བརྩམས་སྒྲུང་དང་ལོ་རྒྱུས་གཉིས་ཀྱི་ཁ་ཕྱོགས་ཚུལ་མི་འདྲ་ལ། ཐོག་མའི་འགོ་བཙུགས་པའི་བློས་བསླངས་ཀྱི་བསམ་བློ་ཡང་འདྲ་མི་སྲིད། དེའི་ཕྱིར་ན་བརྩམས་སྒྲུང་ཁྲོད་ཀྱི་བརྗོད་བྱ་དག་དངོས་ཡོད་ཡིན་མིན་ཇི་ལྟར་ཡང་། དེས་བསྟན་པའི་བརྗོད་སྙིང་ཡང་དག་པ་ཞིག་ཡིན་དགོས་པར་སེམས། རྒྱུ་མཚན་ནི། བརྩམས་སྒྲུང་གི་བརྗོད་སྙིང་ནི། རྩོམ་པ་པོས་ཀློག་པ་པོར་ཕུལ་བའི་ལེགས་སྐྱེས་ཡིན་ལ། ཀློག་པ་པོས་བརྩམས་སྒྲུང་དེ་བཀླགས་རྗེས་ཀྱི་མཐའ་འབྲས་ཡང་ཡིན་ངེས། བརྗོད་སྙིང་མེད་པའི་བརྩམས་སྒྲུང་ནི། ཕུན་སུམ་ཚོགས་པའི་བརྩམས་སྒྲུང་ཞིག་མ་རེད། དེ་ནི་རྫུན་གྱིས་ལྷད་པའི་གཏམ་རྒྱུད་ཅིག་ཡིན་ངེས། བརྩམས་སྒྲུང་གིས་བརྗོད་བྱ་སྣ་མང་བཀོད་དེ། རྩོམ་པ་པོ་རང་ཉིད་ཀྱིས་བཤད་འདོད་པའི་སྐད་ཆ་དག་མཚོན་ཐབས་བྱེད་ལ། དེས་སྤྱི་ཚོགས་ཤིག་གམ་སྒེར་མི་གང་ཞིག་གི་ངན་འཚང་བརྗོད་ཀྱང་། ཡར་སྐུལ་གྱི་ནུས་པ་རྩལ་འདོན་བྱེད་ངེས།

ལོ་རྒྱུས་ནི་དེ་ལྟར་མ་ཡིན་པར་བློས་བཞག་གི་བརྩམས་ཆོས་སམ་ཡང་ན་གཏན་ཚིགས་ཀྱི་རྣམ་པར་གནས་པའི་རྩོམ་ཡིག་གི་ཁོངས་སུ་འདུ་བས། འདི་ལ་བརྗོད་བྱ་དང་བརྗོད་སྙིང་གི་རྣམ་པ་གཉིས་མི་འོངས། རྒྱུ་མཚན་ནི། ལོ་རྒྱུས་ནམ་དུ་ཡང་སྒྱུ་རྩལ་གྱི་རྩོམ་རིག་མ་ཡིན་པས་རེད། ལོ་རྒྱུས་ཀྱི་དེབ་ཐེར་ཁྲོད་ཀྱི་བརྗོད་བྱ་དག་ནི་ངེས་པར་དངོས་ཡོད་ཡིན་དགོས་ཤིང་། ལྷག་ཏུ་མི་རིགས་ཤིག་གམ་སྒེར་མི་གང་ཞིག་གི་འདས་སོང་གི་དེ་ལྟ་བུའི་བྱུང་བ་ཡིན་དགོས། དེའི་ཕྱིར་ན། ལོ་རྒྱུས་ཀྱི་ཡིག་ཆའི་ཁྲོད་དུ་གཞར་ཡང་བརྗོད་སྙིང་ཞེས་བརྗོད་བྱའི་མཚོན་དོན་དུ་གྱུར་པའི་རྩོམ་པ་པོའི་བསམ་བློ་ཞིག་སྦས་སྐུང་བྱས་ཡོད་མི་སྲིད།

ལོ་རྒྱུས་ཁྲོད་ཀྱི་སྒྲོལ་མ་ནི། དངོས་ཡོད་སྤྱི་ཚོགས་ཁྲོད་ཀྱི་མི་སྣ་གསོན་པོ་ཞིག་ཡིན་ལ། བརྩམས་སྒྲུང་ནང་གི་སྒྲོལ་མ་ནི། རྩོམ་པ་པོས་བཤད་འདོད་པའི་བསམ་བློའི་དགོངས་པ་དེ་ཉིད་མཚོན་བྱེད་དུ་བཀོད་པའི་འགྱིག་བཟོས་བུ་མོ་ཙམ་ལས། མི་སྣ་མངོན་སུམ་པ་ཞིག་ནམ་ཡང་ཡིན་དགོས་མི་སྲིད། དེའི་ཕྱིར་ན། སྔ་མའི་སྒྲོལ་མ་རྟོགས་བཏགས་བྱེད་མི་འོས་ཤིང་། ཕྱི་མའི་སྒྲོལ་མ་ནི། རྟོག་བཏགས་ཀྱིས་བཞེངས་ན་མི་ཆོག་པ་གང་ཡང་མེད།

རྒྱུ་མཚན་ནི། ལོ་རྒྱུས་ཀྱིས་དེ་ལྟ་བུའི་བདེན་པ་ཞིག་དྲངས་བརྗོད་བྱེད་དགོས་ཤིང་། བརྩམས་སྒྲུང་གིས་བསམ་བློ་ཞིག་སྤྱི་ཚོགས་ལ་གསལ་འདེབས་བྱེད་དགོས་པ་དེ་རེད།

གནས་ལུགས་འདི་ལས་བོད་ཀྱི་འདས་ཟིན་པའི་བྱུང་རབས་ལོ་རྒྱུས་སུ་བསྙད་པའི་དེབ་ཐེར་དག་ལ་བསམས་ན། ལོ་རྒྱུས་དང་བརྩམས་སྒྲུང་གཉིས་ཉ་དང་ཉུང་མ་བསྲེས་ཏེ་ཡོད་པ་གསལ་པོ་ཡིན། བརྩམས་སྒྲུང་གིས་ལྷད་པའི་ལོ་རྒྱུས་གང་མང་ཞིག་བོད་ཀྱི་དེབ་ཐེར་དག་ཤོག་བུ་སྣུམ་གྱིས་ཟིན་པ་ལྟར་བཟུང་ཡོད་མོད། བོད་ཀྱི་དེ་ལྟ་བུའི་བྱུང་བ་དངོས་གནས་པ་ཞིག་འཚོལ་དགོས་ཚེ། བོད་བཙན་པོའི་སྐབས་ཀྱི་ཡིག་རིས་དག་ལས་མེད་པ་གསལ་པོ་རེད། དུས་རབས་བཅུ་གཅིག་པ་ནས་དར་ཞིང་རྒྱུག་ཆེ་བའི་ལོ་རྒྱུས་གང་མང་ཞིག་བརྩམས་སྒྲུང་གི་རྣམ་པར་འཕོས་ཤིང་། བརྩམས་སྒྲུང་དེ་དག་རྩོམ་པ་པོ་རང་ཉིད་ཀྱི་སེམས་ཀྱི་འདོད་དོན་སྒྲུབ་པའི་ལག་ཆ་འབའ་ཞིག་ཏུ་གྱུར་པ་ལས། མི་རིགས་ཀྱི་འདས་སོང་གི་དངོས་ཡོད་ཀྱི་བྱུང་བའི་བརྗོད་པའི་ལོ་རྒྱུས་ཤིག་ཏུ་མ་གྱུར་པ་མང་པོ་རེད།

དཔེར་བཞག་ན། བཙན་པོ་སྲོང་བཙན་སྒམ་པོ་དང་། གླང་དར་མ་གཉིས་ནི་བོད་ཀྱི་བརྩམས་སྒྲུང་ཁྲོད་ཀྱི་དྲང་ལྡོག་གི་མི་སྣ་གཉིས་ཡིན། རྒྱུ་མཚན་ནི། དངོས་ཡོད་ལོ་རྒྱུས་ནང་མགོ་ལ་འོད་དཔག་མེད་ཀྱི་སྐུ་ཞིག་དང་། ཤི་སྐབས་སྤྱན་རས་གཟུགས་ཀྱི་སྐུ་ལ་འཐིམ་པའི་སྲོང་བཙན་སྒམ་པོ་ཞིག་མེད་ལ། ལྕེ་ནག་པོ་དང་། མགོ་ལ་ར་ཡོད་པའི་གླང་དར་མ་ཞིག་ཀྱང་རྩ་བ་ཉིད་ནས་བྱུང་མེད་པ་འདྲ། འོན་ཀྱང་བརྩམས་སྒྲུང་ནི་བརྩམས་རང་ཡིན་པས་ཁྱད་ཆོས་འདི་ལྡན་གྱི་དྲང་ལྡོག་གི་མི་སྣ་དེ་གཉིས་དངོས་ཡོད་ལོ་རྒྱུས་ཀྱི་མི་སྣ་མ་ཡིན་པར། རྩོམ་པ་པོས་བཞེངས་བསྐྲུན་བྱས་པའི་བཅོས་མའི་མི་སྣ་འབའ་ཞིག་གོ།

ལོ་རྒྱུས་བཤད་སྐབས་ཡང་དག་པར་བཤད་དགོས་ཤིང་། བརྩམས་སྒྲུང་འཆད་ན་ངེས་པར་ཐབས་མཁས་པོ་བྱས་ནས་བཤད་དགོས། ལོ་རྒྱུས་ཁྲོད་ཀྱི་ཐ་སྙད་རེ་རེ་རྫུན་མ་ཡིན་མི་རུང་ཞིང་། རྩོམ་པ་པོའི་བློས་སློང་གི་བརྩམས་ཆོས་ཤིག་ཀྱང་ཡིན་མི་རིང་། བརྩམས་སྒྲུང་གི་རྗོད་བྱེད་ཚིག་དང་། བརྗོད་བྱ་དོན་གང་ཡིན་ཡང་དོན་དངོས་དང་བདེན་པ་ཡིན་མི་དགོས་པར། བརྗོད་བྱ་དང་རྗོད་བྱེད་ལ་བརྟེན་ནས་རྩོམ་པ་པོའི་བཤད་འདོད་ཀྱི་དགོངས་པ་རྒྱུད་སྒྲོགས་བྱེད་རྒྱུ་ཉག་ཅིག་རེད།

གནའ་བོའི་བོད་ཀྱི་ལོ་རྒྱུས་སྨྲ་བ་གང་མང་ཞིག་གིས་ལོ་རྒྱུས་བྲི་རྒྱུ་གཙོ་བོ་མ་བཟུང་བར་བརྩམས་སྒྲུང་འབྲི་བར་ཤུགས་ངེས་ཅན་བརྒྱབ་པས། བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་མི་སྣ་གལ་ཆེན་མང་ཆེ་བ་ཞིག་ལྷ་དང་ཡང་ན་འདྲེ་ཡི་རྣམ་པར་བཀོད་ཟིན་པས་ལོ་རྒྱུས་དང་བརྩམས་སྒྲུང་གཉིས་ལས་བོད་ལ་ནི་བརྩམས་སྒྲུང་གི་རྩོམ་ཡིག་མང་བར་འདོད། དོན་དངོས་ཀྱི་ལོ་རྒྱུས་དང་ཡང་ན་སྔ་རབས་བོད་ཀྱི་སྤྱི་ཚོགས་ལེགས་པར་བཤད་པའི་དེབ་དེར་ནི་ཏུན་ཧོང་ཡིག་རྙིང་དང་། རྡོ་བསྐོས་ཡིག་རིས་དག་ཡིན་ལ། འདི་དག་གིས་ཕྱིས་བོད་ཀྱི་མཁས་པ་དག་གིས་བྲིས་པའི་དེབ་ཐེར་ཁྲོད་ཀྱི་མི་སྣ་དག་བཅོས་མ་ཡིན་པ་བདེན་དཔང་བྱེད་བཞིན་ཡོད།

འདྲེ་ཡི་རྣམ་པར་བཞེངས་པའམ་ཡང་ན་གླང་གི་འདུ་ཤེས་ཅན་གྱི་གླང་དར་མ་ནི། བརྩམས་སྒྲུང་ཁྲོད་ཀྱི་མི་སྣ་ཞིག་ཡིན་པ་ལས། དངོས་ཡོད་ལོ་རྒྱུས་ཁྲོད་ཀྱི་མི་སྣ་ཞིག་རྩ་བ་ཉིད་ནས་མ་རེད། དངོས་ཡོད་ལོ་རྒྱུས་ཁྲོད་གླང་དར་མ་ཞེས་པ་ཞིག་བྱུང་མ་མྱོང་ཞིང་། ལྷག་ཏུ་འདུ་ཤེས་གླང་དང་། ལྕེ་ནག་པོ། མགོ་ར་ཅན་གྱི་གླང་དར་མ་ཞིག་ངེས་ངེས་བྱུང་མི་འདུག བོད་ལ་ཡིག་རྨོངས་པ་མང་ཞིང་བརྩམ་སྒྲུང་དང་ལོ་རྒྱུས་དབྱེ་འབྱེད་མི་ཤེས་པའི་ཤེས་ཡོན་པ་མང་བས་ད་བར་གླང་མ་དར་མ་ཟེར་བ་ཞིག་བཙན་པོའི་གདུང་རྒྱུད་དུ་བྱུང་བར་འདོད་མོད། བོད་བཙན་པོའི་མི་རྒྱུད་ཁྲོད་ལྷ་སྲས་འུ་དུམ་བཙན་པོ་ཞེས་པ་ཞིག་བྱུང་བ་ལས། གླང་དར་མ་ཞེས་པ་ཞིག་མ་བྱུང་བ་ནི་ཏུན་ཧོང་ཡིག་ཆ་སོགས་ཀྱིས་ཁ་གྲག་བཞིན་པ་རེད་ལ། ལྷག་ཏུ་ལོ་རྒྱུས་མཁས་པ་གང་མང་ཞིག་གིས་གསལ་ཁ་འདོན་བཞིན་ཡོད་པ་རེད།

དངོས་ཡོད་ལོ་རྒྱུས་ཁྲོད་ཀྱི་ལྷ་སྲས་དར་མ་དང་། བརྩམས་སྒྲུང་གི་གསེང་ན་སིམ་པའི་གླང་དར་མ་གཉིས་གཅིག་མིན་པར་མ་ཟད། མཚོན་བྱ་དང་མཚོན་བྱེད་ཙམ་ཡང་འགྲོ་མི་སྲིད་ཅེས་ཁོ་བོས་སྨྲ་བར་སྤོབས། རྒྱུ་མཚན། ལྷ་སྲས་དར་མ་ནི་ཆོས་དང་ཆོས་ལུགས་པའི་རྣམ་པ་སོ་སོར་དབྱེ་ཞིང་། མི་རིགས་ཀྱི་ད་ལྟ་དང་མ་འོངས་ལ་ཁ་ཕྱོགས་ཤེས་ལ། མནོ་བསམ་ནན་ཏན་བྱེད་མཁན་ཞིག་ཡིན་པ་ལོ་རྒྱུས་ཡིག་ཚང་ན་གསལ་པོ་རེད། བརྩམས་སྒྲུང་ཁྲོད་ཀྱི་གླང་དར་མ་ནི་གླེན་ཞིང་ལྐུགས་ལ། ཆོས་དང་ཆོས་པ་སོར་འབྱེད་མི་ཤེས་མཁན་གྱི་བླུན་པོ་ཞིག་རེད། དེ་ནི་ཆོས་ལུགས་པའི་ལོ་རྒྱུས་སྨྲ་བ་དག་གིས་ཆོས་ཡང་དག་པར་སྒྲུབ་ཕྱིར་གསར་བཟོ་བྱས་པའི་མི་སྣ་ཞིག་ཡིན་པ་ལས། དོན་དངོས་བྱུང་རབས་ཁྲོད་དུ་ཡོད་མྱོང་བའི་མི་སྣ་ཞིག་མ་རེད།

དངོས་ཡོད་བྱུང་རབས་ཁྲོད་ཀྱི་ལྷ་སྲས་དར་མས་“ཆབ་སྲིད་ཆོས་དང་བསྟུན། དབང་དགེ་འདུན་ལ་ཕུལ” བའི་ཡ་མ་ཟུང་གི་སྲིད་ལུགས་ལ་རྒོལ་ཅིང་། “ཆབ་སྲིད་ཡུལ་དུས་དང་བསྟུན། དབང་འཇིག་རྟེན་ལ་ཕུལ་”བའི་བདེན་ལུགས་ལ་བརྩི་སྲིང་བྱས་པ་རེད། དབང་དགེ་འདུན་ལ་ཕུལ་མི་རུང་སྟེ། དགེ་འདུན་གྱིས་འཇིག་རྟེན་ལ་དོ་སྣང་བྱེད་མི་རུང་ཞིང་། ཟབ་པ་དང་རྒྱ་ཆེ་བའི་བཀའ་བསྟན་གྱི་གཞུང་ལུགས་རྒྱ་ཡན་དུ་བསྐྱུར་མི་རུང་བས་རེད། ཆབ་སྲིད་ཆོས་དང་བསྟུན་མི་རུང་སྟེ། སྐབས་དེར་རྒྱལ་ཕམ་གྱི་དབྱེ་བ་གཙོ་བོ་ནི། དམག་འཁྲུག་གི་ལས་ཀྱིས་འབྱེད་ཅིང་། དམག་གི་སྟོབས་ཤིག་དང་དམར་འཛིང་གི་དཔའ་སྤོབས་མེད་ན། རྒྱལ་ཁབ་གང་དེའམ་མི་རིགས་དེ་ཉིད་སྡར་མའི་སྤྱི་ཚོགས་ཤིག་ལས་གང་ཡང་མིན།

དེ་ལྟ་ན། སྐབས་དེར་མངའ་ཐང་རྒྱ་བསྐྱེད་དང་། རྒྱལ་ཁབ་རྩེར་སོན་ཞིག་བྱེད་དགོས་ན། ཁྲག་དྲི་བྲོ་བའི་དམར་འཛིང་ལ་དཔའ་མི་ཞུམ་ཞིང་། གྲུ་མཚོན་ཁུར་པའི་གྱད་མི་དག་གིས་ལག་མི་འདར་བ་ཞིག་ཅེས་ཀྱང་དགོས་ངེས་རེད། དེའི་ཕྱིར་ན། ལྷ་སྲས་དར་མ་ནི། ཆབ་སྲིད་ཆོས་དང་བསྟུན། དབང་འཇིག་རྟེན་ལ་ཕུལ་བར་མི་སྤྲོ་བའི་མི་བུ་ཞིག་ཡིན་པ་ལས། མགོ་ལ་ར་དང་། ཁོག་པ་གླེན་ཞེད་ཀྱིས་བཀང་པའི་དུད་འགྲོ་མིའི་གཟུགས་ཀྱི་རྣམ་པར་གནས་པ་ཞིག་གཏན་མ་ཡིན་ནོ།།

ད་ནས་ང་ཚོའི་འདས་སོང་གི་བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་མི་དཀར་ཞྭ་ནག་ཅན་དག་དཀར་འདོན་བྱེད་ན་འོས་ཤིང་། དེབ་ཐེར་ཁྲོད་ཀྱི་ལོ་རྒྱུས་ཀྱི་མི་སྣ་དང་། བརྩམས་སྒྲུང་གི་མི་སྣ་གཉིས་མཉམ་བསྲེས་མ་བྱས་པར་དབྱེ་བ་ཡོད་པ། ཁྱད་པར་ཡོད་པའི་སྟེང་ནས་ཕྱི་རབས་པར་སློབ་ཁྲིད་བྱེད་དགོས་པ་ནི་ཁ་ཚ་དགོས་གཏོགས་རེད་འདོད། ལོ་རྒྱུས་འདི་དག་ལ་བརྟེན་ནས་དངོས་ཡོད་སྤྱི་ཚོགས་ཁྲོད་འབུར་བཞིན་པའི་བསམ་བློ་གསར་པ་ཅན་དང་། ལྟ་ཚུལ་གསར་པ་ཅན། ཐོས་པས་ཕྱུག་པ། མཐོང་རྒྱ་ཡངས་པ། བློ་མིག་རྣོ་བ་དག་བརྩམས་སྒྲུང་ཁྲོད་ཀྱི་མི་སྣ་ཞིག་ཏུ་བཞེངས་བསྐྲུན་མི་བྱེད་རྒྱུ་ཡང་ངེས་པར་ཤེས་པ་ཉིད་དོ།།