ཁྲི.མཆོད་ཀོང་། ( ལན་གྲུ། )

རྩོམ་འདི་ཞིབ་ཚགས་གང་ཡང་མ་བྱས་པར་ཐེངས་དང་པོར་རང་གི་པོད་འཕྲིན་དང་མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་བཙན་པོ་ཚང་བཅས་ལ་སྤེལ་ཡོད།

གཅིག

ཁ་བ་སྙིང་ལྕགས་འདས་རྐྱེན་ལ་བཤད་ཚུལ་གཅིག་ནི་འདི་ཡོད་དེ། ཁོང་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབས་ཀྱི་ཆེད་དུ་མཚོ་ནང་དུ་ལྷུང་ནས་འདས་གྲོངས་སུ་ཕྱིན་ཚུལ་གླེང་བ་འདི་ལ་ཐོག་མའི་གསར་འགྱུར་ཐོན་པ་དང་མཐའ་མའི་གསར་འགྱུར་མཐུད་སྟངས་ལ་དོགས་པ་ཡ་མཚན་པ་ཞིག་སྐྱེ་རྒྱུ་ཡོད་དེ། དེ་ནི་ཁོང་དང་པོ་འདས་གྲོངས་སུ་ཕྱིན་ཞེས་གསལ་སྒྲགས་སྤེལ་མཁན་ནི་སྐབས་དེའི་ལས་རོགས་དང་ཁོང་དང་ཆ་རྒྱུས་ཡོད་པ་ཁོང་དང་སྙིང་ཉེ་བའི་མི་དག་ཡིན་ལ་འོན་ཀྱང་ཁོང་ཚོས“ཁ་བ་སྙིང་ལྕགས་འདས་གྲོངས་སུ་ཕྱིན་སོང”ཞེས་པ་ལས་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབས་ཀྱི་ཆེད་དུ་སོགས་སྐད་ཆ་ཁུངས་བཙན་པོ་ཞིག་བཤད་རྒྱུ་རྙེད་མེད།

ལར་ཁོང་འདས་གྲོངས་སུ་མ་ཕྱིན་པའི་སྔ་རོལ་ཏེ་ཉིན་གཅིག་གི་སྔོན་ནས་ཁོང་རང་གིས་པོད་འཕྲིན་དུ་སྤེལ་བ་བཞིན་མཚོ་སྔོན་པོར་གསེར་ཉ་སྲུང་སྐྱོབས་ཀྱི་ཆེད་དང་གཞན་དམིགས་ཡུལ་ཞིག་གིས་དེར་སོང་ཡོད་པ་ནི་དངོས་ཡོད་ཅིག་ཡིན་ཚོད།

ཡིན་ནའང་ཕྱིས་སུ་ཁོང་གི་གསར་འགྱུར་འབྲི་མཁན་དང་གསལ་སྒྲགས་སྤེལ་མཁན་དག་གིས་ནི་སྐབས་དེའི་འགག་རྩའི་གནད་མི་དག་གིས་ཀྱང་བསམ་མ་ཤེས་པ་ཞིག་བྲིས་ནས་སྤེལ་བར་འུར་འདྲོག་དང་ཨག་གསར་ལ་དགའ་བའི་ཁ་བ་བའི་དྲྭ་ཉུལ་དག་ནི་གཅིག་རྗེས་གཉིས་མཐུད་དུ་དཔྱད་པ་དང་བསམ་གཞིགས་གང་ཡང་མེད་པར་དེར་ཡིད་ཆེས་ཀྱིས་དྲྭ་སྒང་ན“ཁ་བ་སྙིང་ལྕགས”ཞེས་འགྲོ་ས་དང་འདུག་ས་ཞིག་མེད་པར་བྱས་ནས་བསྡད་ཡོད།

གཉིས།

དྲྭ་སྒང་ན་འཁྱར་བཞིན་པའི་ཁོང་གི་རྩོམ་ཚན་དུམ་བུ་དུམ་བུ་དག་གུང་བསྒྲིགས་ཏེ་བཀླགས་ནས་ཡོང་ན་ཁོང་འདས་རྐྱེན་ལ་དོགས་པ་ཡོད་པ་མ་ཟད།

དེ་ལས་ཀྱང་ཁོང་གི་རྩོམ་ཚན་གཞན“བྱ་ཁྱུ”ཞེས་པ་དེར་བལྟས་ན་ནི་དེ་ལས་ཀྱང་དོགས་པ་མངོན་མཚན་དོད་པོ་ཞིག་སྐྱེ་རྒྱུ་ཡོད། མདོར་དེད་ན་ཁོང་གི་རྩོམ་ཚན་གཅིག་ཤོས་དེ་ནི་གནད་ཀྱིས་ཁ་ཆེམས་ལ་བྲིས་ཡོད་ལ། གཅིག་ཤོས་དེ་ནི་ད་སྔོན་གྱི་མི་ཚེའི་སྐྱོ་སྡུག་དང་མི་ཡུལ་གྱི་སྐྱོ་ཤས་ཟབ་བྲིས་བྱས་ཡོད་པར་མ་ཟད་ཕྱི་དེབ“རང་ལྕེབས་ལ་དཔྱད་པ”ཞེས་པ་དེར་ནན་གྱིས་བལྟས་ནས་གོ་བ་མཐིལ་ཕྱིན་ལོན་ཏེ་འཆི་བའི་སྐོར་ནི་མ་གཞི་ནས་དོན་དག་ཆུང་ཆུང་ཞིག་ཡིན་པར་ཤེས་ཏེ་དེའི་སྐོར་ཟབ་བྲིས་བྱས་ཡོད།

ད་ངས་འདི་ནས་མང་བོ་བཤད་མི་དགོས་ཏེ་ཁོང་གི་རྩོམ་མཚན་དག་རིམ་གྱིས་གུང་བསྒྲིགས་ཏེ་བཀླགས་ན་ཧ་མི་རྒྱུ་གཞན་གང་ཡང་མེད།
གཞན་ཡང་སྐབས་དེར་བདག་ཅག་གིས་མི་ཆེན་ལ་བརྩིས་པའི་ཞོགས་དུང་དང་སྒོ་ཤེས་སེང་རྡོར་ཁྲི་སེམས་སྨིན་དྲུག་མ་སོགས་མང་བོ་ཞིག་ཀྱང་འགའ་ཤས་མགོ་འཐོམས་དྲག་པ་དང་ཁ་ལག་འདར་དྲག་པས་ཞིབ་དཔྱད་བྱེད་ཁོམ་མ་བྱུང་བའམ་ཡང་འགའ་ཤས་ནི་མགོ་བདེ་དྲན་འཕྲུལ་ཅན་གྱི་མི་ཆེན་གཞན་དེའི་ཁ་ལག་དང་བསྣོལ་མ་བརྒྱབ་ཡོད་པའང་ཤེས་ཡོང་།

གསུམ།

ལར་ནི་ང་ཁོང་ལ་ཆ་རྒྱུས་གང་ཡང་མེད་མོད་མཚམས་འདིར་སླེབས་དུས་ཁོའི་མི་གཤིས་ལ་ཐེངས་གཅིག་བལྟ་དགོས་འདུག་བསམས་སོང་སྟེ་བྱ་ཐབས་བྲལ།

ཡིན་ཡང་ཁོའི་སློབ་གྲོགས་འགའ་ཤས་ཀྱིས་བཤད་ན“སྤྱིར་ཁོང་རྩེད་དགོད་ལ་སྤྲོ་བ་ཅན་ཞིག་ཡིན་ནའང་ཕུགས་སུ་མི་སྐྱོ་ཤས་ཅན་ཞིག་ཡིན”ཟེར་བའང་ཐོས།

གནད་དོན་ཧ་གོ་བའི་ཐོག་ནས་དཔྱད་རྩོམ་འབྲི་རྒྱུ་གལ་ཆེན་ཡིན་པ་ཤེས་བཞིན་དུ་ཁོ་བོས་ད་རེས་དཔྱད་རྩོམ་འཆལ་བོ་འདི་བྲིས་པ་ནི་མི་འོས་པ་ཞིག་ཏུ་འདོད་སྲིད་མོད།

སྔོན་ཁོང་དང་འདྲིས་འགྲོགས་མྱོང་བའི་མི་དག་གི་སེམས་སུ་དབུགས་ངལ་ཞེ་སྙོམས་པ་ཞིག་གང་དུ་གཏོང་དགོས་མིན་ལ་བསམ་གཞིགས་བྱེད་དུ་གཅུག་ཡོད་ནའང་ཅི་ཤེས། དེ་ལྟ་དེའི་ཕྱིར་ཁ་བ་སྙིང་ལྕགས་ཁོང་གིས་རང་ལྕེབས་དང་འཆི་བ་ནི་དོན་དག་ཆུང་ཞིག་ལ་བརྩིས་པ་འདིའང་དོན་དག་ཆུང་ཆུང་མིན་པའང་ང་་ཚོས་ཤེས་ཡོད།

རྩོམ་འདི་ནི་ཕྱི་ནང་གི་གནད་དོན་དང་གསང་བའི་ཕན་གནོད་སོགས་ལ་མ་བལྟོས་པར་ང་རང་གི་དོགས་པ་དང་ཐོལ་རིམ་བཞིན་གསལ་སྒྲགས་སྤེལ་སྟངས་སོགས་ལ་དོགས་པ་འདུག་མི་བདེ་བ་ཞིག་སྐྱེས་ནས་གོ་ཡོད་ཅན་འགའ་ཤས་ལ་ཡར་འདྲི་མ་འདྲི་འགའ་བྱས་ཤིང་ཁོང་གི་རྩོམ་ཚན་དག་གུང་བསྒྲིགས་ཏེ་བཀླགས་པའི་སྐད་ཆ་ངོ་མ་དེ་ཡིན།

ལར་ནི་རྫུན་དང་མགོ་སྐོར་ལ་རྔ་མ་མེད་པའི་དཔེ་ལྟར་འུ་ཅག་གིས་ད་ལྟ་ནས་དྲངས་པོ་དྲངས་བཞག་གི་ལས་ཤིག་གིས་མགོ་རྩོམ་དགོས་པ་ནི་ད་ལྟའི་རང་ཅག་གི་བོད་པའི་གནས་བབས་ལ་བསམས་ན་གལ་ཆེན་ནང་གི་དོན་ཆེན་ཞིག་ཅི་ལ་མིན།

གསལ་བཤད། རྩོམ་ཐུང་འདིར་ཞིབ་ཚགས་དོད་པོ་ཞིག་བྱས་མེད། རྒྱུ་མཚན། དོན་དག་འདི་ད་ལྟའི་ཁྱེད་ཅག་གི་རྨི་ལམ་དུ་འཁོར་མྱོང་མེད་པས་ཐོག་མ་ནས་སྙིང་གཟེར་བ་ཞིག་བྱེད་འདོད་མེད་པས་ཡིན། དང་པོ་ཁ་སློང་བ་ཙམ་ཡིན། རྗེས་སུ་ཀློག་མཁན་རྣམས་ཀྱི་བསམ་འཆར་དང་དཔྱད་བརྗོད་ཅི་ཡོད་བསྡུས་ནས་ལྷོད་ཀྱིས་ཟབ་བྲིས་བྱས་ནའང་ཆོག་པར་སྙམ།།

སྤེལ་དུས 2015·6.30ཉིན་ལན་གྲུ་ལུང་ཧྲན་ནས།