སྐད་འཕྲིན་ནི་ Nangchukja ཡིན།

བསྒྱུར་རྩོམ་དངོས།

ལོ་ངོ་སྟོང་ཕྲག་བཞི་ཙམ་ཡོལ་ཙ་ནའང་། མ་བུ་གཉིས་ཀྱི་ཀེང་རུས་ལས་ལོ་རྒྱུས་ཀྱི་བདེན་པ་ནི་ར་སྤྲོད་ངེས་ཅན་ཞིག་བྱེད་ཐུབ། བྱིས་པ་བྲང་ཁར་གཏད་དེ་སྐྱེས་མ་དེའི་མགོ་བོ་ཡར་འཁོར་ནས་ལྷ་ལ་སྐྱབས་བཅོལ་ཞུ་ བ་ནང་བཞིན། མ་བུ་གཉིས་ཀྱི་གཞོགས་སུ་སྐྱེས་པ་ཞིག་ཁ་སྦུབ་ཏུ་ལོག་ནས། གས་ཆག་ཤོར་པའི་རུས་རྐང་གཉིས་ཀ་རྒྱབ་ལོགས་སུ་འཁོར་ནས་འདུག བཟོད་གླགས་བྲལ་པའི་ཀེང་རུས་འདི་དག་དང་རྗེས་ཤུལ་གྱི་དངོས་རྫས་གཞན་དག་གིས་བདེན་དཔང་བགྱིད་པ་ནི་ལོ་ངོ་སྟོང་ཕྲག་བཞིའི་སྔོན་གྱི་ད་ལྟའི་གཞོང་ཐང་རྫོང་ གི་ལཱ་ཀྱ་ (喇家) ས་ཁུལ་གྱི་མི་སྡེའི་ཆགས་འཇིག་གི་དུས་མཐའ་ཞིག་རེད། ལཱ་ཀྱ་ནི་བོད་ཡུལ་ཤར་ཕྱོགས་ཀྱི་མཐོ་ཚད་སྨིད་ ༡,༨༠༠ ཙམ་ན་གནས་པའི་ཞིང་གྲོང་ཞིག་ཡིན་ལ། གནས་དེར་གནའ་ཤུལ་སྔོག་འདོན་བྱེད་བཞིན་པའི་མཚོ་སྔོན་ཞིང་ཆེན་རིག་དངོས་དང་གནའ་རྫས་བརྟག་དཔྱད་ལས་ཁོངས་ཀྱི་བརྟག་དཔྱད་པ་ཚེ་ལེན་ཧེ་ Cai Linhai ཡིས། གནའ་ཤུལ་དེ་ནི་མཚོ་བོད་མཐོ་སྒང་གི་ཕོམ་ཕྭེ་ (Pompeii) (སྤྱི་ལོ་ ༧༩ ལོར་མེ་རི་འཕྱུར་ཏེ་ས་འོག་ཏུ་ནུབ་ནས་ ༡༧༤༨ ལོའི་ནང་སྔོག་འདོན་བྱུང་བའི་དབྱི་ཏ་ལིའི་གནའ་བོའི་གྲོང་ཁྱེར་ཞིག) ལ་ངོས་བཟུང་ཡོད།

རྨ་ཆུའི་སྟོད་རྒྱུད་ཀྱི་ལཱ་ཀྱ་ནི་ཧ་ལམ་ས་ཡོམ་ཆེན་མོ་ཞིག་གི་ས་འདམ་གྱི་བཞུར་རྒྱུན་ཁྲོད་ས་འོག་ཏུ་ཤོར། ཡིན་ནའང་། དཔག་དཀའ་བའི་གནད་དོན་ནི་དེ་ལས་མང་ལ་རྙོག་དྲ་ཆེ། གནས་དེར་བཏོན་པའི་རྫ་ཆས་དང་གཡང་ཊི་སོགས། གནའ་མིའི་ལག་རྩལ་ལས་བྱུང་བའི་རིག་དངོས་སྣ་མང་ནི་རྒྱ་མིའི་དེང་རབས་རིག་གནས་ ཀྱི་དཔལ་ཡོན་མ་དར་པའི་སྔོན་དུ་བྱུང་པའི་ཡང་ཧྲོ་ (Yangshao) རིག་གནས་ལས་ཐོན་པར་འདོད། དེས་ན་ཆགས་འཇིག་ཁྲོད་རྐྱེན་ལམ་དུ་ཤོར་པའི་སྐབས་དེའི་མི་རིགས་ནི་རྒྱ་རིགས་ ཡིན་ནམ་ཡང་ན་རྒྱ་རིགས་དང་ཉེ་འབྲེལ་ཆགས་པའི་རིགས་རུས་ཤིག་ཡིན། ཁོང་ཚོའི་ཡང་མེས་དག་གིས་ཅིའི་ཕྱིར་གནམ་གཤིས་འཁྱགས་ཤིང་སྲོག་འཛིན་དབུགས་རླུང་ (oxygen) དཀོན་པའི་འཛམ་གླིང་གི་ཆེས་མཐོ་བའི་ས་སྒང་འདིར་གཞིས་ཆགས་པ་ཡིན།

སེལ་དཀའ་བའི་ས་ཁམས་དང་འགྲོ་མིས་གནས་ཡུལ་སྤོ་བའི་རྒྱུ་རྐྱེན་སོགས་དང་མཚུངས་པར། རིགས་རུས་ཀྱི་དོགས་གཞི་འདི་ལ་ཡང་ཆབ་སྲིད་ཀྱི་རྒྱན་སྤྲས་ཆེན་པོ་བགྱིས་ཡོད་པ་བསྙོན་དུ་མེད། ཁ་ཅིག་གིས་ཉེ་བའི་ལོ་རྒྱུས་ཞིབ་འཇུག་གི་ཡིག་ཚགས་ལ་བདག་བརྒྱབ་སྟེ། རྒྱ་བོད་གཉིས་ནི་ལོ་ངོ་སྟོང་ཕྲག་ཁ་ཤས་ལས་མ་འདས་པའི་སྔོན་ནས་ཐུན་མོང་གི་རིགས་རུས་ཤིག་ལས་ཕན་ཚུན་གྱེས་ཚུལ་སོགས་བསྒྲུབ་བྱེད་བཀོད་ཅི་ཐུབ་བྱེད།

གཞན་ཡང་ལོ་རྒྱུས་སྨྲ་བ་འགའ་ཞིག་གིས། སྔོག་འདོན་བྱུང་བའི་གནའ་རྫས་ཀྱི་རྟགས་མཚན་སྐོར་ཞིག་གིས། དམིགས་ཡུལ་དེ་ལྟ་བུ་ལ་རམ་འདེགས་བྱེད་ཐུབ་གི་འདུག་རབ་བཤད། མཚོ་སྔོན་ཞིང་ཆེན་རིག་དངོས་དང་གནའ་རྫས་བརྟག་དཔྱོད་ཁང་གི་དབུ་འཛིན་རིན་ཞོ་ཡན་ Ren Xiaoyan གྱིས། རྒྱ་མི་དང་བོད་མི་ནི་མཐར་གཏུགས་ན་རིགས་རྒྱུད་གཅིག་ཡིན་ཏེ། ཆེར་མ་སོང་པའི་སྔོན་ལ་ཡང་མེས་གཅིག་ལས་མཆེད་པས་ཡིན་ཟེར་མོད། ལོ་རྒྱུས་སྨྲ་བ་གཞན་དག་ནི་དེ་ལས་ལྡོག སི་ཁྲོན་སློབ་ཆེན་ (四川大学) གྱི་ལུའུ་ཧོང་ལིང་ Lü Hongliang གིས། བོད་མི་ནི་མི་རིགས་གཅིག་རྐྱང་ཞིག་མཐོ་སྒང་གི་ཡུལ་དུ་གྱར་ནས་མཐར་ད་ལྟའི་བོད་ མི་རིགས་འདི་བྱུང་བ་ཞིག་ཀྱང་གཏན་ནས་མ་རེད་ཟེར།

ཉེ་རབས་ཀྱི་ལོ་རྒྱུས་རྒྱུ་ཆ་དང་ཉམས་ཞིབ་འབྲས་བུ་འབོར་ཆེན་ལ་གཞིགས་ན། ཁོད་ཡངས་པའི་མདོ་དབུས་མཐོ་སྒང་ནི་སྔ་མོ་ནས་མི་རིགས་མི་འདྲ་པ་མང་པོས་འགྲུལ་ བསྐྱོད་དང་གཞིས་ཆགས་བཏང་མྱོང་པར་མངོན། གནའ་རྫས་ཁག་གི་རྟགས་མཚོན་གྱིས་ར་སྤྲོད་བྱས་པ་ལྟར་ན། དེང་རབས་འགྲོ་མི་ཨེ་ཤེ་ཡའི་གླིང་ལ་ཐོན་མ་ཐག་པའི་བར་སྐབས་ནས་བཟུང་། རི་དྭགས་བརྔོན་པ་དང་སྒོ་ཕྱུགས་འཚོ་རྟེན་དུ་བྱ་པའི་འབྲོག་ལས་པ་དག་ནི་མཐོ་ སྒང་གི་རི་ཀླུང་སོ་སོར་གནས་བཅས་ཡོད་ལ། ཁོ་ཚོ་ནི་ཤར་ཕྱོགས་རྒྱ་ནག་གི་ས་ཁུལ་ནས་ཡོང་པ་རྐྱང་མ་ཡིན་པར། ནུབ་ཕྱོགས་དང་ལྷོ་ཕྱོགས་སོགས་ནས་ཀྱང་འདུས་ཡོད། ཨ་རིའི་ཁྭ་ལེ་ཧྥོར་ནེ་ཡ་སློབ་ཆེན་ (University of California) གྱི་གནའ་ཤུལ་བརྟག་དཔྱད་པ་མར་ཁུ་ཨལ་ཏན་ཏེར་ཧྥིར་ Mark Aldenderfer ཡིས། མདོ་དབུས་མཐོ་སྒང་ནི་གདོད་མིའི་སྤྱི་ཚོགས་ནང་། འཛམ་གླིང་ཡུལ་གྲུ་སོ་སོ་ནས་ཐོན་པའི་མི་རིགས་འདུས་སྡོད་དང་འགྲུལ་བཞུད་བྱེད་ ས་ངོ་མཚར་ཅན་ཞིག་ཡིན་ལས་ཆེ་ཞེས་གསུངས། དེས་ན་མི་རིགས་མང་པོའི་མི་ཚོགས་འདི་དག་ལས་མི་རིགས་གང་ཞིག་མཇུག་མཐར་མཐོ་སྒང་ དུ་གཏན་སྡོད་བྱས་ཏེ་ད་ལྟའི་བོད་མི་རིགས་འདི་བྱུང་པ་ཡིན་ཞེ་ན།

མཚོ་སྔོན་ལཱ་ཀྱའི་གནའ་ཤུལ་གྱི་རིགས་རྒྱུན་དང་གནའ་རྫས་བརྟག་དཔྱད་ཀྱི་སྡོམ་ཚིག་སྐོར་ཞིག་གིས། གནས་དེ་གའི་གནའ་མི་ནི་ལོ་ངོ་ཆེར་མ་སོང་པའི་སྔོན་ལ་རྒྱ་ནག་ནས་གྱེར་ཡོང་པར་ར་སྤྲོད་བྱས། ཡིན་ནའང་། ཞིབ་དཔྱད་ཀྱི་འབྲས་བུ་གཞན་དག་གིས་དེ་ལས་རྙོག་དྲ་ཆེ་ལ་གསལ་ཁ་ཐོན་དཀའ་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མཐུག་པོ་ཞིག་བསྟན་ཡོད་དེ། མདོ་དབུས་མཐོ་སྒང་གི་ཡུལ་དུ་ལཱ་ཀྱ་གནའ་ཤུལ་ལས་ཀྱང་ལོ་ངོ་སྟོང་ཕྲག་མང་པོ་བརྒལ་བའི་སྔོན་ནས་བཟུང་། ཡ་གླིང་གི་ཡུལ་གྲུ་སོ་སོ་ནས་གྱར་ཡོང་པའི་རི་དྭགས་རྔོན་མཁན་དང་སྒོ་ཕྱུགས་འཚོ་སྐྱོང་བྱེད་པའི་རྣམ་པ་གྲུབ་ཡོད་པས། ད་ལྟའི་བོད་མི་ལ་ཡང་ཐུན་མོང་མ་ཡིན་པའི་རིགས་རྒྱུན་ཞིག་ཡོད་པར་བསྒྲུབ།

ཨ་རིའི་ཁྲ་ཁུ་ས་སི (Texas) ལས་ལྡབ་བཞི་འགྱུར་གྱིས་གཞི་རྒྱ་ཆེ་ལ། མཐོ་ཚད་ཆ་སྙོམས་སྨིད་ ༤,༠༠༠ ལྷག་ཡོད་པའི་མདོ་དབུས་མཐོ་སྒང་ནི་འགྲོ་འདུག་སྟབས་བདེ་དེ་ཙམ་མིན་པའི་གོ་ལ་ འདིའི་ས་སྒང་ཁྱད་པར་བ་ཞིག་རེད། ཡིན་ནའང་། ཨེ་ཤེ་ཡ་གླིང་ཆེན་ལ་མཚོན་ན། དེང་རབས་འགྲོ་མི་ནི་ལོ་ངོ་ ༤༠,༠༠༠ སྔོན་ནས་དར་སྤེལ་བྱུང་ཡོད། པེ་ཅིན་གྱི་ཚན་རིག་གཙུག་ལག་ཁང་གི་མདོ་དབུས་མཐོ་སྒང་ཞིབ་འཇུག་ལས་ཁོངས་ཀྱི་གནམ་གཤིས་དང་ཁོར་ཡུག་ཆེད་མཁས་པ་ཞོའུ་པེ་ཆེན་ Xu Baiqing གྱིས་བཤད་རྒྱུར། སྔོན་གྱི་ལོ་ ༢༨,༠༠༠ ནས་ ༡༧,༠༠༠ ཡར་སྔོན་ནི་གནམ་གཤིས་འཁྱག་ཚད་ཧ་ཅང་མཐོ་བའི་ལོ་རྒྱུས་ཐོག་གི་ཆེས་མཐའ་མཇུག་ གི་འཁྱག་རོམ་མཐོ་ཤོས་ཀྱི་བར་སྐབས་ཤིག་ཡིན་ནའང་། མདོ་དབུས་མཐོ་སྒང་གི་དཀྱིལ་སྙིང་དུ་ཆགས་པའི་རི་ལུང་དག་ནི་ཧ་ལམ་འཚོ་གནས་ བྱེད་ས་བཟང་ཤོས་དེ་རེད། གནས་དེ་གའི་རི་དྭགས་དང་ནས་འབྲུ་སོགས་ཁ་ཟས་ལ་བརྟེན་ནས། མི་གྲངས་ཉུང་ངུ་ཞིག་དུས་ཡུན་རིང་པོའི་ནང་འཚོ་སྡོད་བྱས་ཡོད་པར་གདོན་མི་ཟ།

མདོ་དབུས་མཐོ་སྒང་གི་ཤར་ལྷོའི་མཚམས། ཡོན་ནན་ཞིང་ཆེན་གྱི་མཐོ་ཚད་སྨིད་ ༢,༥༠༠ ཙམ་གྱི་ཡོའུ་ཧྲོའུ་ཕེན་ (Yushuiping) གནའ་ཤུལ་དུ། ལན་གྲུ་སློབ་གྲྭ་ཆེན་མོའི་ (兰州大学) གནའ་རྫས་བརྟག་དཔྱད་པ་དུང་གུང་ཧོས་ Dong Guanghui དང་ཁོང་གི་བརྟག་དཔྱད་རུ་ཁག་གིས་ཉེ་ལམ་གསར་རྙེད་བྱུང་བ་ནི་ཧ་ལམ་བོད་ཁུལ་གྱི་ ཆེས་སྔ་བའི་གནའ་མི་འཚོ་སྡོད་ཀྱི་བདེན་དཔང་དུ་གྲུབ་ཡོད། གནས་དེ་རུ་སྔོག་འདོན་བྱུང་བའི་རྡོ་ཆས་དང་དམར་གསོད་བཏང་བའི་སྲོག་ཆགས་ཀྱི་ རུས་པ་སོགས་སྔོན་གྱི་ལོ་ B.P. ༣༩,༠༠༠ ནས་ ༣༡,༠༠༠ བར་ལ་ཁེལ་ཡོད། ད་དུང་པར་སྐྲུན་བྱས་མེད་པའི་བརྟག་དཔྱད་ཀྱི་འབྲས་བུ་འདི་དག་ལས་གནའ་མི་དེ་དག་གནས་གང་ཞིག་ནས་ཡོང་པར་གསལ་ཁ་ཐོན་མེད། ཡིན་ནའང་། བོད་ཁུལ་གྱི་ནུབ་ཕྱོགས་ས་ཁུལ་ནས་སྔོག་འདོན་བྱུང་པའི་བལ་ཡུལ་གྱི་རྡོ་ཆས་དང་ རིགས་འདྲ་བ་དེ་དག་ནི་སྔོན་གྱི་ལོ་ ༣༩,༠༠༠ ནས་ ༣༡,༠༠༠ བར་ཁེལ་འདུག ཨལ་ཏན་ཏེར་ཧྥིར་ཡིས་བརྟག་དཔྱད་བྱས་པ་ལྟར་ན། མདོ་དབུས་མཐོ་སྒང་གི་ཡུལ་གྲུར་སྔོན་མ་ནས་ཧི་མ་ལ་ཡའི་ལྷོ་རྒྱུད་ནས་གནའ་མི་ གནས་ཡུལ་སྤོས་ཡོད།

གནའ་མི་དེ་དག་ཧི་མ་ལ་ཡའི་ནུབ་ཕྱོགས་ནས་ཡང་ཟུར་གྱེས་བྱས་ཡོད་པར་ངེས་ཏེ། སྔོན་གྱི་ལོ་ ༢༠,༠༠༠ བར་ལ་གཏུགས་ཡོད་པའི་བོད་ལྗོངས་ཀྱི་ནུབ་ཕྱོགས་སུ་སྔོག་འདོན་བྱུང་པའི་རྡོ་ཆས་ དག་ནི་སེ་པེ་རུ་ཡ་ Siberia ཡི་ལྷོ་ཕྱོགས་ཨལ་ཐེ་ Altai རི་བོའི་རྒྱུད་ཀྱི་གནའ་རྫས་དང་རིགས་གཅིག་ཡིན་པར་མཆིས། ཨལ་ཐེ་རི་བོ་ནི་ས་སྒང་མཐོན་པོར་གཞིས་སྡོད་བྱེད་པའི་འགྲོ་མི་དག་གི་རིགས་ རྒྱུན་སྐྱེད་འཕེལ་དང་འདྲིས་འགྱུར་བྱུང་བའི་འབྱུང་ཁུངས་ཀྱི་ཡ་གྱལ་ཞིག་ཡིན་ པར་མངོན་ལ། ཉིས་སྟོང་བཅུ་བཞི་ལོའི་རང་བྱུང་དུས་དེབ་ (Nature) ཏུ་ བཀོད་པའི་དཔྱད་རྩོམ་ཞིག་ལས། ཧྲིན་ཀྲིན་གྱི་རིགས་རྒྱུན་ཉམས་ཞིབ་ལྟེ་གནས་ཀྱི་དབུ་འཛིན་བང་ཅོན་ Wang Juan དང་ཨ་རིའི་ཁྭ་ལེ་ཧྥོར་ནེ་ཡ་སློབ་ཆེན་པུར་ཁུ་ལེ་སློབ་གླིང་ (University of California Berkeley) གི་མི་གྲངས་དང་རིགས་རྒྱུན་སྐྱེད་སྤེལ་དཔྱད་ཞིབ་པ་ནེའུ་སིན་ Rasmus Neilsen གྱིས་ལུས་ཕུང་ཁྲག་རྒྱུད་ནང་སྲོག་འཛིན་རླུང་གི་རྒྱུ་བའི་འདོན་སྤེལ་ལ་སྙོམས་ སྒྲིག་དང་ཚོད་འཛིན་བྱེད་པའི་རིགས་རྒྱུན་གྱི་རྒྱུ་ EPAS1 ཞེས་པ་ཞིག་ཨལ་ཐེ་རི་བོ་ལས་སྔོག་འདོན་བྱུང་བའི་གནའ་མིའི་རྗེས་ཤུལ་འགྱུར་རྡོ་ཏན་ནེ་སོ་བན Denisovan རིགས་ཀྱི་མི་ལས་མཆེད་པར་འདོད། ཚན་རིག་པ་ཚོས་བརྟག་དཔྱད་བགྱིད་པ་ལྟར་ན། གདོད་མིའི་ཏན་ནེ་སོ་བན་རིགས་ཀྱི་མི་རྒྱུད་དང་དེང་རབས་མི་རྒྱུད་གཉིས་ད་ལྟའི་ བོད་རིགས་འཚོ་སྡོད་ཀྱི་ཉེ་སར་ལོ་ངོ་ ༥༠,༠༠༠ ནས་ ༢༠,༠༠༠ སྔོན་མཉམ་སྡེབ་བྱས་ཡོད་པར་དོགས་གཞི་བསླངས་ཡོད་ལ། ཆེས་སྔ་བའི་གནའ་བོའི་ཡུལ་གྱར་པ་དག་གིས་རིགས་རྒྱུན་གྱི་རྒྱུ་དེ་སྤེལ་བའམ། ཡང་ན་ཡ་གླིང་གི་ཡུལ་གྲུ་གཞན་དག་སོ་སོ་ནས་སྤེལ་མཐར་མཐོ་སྒང་དུ་འཕེལ་བར་དཔག་ཐུབ།

༼ས་ཁྲ༽མདོ་དབུས་མཐོ་སྒང་གི་གནའ་ཤུལ་བརྟག་དཔྱད་ས་ཚིགས། ལོ་ངོ་ ༣༠,༠༠༠ ཡར་སྔོན་ནས་འགྲོ་མིས་མཐོ་སྒང་དུ་འགྲུལ་བཞུད་བྱས་མྱོང་པ་དང་། ལོ་ངོ་ ༦,༠༠༠ ཡར་སྔོན་ནས་ལོ་ཟླ་ཁོར་མོ་ཡུག་ཏུ་འཚོ་སྡོད་བྱས་མྱོང་པ་མངོན།

2

ཡོན་ནན་གྱི་གནའ་ཤུལ་ལས་བཏོན་པའི་རྡོ་ཆས་དང་སྲོག་ཆགས་ཀྱི་འགྱུར་རྡོ་ལས། གནའ་བོའི་བོད་མི་ནི་སྔ་མོ་ནས་ནོར་གཡག་དང་རི་དྭགས་གཞན་དག་སྒོ་ཕྱུགས་སུ་བཏུལ་ ནས་འཚོ་སྡོད་བྱས་ཡོད་པར་ར་སྤྲོད་བྱས། བོད་མི་འགའ་ཤས་ནི་དགུན་ཁར་ས་ངོས་ཅུང་དམའ་སར་གནས་སྤོར་བྱས་ཡོད་ཀྱང་། གཞན་དག་ནི་དབྱར་དགུན་དབྱེར་མེད་དུ་མཐོ་སྒང་གི་གྲང་ཚད་ཆེ་སར་གཞི་འདུག་བྱས་ཡོད། ཨལ་ཏན་ཏེར་ཧྥིར་ཡིས་བཤད་རྒྱུར། གནའ་མི་དེ་དག་མཐོ་སྒང་གི་དབུས་ཕྱོགས་སུ་གནས་སྡོད་བྱས་ཡོད་ཚེ། ཁོང་ཚོ་དབྱར་དགུན་གྱི་དུས་བབ་དང་བསྟུན་ནས་ངོས་ཚད་མཐོ་བའི་མཐོ་སྒང་གི་མཐོ་ དམའི་བར་ཐག་རིང་པོ་ནས་གནས་སྤོ་དང་འགྲོ་འོང་བྱེད་མི་སྲིད། མཚོ་སྔོན་དགེ་ཐོན་སློབ་ཆེན་ (青海师范大学) གྱི་ཧོ་གུང་ལིང་ Hou Guangliang གིས། གནའ་བོའི་བོད་མིས་བོད་ལྗོངས་ཀྱི་དབུས་དང་ནུབ་ཕྱོགས་སོགས་སུ་འཛད་མེད་དུ་ གྲུབ་པའི་རང་བྱུང་ཆུ་ཁོལ་ལ་བརྟེན་ནས་འཚོ་སྡོད་བྱས་ཡོད་པར་ངེས་ཞེས་བཤད། དེ་མིན་སྒྱིད་པུ་ལ་བརྟེན་ནས་དྲོད་ཁོལ་བསྐྲུན་ཡོད་པར་ཡང་སྲིད། ཧོ་གུང་ལིང་དང་ཁོང་གི་བརྟག་དཔྱད་རུ་ཁག་གིས་མཚོ་སྔོན་པོའི་ཉེ་འདབས་ཀྱི་ཅང་ ཤེས་ (江西沟) གནའ་ཤུལ་དུ་སྔོག་འདོན་བྱུང་པའི་སྔོན་གྱི་ལོ་ ༡༥,༠༠༠ ཡར་སྔོན་ལ་ཁུངས་སྐྱེད་ཡོད་པའི་ས་ཡི་སྒྱིད་པུ་ནི་ད་རབས་མཐོ་སྒང་དུ་ཆེས་སྔ་ བའི་ས་སྒྱིད་དེ་རུ་ངོས་བཟུང་ཡོད། དེ་མིན་ལྷ་ས་གྲོང་ཁྱེར་ཉེ་འདབས་ཀྱི་མཐོ་ཚད་སྨིད་ ༤,༢༠༠ ཡར་བུད་ཀྱི་ཆུ་བཟང་དུ་ཉེ་ལམ་སྔོག་འདོན་བྱུང་པའི་གནའ་ཤུལ་ལ་བརྟག་དཔྱད་བྱས་པ་ ལྟར་ན། ལོ་ངོ་ ༩,༠༠༠ ནས་ ༦,༠༠༠ བར་གནས་དེར་གནའ་མི་ལོ་ཟླ་འཁོར་མོ་ཡུག་ཏུ་གནས་སྡོད་བྱས་ཡོད་པར་ར་སྤྲོད་བྱས། ཨལ་ཏན་ཏེར་ཧྥིར་ཡིས་བཤད་རྒྱུར།

ཆུ་བཟང་དུ་གནས་སྡོད་བྱེད་པའི་ སྐབས་དེའི་མི་ལ་མཚོན་ན། དྲོད་གཤིས་འཛོམས་པའི་ས་ངོས་དམའ་སར་གནས་སྤོར་དགོས་པའི་དབང་དུ་བཏང་ན་ཡང་། ཁོང་ཚོ་ཆེས་མ་མཐའ་ཡང་སྤྱི་ལེ་ ༧༠༠ ལྷག་ལ་འགྲོ་དགོས་ཀྱི་འདུག དེ་ནི་རི་ཀླུང་མང་པོར་ཉུལ་བའི་གནའ་བོའི་རི་དྭགས་རྔོན་མཁན་པ་ཚོར་མཚོན་ན་ཡང་ ཁ་ཐག་ཧ་ཅང་རིང་སོང་བའི་ཚད་ཡིན་པར་བསམ། གནའ་ཤུལ་འདི་དག་གི་བརྟག་དཔྱད་ལས། གནའ་མི་དག་ནི་ཞིང་ལས་ཀྱི་རྣམ་པ་མ་དར་པའི་གོང་རོལ་ནས་མཐོ་སྒང་དུ་རིགས་རྒྱུན་དང་རིག་གནས་ཡུལ་སྲོལ་སོགས་ཡུལ་དུས་དང་བསྟུན་ནས་གོམས་འདྲིས་སུ་སོང་དེ་གཞིས་ ཆགས་ཡོད་པ་མཚོན་ཐུབ། ཁོང་གིས་བཤད་རྒྱུར། གནའ་མི་དེ་ཚོ་མཐོ་སྒང་གི་ཡུལ་ལུང་སོ་སོ་དང་ཡང་ན་གཏན་ཁེལ་གྱི་ས་གནས་གཅིག་ཏུ་ བསྡད་དེ་ལོ་ཟླ་རིང་མོ་བསྐྱལ་པའི་ངེས་པ་ཡོད་མི་སྲིད།

ལོ་ཟླ་རིང་མོའི་ འགྲོས་དང་བསྟུན་ནས། རི་དྭགས་རྔོན་པའི་འཚོ་སྟངས་དེ་ནོར་ལུག་འཚོ་སྐྱོང་གི་རྣམ་པར་འགྱུར། ༢༠༡༤ ལོའི་འཕེལ་འགྱུར་ཚན་རིག་དཔྱད་བརྗོད་ (Quaternary Science Reviews) ནང་མར་པུར་གུ་ཧྥེ་ལེ་ཕུ་སུ་སློབ་ཆེན་ (Philipps University of Marburg) གྱི་སྐྱེ་ཁམས་སྨྲ་བ་ལྗོར་ལྗི་མེ་ཧུ་ George Miehe དང་ཁོང་གི་ལས་གྲོགས་ཚོས་བརྟག་དཔྱད་བགྱིད་པ་ལྟར་ན། སྒོ་ཕྱུགས་ཀྱི་རྣམ་གྲངས་མང་དུ་སྐྱེད་པ་དང་བསྟུན། མཐོ་སྒང་གི་རྩྭ་དང་རྩི་ཤིང་རྣམ་ལ་ཡང་ལོ་ངོ་ ༨,༠༠༠ སྔོན་ཙམ་ནས་འགྱུར་འགོ་ཚུགས། ཁོ་ཚོས་བདེན་དཔང་དུ་བཀོད་པའི་མཚོན་བྱེད་ལས། མཚོ་དང་མཚེའུ་ཡི་གཏིང་ཞབས་ནས་སྔོག་འདོན་བྱས་པའི་སྙིགས་བསགས་ཀྱི་ཟེའུ་ འབྲུའི་ཟེགས་རྡུལ་ Pollen ལས་མཐོ་སྒང་དུ་ཁྱབ་ཆེ་བའི་རྩི་ཤིང་གི་རིགས་ནི་ལོ་ངོ་ ༨,༠༠༠ སྔོན་ལ་དར་འགོ་ཚུགས་པ་དང་། ཁོ་ཚོས་ད་དུང་ཉར་ཚགས་བྱས་པའི་གནའ་བོའི་ས་རྡུལ་གྱི་ཆགས་རིམ་དང་ནགས་ཚལ་གྱི་ ཟེའུ་འབྲུའི་ཟེགས་རྡུལ་ལས་མཐོ་སྒང་དུ་གཞི་འདུག་བྱས་པའི་གནའ་མི་ཚོས་ནགས་ཚལ་ ཡོངས་མེར་བསྲེག་བཏང་སྟེ་རྩྭ་ཐང་དུ་བསྒྱུར་ཡོད་པ་ཡང་ར་སྤྲོད་བྱས།

གྲང་ ཚད་ཆེ་ལ་ཚ་སྐོམ་གྱིས་མནར་སྲིད་པའི་མཐོ་སྒང་དུ། གཞི་ཁྱིམ་དང་ཡུལ་སྡེ་ཇེ་ཆེར་ཆགས་པ་ནི་བཟའ་བཏུང་ཡང་དེའི་ཚོད་ཀྱིས་འཚོལ་སྙེག་ བྱེད་དགོས་པ་ཡིན་མོད། སྐབས་དེའི་གོ་ལ་སྤྱི་ཡི་དྲོད་གྲངས་ཇེ་བསིལ་དུ་འགྱུར་བར་བརྟེན། ཡུལ་དུས་ཀྱི་ཁོར་ཡུག་ལ་གོམས་འདྲིས་དང་གནའ་མིའི་འཚོ་བར་འཕེལ་རྒྱས་བྱུང་ཡོད་ པར་མངོན།

ད་ལྟའི་མདོ་དབུས་མཐོ་སྒང་གི་ས་བབ་དམའ་སའི་རི་ལུང་དག་ནི་ཧ་ ལམ་ནས་འབྲུ་ཡི་རྫོང་མཐུག་ས་ཡིན། ཡིན་ནའང་། སྔ་རབས་ཀྱི་ཞིང་ལས་པ་ཚོས་ཐུན་མོང་མ་ཡིན་པའི་འབྲུ་རིགས་ཁྲེའམ་ཁྲེ་རྒོད་བཏབ་ཡོད། མདོ་དབུས་མཐོ་སྒང་དུ་ཆེས་སྔ་བའི་གནས་སྡོད་ས་ཤུལ་དུ་ངེས་འཛིན་ཐོབ་པའི་མཐོ་ ཚད་སྨིད་ ༣,༡༠༠ མཚམས་ཀྱི་ཁ་རུབ་གནའ་ཤུལ་དུ། སི་ཁྲོན་སློབ་གྲྭ་ཆེན་མོའི་བརྟག་དཔྱད་པ་ལུའུ་ཧོང་ལིང་དང་ཁོང་གི་ལས་གྲོགས་ ཚོས་སྔོན་གྱི་ལོ་ ༥,༠༠༠ ལ་གཏུགས་ཡོད་པའི་ཁྲེ་རྒོད་ཀྱི་འབྲུ་གུ་ཞིག་འཚོལ་རྙེད་སྔོག་འདོན་བྱུང་ཡོད། རྫ་ཆུའི་སྟོད་དུ་ཡོད་པའི་ཁ་རུབ་ (Karuo) གནའ་ཤུལ་ནི་ཞིང་ལས་གཉེར་བར་ཕན་པའི་གཤིན་ས་འཛོམས་པ་ཞིག་ཡིན་ལ། ལུའུ་ཧོང་ལིང་གིས་དེ་ནི་མཐོ་སྒང་གི་དྲོད་གྲངས་དང་བརླན་གཤེར་ཉིས་འཛོམས་ཀྱི་ གནས་དེ་རེད་ཟེར།

གྲང་ངར་ཆེ་ལ་བརླན་གཤེར་དཀོན་པའི་མཐོ་སྒང་གི་བྱང་རྒྱུད་ལ་གནས་བཅའ་བར་འབྲུ་རིགས་ཁྱད་པར་བ་ཞིག་དགོས། ༢༠༡༤ ལོའི་ཟླ་ ༡ པོའི་ཚེས་ ༡༦ ཉིན་ཚན་རིག་དུས་དེབ་ (Science) ཀྱི་ཤོག་ངོས་ ༢༤༨ དུ་བཀོད་པ་ལྟར་ན། ལན་གྲུ་སློབ་ཆེན་གྱི་དུང་ Dong དང་གནའ་ཤུལ་བརྟག་དཔྱད་པ་ཀྲང་དུང་ཅུའུ་ Zhang Dongju གནམ་གཤིས་ཚན་རིག་པ་ཁྲིན་ཧྥ་ཧོའུ་ Chen Fahu བཅས་ཀྱི་ཞིབ་འཇུག་ལས། མཐོ་སྒང་གི་བྱང་རྒྱུད་ནས་གནའ་ཤུལ་མི་འདྲ་པ་ ༥༣ ལ་འོད་འགྱེད་ནག་རྫས་ (radiocarbon) བརྒྱུད་ནས་འབྲུ་རིགས་ཀྱི་སྲོལ་བའི་དུས་ཡུན་བརྩིས་པ་ལྟར་ན། སྔོན་གྱི་ལོ་ ༣,༦༠༠ ཡས་མས་ལ་མཐོ་སྒང་གི་གནས་སྡོད་པ་རྣམས་མཐོ་ཚད་སྨིད་ ༢,༥༠༠ ལས་དམའ་བའི་སར་གཞི་སྡོད་བྱས་པ་དང་ཁ་ལ་ཟ་བའི་ལོ་ཏོག་ནི་ཧ་ལམ་ཁྲེ་མ་རྐྱང་ཡིན་པར་ར་སྤྲོད་བྱས། ཡིན་ནའང་། རྗེས་ཀྱི་མཐོ་སྒང་བ་དག་མཐོ་སྒང་གི་ཚད་ངོས་མཐོ་སར་གནས་སྤོར་བྱས་ཏེ་ནས་འབྲུ་དང་གྲོ་འབྲུ་བཏབ་ཡོད་པར་ཐེ་ཚོམ་མེད།

དུང་གིས་བཤད་རྒྱུར། འདི་ནི་ང་ཚོས་བོད་ཡུལ་ཞིབ་འཇུག་བྱས་པའི་ཤེས་རྟོགས་ལས་གོ་ལྡོག་ཡོད་དེ། ནས་དང་གྲོ་འབྲུ་ཡི་སྐྱེས་ཡུན་ནི་ཁྲེ་འབྲུ་ལས་ཀྱང་དུས་ཡུན་ངེས་ཅན་ཞིག་དགོས་པས། གྲང་ངར་ལྡན་ལ་ལོ་ཏོག་ལེན་པའི་ནམ་ཟླ་ཐུང་བའི་མཐོ་སྒང་གི་སར་འབྲུ་རིགས་འདི་ གཉིས་འདེབས་པ་ནི་བདམས་གསེས་འོས་འཚམ་ཞིག་མིན་པར་འདོད། ཡིན་ནའང་། ནས་དང་གྲོ་འབྲུ་ནི་ཁྲེ་མ་ལས་འཁྱགས་ཟིལ་གྱི་གནོད་པ་ཐེབས་དཀའ་བའི་འབྲུ་རིགས་ ཤིག་རེད། དུང་དང་ཁོང་གི་ལས་གྲོགས་ཚོས་བརྟག་དཔྱད་བྱས་པ་ལྟར་ན། སྔོན་གྱི་ལོ་ ༤,༥༠༠ ཙམ་ནས་འགོ་ཚུགས་པའི་འཛམ་གླིང་བསིལ་འགྱུར་གྱི་རྣམ་པ་དེ་ལོ་ངོ་སྟོང་ཁ་ལྷག་ལ་གནས་བར་བརྟེན། འབྲུ་རིགས་དང་ཤར་ཕྱོགས་ནས་ནང་འདྲེན་བྱས་པའི་ཟས་རིགས་ལ་འགྱུར་ལྡོག་ཆེན་པོ་བྱུང་། སྐབས་དེ་དང་བསྟུན་ནས། ཞིང་ལས་པ་ཚོ་ཡང་ངོས་ཚད་ཅུང་མཐོ་བའི་སར་གཞི་ཆགས། ཁྲིན་ཧྥ་ཧོའུ་ཡིས་བཤད་རྒྱུར། ནས་དང་གྲོ་འབྲུ་ཡིས་ཡུལ་པ་དག་གྲང་ཤུམ་ཆེ་བའི་ལོ་ཟླ་ཕར་བསྐྱལ་དུ་བཅུག་པར་མ་ ཟད། མཐོ་སྒང་གི་དབུས་སུ་གཞི་སྡོད་ཀྱི་རྒྱ་ཆེ་རུ་བཏང་པར་ཡང་ཕན་པ་ངེས་ཅན་བསྒྲུབས།

སྲོལ་རྒྱུན་ཤེས་རིག་གིས་དཔྱད་པ་ལྟར་ན། མཐོ་སྒང་པ་དག་ནི་གོ་ལ་དྲོད་འགྱུར་དང་རྩི་ཤིང་སྣ་མང་བཅུད་ཀྱིས་རྫོགས་པའི་ དུས་སྐབས་ཤིག་ལ་མཐོ་སྒང་དུ་མཉམ་སྤོར་བྱས་པར་དགོངས། འོན་ཏེ། གོང་དུ་སོང་བའི་ཉེ་རབས་ཀྱི་བརྟག་དཔྱད་ཞིབ་འཇུག་དེ་ལ་ཡོངས་ཁྱབ་ནས་ཁས་ལེན་ ཐོབ་བཞིན་བདོག ཞིབ་འཇུག་འདི་ལ་མཉམ་ཞུགས་གནང་མེད་པའི་ཨ་རིའི་ཁྭ་ལེ་ཧྥོར་ནེ་ཡ་སློབ་ཆེན་ལོ་ སུ་ཨན་ལྗི་ལུ་སུ་སློབ་གླིང་ (University of California Los Angeles) གི་གནའ་ཤུལ་བརྟག་དཔྱད་པ་ཆེན་མོ་ལྗེ་ཧྥུ་རེ་པུ་རེན་སྒམ་ P. Jeffrey Brantingam གྱིས། དཔྱད་འབྲས་གསར་པ་འདི་ལས་མདོ་དབུས་མཐོ་སྒང་དུ་རྒྱུ་མཚན་ཅི་ཞིག་གི་དབང་གིས་ དུས་འགྱང་ཤོར་བའི་གཏན་སྡོད་ཀྱི་མི་ཁྱིམ་སྤེལ་བར་སྒྲུབ་བྱེད་ཡིད་རྟོན་ཅན་ཞིག་སྣང་ཞེས་བཤད།

ཐོག་མ་ནས་བྱུང་པའི་ཡུལ་པ་དེ་ཚོ་སུ་རེད། མདོ་དབུས་མཐོ་སྒང་གི་ཡིག་ཐོག་ཏུ་འཁོད་པའི་ལོ་རྒྱུས་ནི་དུས་རབས་བདུན་པའི་ནང་བོད་ ཁམས་གཅིག་གྱུར་བྱས་པའི་རྟུལ་ཕོད་ཀྱི་རྒྱལ་བོ་སྲོང་བཙན་སྒམ་པོ་ནས་མ་གཏོགས་འགོ་ཚུགས་མེད་ལ། རྟོགས་བཅོས་ཀྱི་ལྷ་རབས་དང་འབྲེལ་བའི་བོད་མིའི་མཆེད་ཁོངས་ནི་ལྷ་སའི་ལྷོ་ ཕྱོགས་ཀྱི་སྤྱི་ལེ་ ༡༨༠ མཚམས་སུ་ཡོད་པའི་གནས་རི་མགོན་པོ་རི་ལས་སྤྲེའུ་དང་སྲིན་མོ་གཉིས་ཀྱི་མཐུན་ སྦྱོར་ལས་ཡིན་པར་བཤད། ཉེ་བའི་ལོ་དུ་མའི་ནང་། རིགས་རྒྱུན་བརྟག་དཔྱད་པ་རྣམས་ཀྱིས་དོགས་གནད་ཀྱི་ན་བུན་འདི་ལ་གསལ་ཁ་ཕྱེས་ཡོད།

སུའུ་པེན་ Su Bing ནི་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཁོན་མིན་སྲོག་ཆགས་ཞིབ་འཇུག་ལྟེ་གནས་ (CAS’s Kunming Institute of Zoology) ཀྱི་རིགས་རྒྱུན་ཞིབ་འཇུག་པ་ཞིག་ཡིན་ལ། སུའུ་པེན་གྱིས་བོད་མི་རྣམས་ཡ་གླིང་གི་མི་རིགས་གཞན་པ་དང་མི་འདྲ་པའི་དམིགས་ བསལ་གྱི་ཁྱད་པར་དེ་ནི། ཁོང་ཚོ་མཁའ་དབུགས་འབྱིན་རྔུབ་ལ་གནོད་པ་མེད་པར་མཐོ་སྒང་དུ་འཚོ་སྡོད་བྱེད་ ཐུབ་པ་དེའོ་ཞེས་བཤད། བོད་མི་མང་ཤོས་ནི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨིད་ ༣,༥༠༠ ཡར་བུད་ཀྱི་དབྱང་དབུགས་སམ་སྲོག་འཛིན་རླུང་བརྒྱ་ཆའི་བཞི་བཅུས་ཉུང་ལ། ལྗིད་ཚད་དམའ་བར་བཙའ་བའི་ཕྲུ་གུ་དང་ཁྱིའུ་འཆི་འདས་ཀྱི་ཚད་ནི་ལྡབ་དུ་མས་མཐོ་ བའི་སར་འཚོ་གནས་བྱེད་པ་རེད། སུའུ་པེན་གྱིས་མཐོ་སྒང་གི་ཡུལ་དུས་དང་བསྟུན་པའི་གོམས་འདྲིས་བྱུང་བར་ལུས་ཁམས་དང་རིགས་རྒྱུན་བཅས་ལ་མི་རབས་ནས་མི་རབས་བར་དུ་དུས་ཡུན་ངེས་ཅན་གྱི་འཕེལ་འགྱུར་གཏོང་དགོས་འདུག་པར་བཤད།

༼པར་རིས༽མཚོ་སྔོན་པོའི་ཉེ་ འདབས་སུ་གནའ་ཤུལ་༡༥༡ལྷག་སྔོག་འདོན་བྱུང་པའི་ཤིང་ཁང་སྣ་ཚོགས་ལས།གནའ་བོའི་ བོད་མི་དག་ལོ་ངོ་༩,༠༠༠ཡར་སྔོན་དུ་ས་དེར་གཞིས་ཆགས་བཏང་པར་མངོན།

3

རིགས་རྒྱུན་འཕེལ་འགྱུར་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར། བང་ཅོན་གྱིས་བོད་མི་ལྔ་བཅུ་དང་རྒྱ་མི་བཞི་བཅུ་ཡི་བརྒྱ་ཆའི་དགུ་བཅུ་གོ་གཉིས་ ཀྱི་རིགས་རྒྱུན་ས་བོན་ལ་དུས་རིམ་གྱི་གོང་བསྒྲིགས་ནས་ཞིབ་འཇུག་བྱས་པར་གྲུབ་ འབྲས་བྱུང་པ་ལྟར་ན། རིགས་རྒྱུན་ས་བོན་སུམ་བཅུའི་ནང་དུ། བོད་མི་ལ་རྒྱུན་ལྡན་གྱིས་ཡོད་པའི་རིགས་རྒྱུན་ས་བོན་གྱི་འགྱུར་བའི་ཆ་དེ་རྒྱ་ མིའི་ཁྲོད་ཧ་ཅང་དཀོན་པོ་ཡིན་པ་དང་ཧ་ལམ་མེད་པར་བདོག མཐོ་སྒང་དུ་འཚོ་གནས་བྱེད་ནུས་པའི་རིགས་རྒྱུན་འཕེལ་འགྱུར་དང་འབྲེལ་བའི་རིགས་ རྒྱུན་ས་བོན་ EPAS1 རྟགས་མཚོན་ཅན་གྱི་འགྱུར་བའི་ཆ་དེ་བོད་མིའི་ཁྲོད་དུ་བརྒྱ་ཆའི་བརྒྱད་བཅུ་གྱ་བདུན་ཟིན་ཡོད་ལ། རྒྱ་མིའི་ཁྲོད་བརྒྱ་ཆའི་དགུ་མ་གཏོགས་མེད། དེ་ལ་ཨ་རིའི་ཁྭ་ལེ་ཧྥོར་ནེ་ཡ་སློབ་ཆེན་པུར་ཁུ་ལེ་སློབ་གླིང་གི་ནེའུ་སིན་ གྱིས་སྣེ་ཁྲིད་པའི་ཚན་རིག་པ་སྐོར་ཞིག་གིས་མི་གྲངས་བྱུང་འཕེལ་ལོ་རྒྱུས་ཀྱི་ གནས་ཚུལ་དུ་མའི་བྱེད་ཐབས་སྤྱད་ནས་བརྟག་དཔྱད་བཏང་པ་རེད། མི་གྲངས་བྱུང་འཕེལ་གྱི་ཆ་ཚད་དབྱེ་འབྱེད་ཚོད་དཔག་དང་རིགས་རྒྱུན་ཟུར་གྱེས་ ཀྱི་དུས་མཚམས། རིགས་ཕན་ཚུན་བར་བརྒྱུད་པའི་རིགས་རྒྱུན་ས་བོན་གྱི་མང་ཉུང་སོགས་ལ་བརྟེན་ནས། བང་ཅོན་གྱི་དཔྱད་འབྲས་ལ་ཇི་ལྟར་འགྲེལ་བ་རྒྱག་ཐུབ་པར་བལྟས། ནེའུ་སིན་གྱིས་བཤད་རྒྱུར། ང་ཚོའི་དཔྱད་འབྲས་ལྟར་ན། རིགས་རྒྱུན་ས་བོན་གྱི་འགྱུར་བའི་ཆ་དེ་ལོ་ངོ་ ༢,༧༥༠ སྔོན་གྱི་རིགས་རྒྱུན་ཟུར་གྱེས་ཀྱི་དུས་མཚམས་ཤིག་ལས་བྱུང་བར་འདོད། ཁོང་གི་ཞིབ་འཇུག་དཔྱད་འབྲས་དེ་བང་ཅོན་དང་མཉམ་དུ་ ༢༠༡༠ ལོའི་ཟླ་བདུན་པའི་ནང་པར་བསྐྲུན་གནང་པའི་ཚན་རིག་དུས་དེབ་ (Science) ཀྱི་ཤོག་ངོས་༧༥ ལ་བཀོད་འདུག དུས་ཡུན་ཧ་ཅང་ཐུང་བའི་ལོ་མཚམས་དེ་ལ་དོགས་སློང་ཡང་རྒྱ་ཆེན་པོ་བྱུང་ཡོད།

ལུའུ་ཧོང་ལིང་གིས་བཤད་རྒྱུར། དཔྱད་འབྲས་དེ་ཡིས་ང་ཚོས་བོད་ལ་རྒྱུས་ལོན་ཡོད་པའི་ཤེས་རྟོགས་འབོར་ཆེན་ཞིག་རྒྱབ་འགལ་དུ་བཏང་འདུག་ཟེར་པ་དང་། ཁ་རུབ་གནའ་ཤུལ་རིག་གནས་ལས་ར་སྤྲོད་བྱས་པའི་སྔོན་གྱི་ཡུལ་པ་དག་གོང་གི་དུས་ མཚམས་དེ་ལས་ད་དུང་ལོ་ངོ་ ༢,༠༠༠ ཡིས་སྔོན་དུ་སོང་ཡོད་ལ། གཞན་འགའ་ཞིག་གིས་ད་དུང་ཚན་རིག་དུས་དེབ་ཀྱི་དཔྱད་རྩོམ་དེའི་བྱེད་ཐབས་ལ་ཡང་དོགས་སློང་སྐྱེས་ཡོད། ཧྥོའུ་ཏན་སློབ་ཆེན་ (复旦大学) གྱི་རིགས་ཚོགས་རིགས་རྒྱུན་བརྟག་དཔྱད་པ་ཅིན་ལེ་ Jin Li ཡིས། དཔྱད་རྩོམ་གྱི་དཔེ་མཚོན་སྤུས་ཚད་ཀྱི་ཆེ་ཆུང་དང་མི་གྲངས་ཀྱི་མང་ཉུང་སོགས་ཧ་ཅང་ཆུང་དྲག་པས། བོད་ཀྱི་རྙོག་འཛིངས་ཆེ་བའི་མི་གྲངས་ལོ་རྒྱུས་དེ་གསལ་ཁ་ཐོན་ཁག་པོ་འདུག་པར་བརྗོད། ནེའུ་སིན་གྱི་བྱེད་ཐབས་ལས་རིགས་རྒྱུན་ཟུར་གྱེས་ཀྱི་སྐབས་དེར་རྒྱ་མི་ ༢༨༨ དང་བོད་མི་ ༢༢,༦༤༢ ཡོད་པར་དཔག་པ་དེ་ཡང་མང་པོ་ཞིག་གི་རྒྱུན་ལྡན་མིན་པའི་དོགས་སློང་གི་རྒྱུ་རུ་གྱུར། སུའུ་པེན་གྱིས་འདི་ལ་བདེན་ཤེས་ཤིག་གཏན་ནས་ཡོད་མི་སྲིད་པར་འདོད། ཁྱོད་ཀྱིས་དཔེ་གཟུགས་དག་ཕན་ཚུན་སྡེབ་ནས་རང་ཉིད་ལ་མཁོ་བའི་རིགས་རྒྱུན་གྱི་ འགྱུར་བའི་རྣམ་པ་དེ་བཟོ་བཅོས་བྱེད་ཐུབ་མོད། ཡིན་ནའང་། དེ་ལས་དཔེ་མཚོན་གྱི་གནས་ཚུལ་དངོས་མ་ཞིག་བཟོ་ཐུབ་པའི་ངེས་པ་མེད། ནེའུ་སིན་ལྟར་ན། ཁོང་གི་ཞིབ་དཔྱད་པ་དག་གིས་དཔེ་གཟུགས་ཁག་ལ་བསྐྱར་བཅོས་བྱས་ཏེ། སྐབས་འདིར། ཁོ་ཚོས་རྒྱ་རིགས་དང་བོད་རིགས་གཉིས་ཧ་ལམ་ལོ་ངོ་ ༥,༠༠༠ ནས་ ༣,༠༠༠ སྔོན་ལ་ཕན་ཚུན་ཁ་གྱེས་པར་སེམས་ཡོད།

སྐད་བརྡ་རིག་པའི་ཞིབ་འཇུག་ཁག་ལས་ ཀྱང་རྒྱ་བོད་གཉིས་ལ་ཁྱད་པར་ཅན་གྱི་ཐུན་མོང་གི་རྩ་བ་ཡོད་པར་བསམ་ཚུལ་བཏོན་འདུག ཧོང་གོང་གྲོང་ཁུལ་སློབ་ཆེན་ (City University of Hong Kong) གྱི་སྐད་བརྡ་རིག་པ་བ་ཝེ་ལེ་ཡུམ་ William Shi-Yuan Wang གྱིས་སྒྲ་གདངས་དང་ཡུལ་སྐད། སྐད་ཆའི་སྒྲིག་རིམ་སོགས་ཀྱི་ཁྱད་ཆོས་ཉམས་ཞིབ་བགྱིད་དེ་ ༡༩༩༨ ལོར་སྐད་རིགས་རེའུ་མིག་སྡོང་བོ་ཞིག་བཟོས་པ་ལས། རྒྱ་བོད་གཉིས་ཀྱི་སྐད་ནི་ལོ་ངོ་ ༦,༠༠༠ སྔོན་ལ་ཕན་ཚུན་ཁ་གྱེས་པར་བསྟན་འདུག པུ་རིན་སློབ་ཆེན་ (University of Bern) གྱི་ཧི་མ་ལ་ཡའི་ཉེ་འདབས་ཀྱི་སྐད་རིགས་ཀྱི་ཆེད་མཁས་པ་ལྗོར་ལྗི་ George van Driem ཡིས་ཡང་གོང་དང་འདྲ་བའི་དཔྱད་པ་བཏང་འདུག སྐད་བརྡ་གསར་པ་བྱུང་བར་བརྟེན་སྔོན་མ་དག་དོར་པའི་སྐད་རིགས་ཀྱི་བྱུང་འཕེལ་ལ་ དབྱེ་ཞིབ་བྱས་རྗེས། ལྗོར་ལྗི་ཡི་བསམ་འཆར་ལྟར་ན། ཐོག་མའི་བོད་སྐད་སྨྲ་མཁན་ནི་ད་ཆའི་སི་ཁྲོན་ཞིང་ཆེན་གྱི་ནུབ་རྒྱུད་དང་མདོ་དབུས་མཐོ་སྒང་གི་ཤར་རྒྱུད་ནས་ལོ་ངོ་ ༧,༠༠༠ ཡར་སྔོན་ལ་བྱུང་བར་འདོད།

༼པར་རིས༽རྒྱལ་རྩེ་ས་ཁུལ་དུ་བོད་མིས་ནས་འབྲུ་འཕྱར་བཞིན་པ།

4

འོན་ཀྱང་། སུའུ་པེན་གྱིས་བོད་མིའི་མཆེད་ཁོངས་ལ་ལོ་རབས་ཧ་ཅང་སྔ་བར་མ་ཟད་ཡིད་བརྟན་འཕེར་ བའི་རྒྱུ་རྐྱེན་སྣ་ཚོགས་ཀྱི་སྒྲུབ་བྱེད་བཀོད་ཡོད། འདུས་རྫས་སྐྱེ་དངོས་ཚན་རིག་དང་འཕེལ་འགྱུར་ (Molecular Biology and Evolution) ཞེས་པའི་དུས་དེབ་ཀྱི་ ༢༠༡༡ ནས་ ༢༠༡༣ བར་བསྟུད་མར་སྤེལ་བའི་དཔྱད་རྩོམ་ནང་དུ། སུའུ་པེན་གྱི་ཞིབ་འཇུག་གི་དཔུང་སྡེས་མདོ་དབུས་མཐོ་སྒང་གི་ཡུལ་སྡེ་མི་འདྲ་བ་ ༤༡ ནས་བོད་མི་ ༦,༡༠༩ ལ་ DNA ཡི་ཆགས་རིམ་ཞིབ་དཔྱོད་བྱས་པའི་གནས་ཚུལ་སྐོར་བཀོད་ཡོད་ལ། ཁོང་ཚོས་རིགས་རྒྱུན་ཕྲ་རྫས་ Y རྟགས་ཅན་དང་ ditochondrial DNA ཅན་གྱི་ཆགས་རིམ་དེ་ནི་བྱེ་བྲག་བོད་མི་རྐྱང་ལ་ཡོད་པ་མ་གཏོགས་ཡ་གླིང་གི་མི་ རིགས་གཞན་དག་ནང་ཡོད་པའི་གོ་སྐབས་ཕྲ་ལ་ཧ་ལམ་མེད་ཚོད་ཡིན་པར་བརྗོད།

ད་ཆ་ཡོད་པའི་རིགས་རྒྱུན་ཀྱི་རྣམ་པ་རིམ་འགྱུར་གྱི་ཚད་གཞིར་རྒྱབ་བརྟེན་ནས། སུའུ་པེན་གྱི་བརྟག་དཔྱད་ལྟར་ན། བོད་མིའི་ DNA ཆགས་རིམ་ཁྱད་པར་བ་དེ་ལོ་ངོ་ ༣༠,༠༠༠ ནས་ ༢༠,༠༠༠ ཡར་སྔོན་ལ་མཐོ་སྒང་དུ་གནས་སྡོད་བྱས་པའི་རི་དྭགས་རྔོན་མཁན་ནམ་འབྲོག་ལས་པ་ཚོ་ ནས་འཕེལ་རྒྱས་བྱུང་པར་བསྟན། DNA ཆགས་རིམ་སྣ་ཐོགས་ཀྱིས་འདས་བའི་དུས་ནང་གི་མི་གྲངས་དར་རྒུད་གྱི་རྒྱུ་རྐྱེན་ སོགས་ལ་ཁ་ཚོན་གཅོད་ཐུབ་ལ། སུའུ་པེན་གྱི་ཞིབ་དཔྱད་དཔུང་སྡེས་གསར་རྙེད་བྱུང་བ་ལྟར་ན། བོད་མིའི་གྲངས་ཀ་ནི་ལོ་ངོ་ ༡༠,༠༠༠ ནས་ ༧,༠༠༠ སྔོན་ལ་ལྡབ་ཚད་བཞི་འགྱུར་གྱིས་འཕར་ཡོད་པར་ར་སྤྲོད་བྱས།་དེར་བལྟས་ན། རྒྱ་མི་དང་བོད་མི་གཉིས་ལ་རིགས་ཀྱི་མཐུན་ཚུལ་ཡོད་པར་རྩོད་པ་སློང་མཁན་དག་ལ་ ཡང་རྩོད་པའི་ཕྱེད་ཙམ་བདེན་ཤེས་ཡོད་པར་ངེས།

སུའུ་པེན་གྱིས་དཔྱད་གཞིའི་ ཡིག་ཚགས་ལས་མངོན་པའི་མཐོ་སྒང་གི་གནས་ཡུལ་སྤོ་མཁན་གཉིས་པ་དེ་ནི་ཧ་ལམ་རྒྱ་མི་ བོད་ཡུལ་དུ་གནས་གྱེས་པར་འདོད། རྗེས་མའི་གསར་འབྱོར་པ་དེ་ཚོས་ཕལ་ཆེར་སྔོན་མ་ནས་ཡོད་པའི་གཞིས་ཆགས་པ་རྣམས་དང་སྡེབ་ནས་རིགས་རྒྱུན་སྤེལ་བས་ད་ལྟའི་བོད་མིའི་གྲངས་ཀ་འདི་ཇེ་མང་དུ་སོང་བར་ བསམ། ད་རབས་ཡོད་པའི་རིགས་རྒྱུན་ཡིག་ཚགས་རྐྱང་གིས་རྙོག་ཁྲ་འདི་བསལ་དཀའ་བར་གནས།

འོན་ ཏེ། གནའ་ཤུལ་བརྟག་དཔྱད་པ་ཚོ་ཐུན་མོང་གིས་གྲོས་འཆམ་བྱུང་པ་ནི་ཁོང་ཚོར་མཐོ་སྒང་དབུས་ཀྱི་ཡངས་སྙིང་ནས་གནའ་ཤུལ་དཔྱད་གཞིའི་རྒྱུ་རྫས་དང་རིགས་རྒྱུན་བརྟག་ དཔྱད། གནའ་མིའི་ DNA རྗེས་ཤུལ་སོགས་ཧ་ཅང་འབོར་ཆེན་དགོས་པ་དེ་རེད། ནེའུ་སིན་གྱིས་ཡང་ང་ཚོས་ད་དང་མུ་མཐུད་དུ་བོད་ཀྱི་ལོ་རྒྱུས་ལ་ཞིབ་ཚགས་དང་ སྤུས་ལེགས་ཅན་གྱི་དཔེ་གཟུགས་རྒྱུ་ཆ་འཚོལ་བཞིན་ཡོད་པར་བརྗོད།

ཁོང་ཚོའི་མཆེད་ཁོངས་ཅི་ཞིག་ཡིན་ནའང་། བོད་མི་རིགས་ནི་མཐོ་སྒང་གི་རི་ཀླུང་གསེབ་དུ་རྒྱང་བཅད་དེ་ཁེར་རྐྱང་དུ་ལུས་པ་ ཞིག་གཏན་ནས་མ་རེད། ཁོང་ཚོ་ནི་ཡོ་རོབ་དང་ཡ་གླིང་སྐམ་ས་ཆེན་མོའི་མི་ཚོགས་གསར་སྣོན་རང་བཞིན་ལྡན་པའི་འདུས་སྡོད་ཀྱི་ཆ་ཤས་ཤིག་རེད། ཝ་ཞིན་ཁྲིན་སློབ་ཆེན་ (Washington University in St. Louis) གྱི་གནའ་ཤུལ་བརྟག་དཔྱད་པ་ལོའུ་ཞིན་ཡེ་ Liu Xinyi ཡིས། མི་མང་ཤོས་ཀྱིས་རི་བོ་ནི་གནའ་མིའི་འགྲོ་འོང་གི་བཀག་རྒྱ་ཆེན་མོ་ཞིག་ཏུ་མཐོང་ཡོད་ཟེར། ཡིན་ནའང་། གནའ་རབས་ཀྱི་མཐོ་སྒང་བ་ནི་ད་ལྟའི་གནས་སྟངས་དང་འདྲ་བར། དམའ་སར་ཆགས་པའི་མི་སྡེས་ནམ་ཡང་མཐོ་སའི་རྩི་ཤིང་དང་རི་དྭགས། ལག་ཆའི་རྒྱུ་ཆ། འབུད་ཤིང་དང་ལྷག་པར་ཏུ་བཏུང་ཆུ་སོགས་ཀྱི་རང་བྱུང་ཐོན་ཁོངས་ལ་ནམ་ཡང་འགྲམ་ཆུ་ ལྡང་།

འདས་པའི་ལོ་བཅུའི་ནང་། གནའ་ཤུལ་བརྟག་དཔྱད་པ་ཚོས་ལོ་རྒྱུས་མ་བཀོད་པའི་གོང་རོལ་ནས་ཡོད་པའི་གཞིས་ཆགས་ གནའ་ཤུལ་གྲངས་མེད་ཡིག་ཐོག་ཏུ་བཀོད་ཡོད། དཔེར་ན། ཝ་ཞིན་ཁྲིན་སློབ་ཆེན་གྱི་བརྟག་དཔྱད་པ་མེའི་ཁོ་ Michael Frachatti ཡིས་བཀོད་པའི་ཨེ་ཤེ་ཡའི་ནང་ལོགས་ཀྱི་རི་བོའི་བར་ཁྱམས་དང་། ཨེ་ཤེ་ཡ་དཀྱིལ་དབུས་ནས་ཧི་མ་ལ་བར། བོད་ལྗོངས་དང་ཨལ་ཐེ་རི་བོ་སོགས་འདུག ཁོང་ཚོའི་བསམ་པར་རི་རྒྱུད་འདི་དག་ལས་མངོན་སུམ་དུ་མཐོང་ཐུབ་པ་ནི་སྔོན་མའི་ ཚོང་ལས་སོགས་འབྲེལ་འདྲེས་ཀྱི་རྣམ་པ་སོམ་ཉི་བྲལ་བ་དེ་རེད།

རི་བོ་འདི་དག་གི་བར་ཁྱམས་སམ་རི་ལམ་དག་ནི་དུས་རབས་དང་པོའི་འགོར་ཀྲུང་གོ་ནས་ཨེ་ཤེ་ཡའི་ ལྷོ་རྒྱུད་དང་ཉེ་ཤར། ཨེ་ཤེ་ཡ་དཀྱིལ་དབུས་དང་ཡོ་རོབ་སོགས་སྦྲེལ་བའི་སྐམ་སའི་ཚོང་ལམ་སྟེ། དར་གོས་ཚོང་ལམ་གྱི་སྔོན་འགྲོའི་རྨང་གཞི་རུ་མཐོང་། དབྱིན་ཇིའི་ཁེམ་པུ་རེ་ལྗི་སློབ་ཆེན་ (University of Cambridge) གྱི་གནའ་ཤུལ་བརྟག་དཔྱད་པ་མྭར་ཁྲེན་ལྗོང་སི་ Martin Jones ཡིས་བཤད་རྒྱུར། རི་བོ་འདི་དག་ནི་རིགས་རྒྱུན་དང་ཚོང་ཟོག བསམ་བློ་སོགས་བརྗེ་རེས་བྱེད་པའི་རྒྱུ་ལམ་མམ་ཡུར་བུ་ཞིག་དང་མཚུངས།

བོད་ཡུལ་ནི་རིག་གནས་སྣོལ་མཚམས་དེ་ཡི་ལྟེ་གནས་སུ་གྲུབ་ཡོད་ལ། ཨལ་ཏན་ཏེར་ཧྥིར་ལྟར་ན། བོད་ཡུལ་ནི་ཕྱོགས་སོ་སོའི་མི་རིགས་ལ་ལོ་ངོ་སྟོང་ཕྲག་ནང་བློ་འགུགས་ཀྱི་ནུས་པ་ལྡན་པའི་ལྕགས་ཁབ་ལེན་ལྟ་བུ་ཞིག་ཏུ་གྲུབ་ཡོད། དེ་ལྟ་ཡིན་ཚེ། ཆབ་སྲིད་ཀྱི་རླུང་བུ་ནི་ཕྱོགས་གང་སར་རྒྱུ་ནའང་ད་ལྟའི་བོད་མི་ནི་ལོ་རྒྱུས་མ་བཀོད་གོང་གི་རྒྱལ་ཁབ་དང་མི་རིགས་རིས་མེད་ཀྱི་འཇིག་རྟེན་ཞིག་ནས་མཆེད་ཡོང་པ་ལས་རིག་གནས་དང་མི་རིགས་གཅིག་ཚུགས་སམ་རང་རྐྱ་འཕེར་བ་ཞིག་ལ་བརྟེན་ནས་བྱུང་ མི་སྲིད་དོ།།