ཁ་སང་དང་དེ་རིང་ནི་གུང་གསེང་ཡིན་ལ། གུང་གསེང་ནི་ངལ་གསོའི་དུས་ཚོད་ཡག་ཤོས་དེ་ཡིན། དེའི་ཕྱིར་ན་ཉིན་དེར་ནམ་རྒྱུན་ནས་རྩོམ་ཡིག་དང་། ཡང་ན་གཞུང་ལུགས་སྐོར་གྱི་དཔེ་ཆ་འགའ་རེ་ཀློག་ཐབས་བྱེད་བཞིན་ཡོད། དཔེ་ཀློག་དང་རྩོམ་བྲིས་ནི་ཤེས་ཡོན་གྱི་རིན་ཐང་ལ་གུང་བཀུར་བྱེད་པའི་མི་ཞིག་ལ་མཚོན་ན། ངེས་པར་འབུངས་དགོས་ངེས་ཀྱི་བྱ་གཞག་འགངས་ཆེན་ཞིག་རེད་འདོད།
དོན་དངོས་བྱས་ན། གཟའ་སྤེན་པ་གཉིས་པར་ངས་ས་སྐྱ་པཎ་ཆེན་གྱི་སྡེབ་སྦྱོར་སྐོར་དང་། མཁས་འཇུག་གི་རྩོམ་པའི་རྣམ་གཞག་སྐོར་ལ་ཐོས་བསམ་གྱིས་འཇུག་པའི་ཁུལ་ཡོད་མོད། སྡེབ་སྦྱོར་མེ་ཏོག་ཆུན་པོ་ནི། ཁ་ལ་བླངས་ཀྱང་སོ་ཡིས་མི་ཆོད་པ་ལྟ་བུའི་སྣང་ཚུལ་བྱུང་ཞིང་།གཞུང་ལུགས་དེའི་མཇུག་གི་རྩོམ་པ་པོའི་བསམ་བློའི་དགོངས་དོན་དང་། སྨྲ་བའི་སྤོབས་པ་སོགས་ཚིག་ཉུང་ལ་དོན་མང་བའི་རྩོམ་ཐབས་ཀྱི་ལམ་ནས་བཤད་འདུག་པ་ཚོར།

གང་ལྟར་སྡེབ་སྦྱོར་སྣ་ཚོགས་མེ་ཏོག་ཆུན་པོ་ནི། ཁྲིད་རྒྱུན་གྱིས་བློ་ཁ་གང་བའི་དགེ་རྒན་ཞིག་མེད་ན། རྣམ་དཔྱོད་དཔལ་འབར་ཡང་དེ་རོལ་མྱོང་བྱེད་པ་ནི་ཧ་ཅང་ཁག་པར་སྣང་། ཞོར་དུ་མཁས་འཇུག་བཀླགས་པ་ཡིན་ལ། དེ་ནི་ནམ་རྒྱུན་ལྟར་གོ་སླ་ལ་སྤྲོ་སྣང་ཤུགས་ཆེར་འདྲེན་པའི་གཞུང་ལུགས་སྤུས་དག་ཅིག་རེད། མ་ཟད་བསྟན་བཅོས་འདི་ནི། བོད་ཀྱི་རྩོམ་རིག་གཞུང་ལུགས་ཀྱི་ཐོག་མར་འཇོག་བཞིན་པ་ལྟར། སློབ་གསོའི་རིན་ཐང་མངའ་བའི་བསྟན་བཅོས་ཚད་ལྡན་ཞིག་ཡིན་པ་ཁོ་བོས་འདོད།

དེ་རིང་ཞོགས་སྔར་རྫ་ཚེ་རིང་བཀྲ་ཤིས་ཀྱིས་བརྩམས་པའི་བུ་བཀྲ་ཤིས་ལྷ་ཡུལ་དུ་ཕྱིན་པ་ཞེས་པའི་བྱིས་སྒྲུང་སྙིང་ལ་རྗེ་བ་དེ་བཀླགས་པ་ཡིན་ལ། སྐབས་དེར་རང་དབང་མེད་པར་བྱིས་སྒྲུང་ཞིག་བཀླགས་པ་ཞེས་པའི་རྩོམ་ཡིག་འདི་འབྲི་པའི་འདུ་ཤེས་དབང་མེད་འཆར། རྩོམ་ཡིག་འབྲི་བ་ནི། རང་གི་གཤིས་ཀ་དང་འཚམས་ཤིང་། ཡང་ན་བོད་ཀྱི་སྐད་ཡིག་སྲུང་འཛིན་ལ་ལག་ལེན་གྱིས་འཇུག་པ་ཞིག་མིན་པ་ཅི་ལ་སྲིད།

གང་ལྟར་རྫ་ཚེ་རིང་བཀྲ་ཤིས་ནི། མ་ཡུམ་ས་རཱ་མཐོ་སློབ་ཏུ་རིག་གནས་བགྲོ་གླེང་ཚོགས་སྐབས་སུ་ཕན་ཚུན་ངོ་ཤེས་ཤིང་། རིག་གནས་སོགས་བགྲོ་གླེང་འགའ་རེ་ཡང་བྱེད་མྱོང་བའི་མི་ཞིག་ཡིན། ཁོང་ནི་ཕྱི་བཙུན་ལ་ནང་མ་རུལ་པའི་གྲྭ་བཙུན་རྩོམ་པ་པོ་ཞིག་ཡིན་ཞིང་། ཀུན་ལ་མཐུན་ཞིང་འདྲེས་པར་སླ་བའི་མི་ཡ་རབས་ཤིག་ཡིན། བུ་བཀྲ་ཤིས་ལྷ་ཡུལ་དུ་ཕྱིན་པའི་བྱིས་སྒྲུང་ནི།བརྩམས་སྒྲུང་ཀྱི་ཁོངས་སུ་གཏོགས་ཤིང་། བརྩམས་སྒྲུང་ཞིག་ཡིན་ན། ངེས་པར་དུ་རྩོམ་ཐབས་སམ་ཡང་ན་གཞན་གྱི་བློ་ཡིད་འགུག་པའི་ཁྱད་ཆོས་གསུམ་ཚང་དགོས་པར་སྙམ་སྟེ། སྒྲུང་གི་ཀླད་རྨ་བྱའི་མགོ་ལྟར་གཞན་ཡིད་འགུག་པ་དང་། གཞུང་ཕག་གི་གྲོད་པ་ལྟར་ལེན་དུ་རུང་བ་མང་པོ་ཞིག་དགོས་པ། མཐའ་མ་སྟག་གི་རྔ་མ་བཞིན་བསམ་གཞིག་གི་ངར་ཤུགས་ཆེ་བ་གསུམ་ཚང་ན་འོས་སོ་སྙམ།

ལྷ་ཡུལ་དུ་ཕྱིན་པའི་བྱིས་སྒྲུང་འདིར་རྩོམ་ཐབས་འདི དག་ཚང་པར་སེམས་ཤིང་། བུ་བཀྲ་ཤིས་ལྷ་ཡུལ་དུ་ཕྱིན་པ་ཞེས་པའི་ཁ་བྱང་གཅིག་པུས་ཀྱང་རྩོམ་ཡིག་འདིའི་ཁ་ཕྱོགས་ཡུལ་གྱི་ན་ཆུང་བྱིས་པ་དག་གི་བློ་སེམས་གཏན་དུ་འགུག་ཡོད་སྲིད་ལ། མ་ཟད་རྩོམ་ཡིག་འདི་མགོ་བཙུགས་ནས་བྱིས་སྒྲུང་གི་མཐོ་རླབས་མ་སོན་བར་དུ་བུ་བཀྲ་ཤིས་ཀྱི་གཤིས་ཀ་དང་། ཡང་ན་དེའི་སྤྱོད་པ་འབྲི་བཞེངས་བྱས་པའི་བཟོ་བཀོད་ཕུན་སུམ་ཚོགས་པར་འདོད།

བྱིས་སྒྲུང་འདིའི་དཀྱོག་མཚམས་སམ་མཐོ་རླབས་ནི། བུ་བཀྲ་ཤིས་ལྷ་མོ་དང་མཇལ་སྐབས་དེ་ཡིན་པ་ཚོར་ཞིང་། སྐབས་དེའི་བུ་བཀྲ་ཤིས་ཀྱི་དད་འདུན་གྱི་ཚོར་ཤུགས་དང་། ལྷ་མོའི་བརྩེ་བའི་བསླབ་བྱ་དག་ནི། ཆུ་ཆེན་གྱི་རྦ་རླབས་བཞིན་འཕྱོ་ཞིང་། སྤྲིན་དཀར་གྱི་འདབ་མ་བཞིན་ལྷོད་ཀྱིས་བབས་པའི་སྣང་ཚུལ་འབྱུང་། མཐའ་མར་རྩོམ་པ་པོའི་བསམ་བློའི་དགོངས་དོན་ནམ། ཡང་ན་བརྩམས་ཆོས་ཀྱིས་སྦྱིན་པའི་བསླབ་བྱ་ངོ་མ་ནི། བརྩམས་ཆོས་ཀྱི་མཐར་མངོན་གསལ་ཏུ་བཞག་ཡོད་ལ། མ་ཟད་བྱིས་སྒྲུང་ཧྲིལ་པོའི་བརྗོད་བྱའི་ཡོལ་རྒྱབ་ན་མི་མངོན་པའི་ཚུལ་གྱིས་ཀྱང་སྦས་ཡོད་པར་སེམས།

མདོར་ན། ལྷ་ཡུལ་ཞེས་པའི་བཀོད་པ་ཕུན་སུམ་ཚོགས་པ་ཞིག་དང། ལྷ་མོར་འབོད་པའི་བརྩེ་བའི་བདག་ཉིད་མ་ཞིག་བུ་བཀྲ་ཤིས་ཀྱི་འདུ་ཤེས་ཁྲོད་ཨ་མའི་བསླབ་བྱ་ལ་བརྟེན་ནས་སིམ་པར་བྱས་ཤིང་། དྲིན་ཆེན་མའི་བསླབ་བྱ་དེས་བུ་བཀྲ་ཤིས་ཀྱི་སེམས་ཁམས་ལ་བཞག་པའི་བག་ཆགས་ཟབ་ཅིང་གཡོ་བ་མེད་པ་ཞིག་རེད།

ལྷ་མོ་དང་ལྷ་ཡུལ་ནི། ལྷ་སྒྲུང་ཁྲོད་ཀྱི་མི་སྣ་དང་། དེའི་ཁོར་ཡུག་ཅིག་ཡིན་ཞིང་། དེ་ནི་ཨ་མའི་རང་གི་ཕྲུ་གུ་ལ་བསླབ་བྱ་བྱེད་པའི་ཐབས་ལམ་ཞིག་ཡིན། གནའ་བོའི་བོད་ཀྱི་མི་རབས་རྒན་པ་དག་གིས་སློག་པ་དྲོན་མོའི་འོག་གཡའ་མ་དག་པའི་བྱིས་པ་དག་ལ་ལྷ་སྒྲུང་དང་འདྲེ་སྒྲུང་བཤད་ཀྱང་། ལྷ་སྒྲུང་བཤད་པའི་སྐྱིད་སྣང་གིས་བྱིས་པ་དག་གཉིད་ཀྱི་བདེ་བར་འདྲེན་ཞིང་། འདྲེ་སྒྲུང་བཤད་པའི་འཇིགས་སྐྲག་གིས་གཉིད་ལོག་པར་བྱེད་པའི་ཐབས་རྩལ་གནའ་བཤད་ཨ་མ་དག་ལ་ཕུན་སུམ་ཚོགས་པར་ལྡན།

དོན་དངོས་བྱས་ན། ལྷ་ཡུལ་ཞེས་གང་བཤད་ཀྱང་། རད་ཉིད་འཚོ་སྡོད་བྱེད་པའི་ཁོར་ཡུག་འདི་ཉིད་ཡིན་ཞིང་།ལྷ་མོ་ཞེས་ཇི་ལྟར་སྨྲས་ཀྱང་བརྩེ་བའི་ཨ་མ་ཁོ་ན་ཡིན་ཙ་ན། ཁོར་ཡུག་འདི་ཉིད་ཀྱི་མེ་ཏོག་རེ་རེ་དང་། རྡོ་ཕུང་རེ་རེ་བདག་ཉིད་ཀྱི་ཨ་མ་དང་འདྲ་བའི་ལྷ་མོ་རེ་རེའི་ཁྱིམ་གཞི་ཡིན་ཞིང་། ལྷ་མོ་ཞེས་ཇི་ལྟར་འཚོལ་ཡང་ཨ་མ་ལས་ལྷག་པའི་ལྷ་མོ་ཞིག་འཚོལ་དུ་མེད་པས། ངེས་པར་རང་གི་ཕུགས་བསམ་ཁྲོད་ཀྱི་ལྷ་མོ་གནས་སའི་ཁོར་ཡུག་ལ་གཅེས་སྐྱོང་དང་། ལྷ་མོ་གསོན་པོར་གནས་པའི་ཨ་མའི་བཀའ་དྲིན་ལ་བསམ་གཞིགས་དགོས་པའི་བསླབ་བྱ་སྙིང་ལ་རྗེ་བ་ཞིག་གནང་འདུག་པར་འདོད།

དེའི་ཕྱིར་ན། ལྷ་སྒྲུང་གི་ཁྲོད་ན་སིམ་པའི་ཁོར་ཡུག་སྲུང་སྐྱོབ་དང། དྲིན་ལྡན་ཕ་མའི་བརྩེ་བ་བརྗོད་སྙིང་བྱས་པའི་བྱིས་སྒྲུང་དག་ནི། གནའ་ནས་ད་བར་བརྒྱུད་དེ་ཡོང་བའི་བོད་ཀྱི་གནའ་བཤད་རྒན་པོ་དག་གིས་ངག་ལམ་དུ་བརྒྱུད་ནས་འོང་པའི་རིག་གནས་གལ་ཆེན་ཞིག་ཡིན་ཞིང་། དེ་ནི་མཁས་པས་རྩལ་ལས་མ་བྱུང་བར་རྒན་པོའི་བློ་ཡི་བཀོད་པ་དང་། ངག་གི་ཐབས་རྩལ་ལ་བརྟེན་ནས་བོད་ཀྱི་རྩོམ་རིག་ཁྲོད་འོངས་པའི་རིག་གནས་གལ་ཆེན་ཞིག་རེད།

རིག་གནས་འདི་ཡིག་ལམ་ནས་གསལ་འདོན་བྱེད་པ་ནི། ཧམ་པ་ཆེ་ཙམ་བཤད་ན། བཙན་བྱོལ་སྤྱི་ཚོགས་ཁྲོད་རྫ་ཚེའི་བུ་བཀྲ་ཤིས་ལྷ་ཡུལ་དུ་ཕྱིན་པ་ཞེས་པའི་བྱིས་སྒྲུང་འདི་གཅིག་པུ་རེད་འདོད་ལ། ཕྱི་སྡོད་བོད་མའི་བྱིས་སྒྲུང་གི་ལོ་རྒྱུས་ཤིག་བྲི་དགོས་ན། འདི་ལས་འགོ་བརྩམས་དགོས་ཀྱང་སྲིད།

བྱིས་སྒྲུང་རང་སྟེང་ནས་སྐྱོན་ཞིག་མ་མཐོང་ཡང་བརྙན་དེབ་ཁྲོད་ཀྱི་རི་མོ་དག་ལ་སྣང་བ་མ་སོང་བའི་ཆ་ཞིག་འདུག་སྟེ། བཀྲ་ཤིས་ཀྱི་ལྷ་མོ་རུ་འབོད་པའི་རི་མོ་དེ་རྒྱའི་མཆོད་པའི་ལྷ་མོའི་རྣམ་པ་ཙམ་ལས། བོད་ཀྱི་བྲིས་ཐང་གི་ལྷ་མོའི་གྲིབ་མ་མི་འདུག སྤྱིར་བོད་ཀྱི་བྱིས་སྒྲུང་བྲིས་པ་ཡིན་པས། རི་མོ་ལ་ཡང་བོད་ཀྱི་མི་གཤིས་དང་འཚམས་དགོས་པར་འདོད། རྒྱུ་མཚན་ནི། བསམ་ཡས་གཙུག་ལག་ཁང་བཞེང་སྐབས་ལྷ་ཡི་རྣམ་པ་བོད་མིའི་དཔེར་བླངས་པ་དང་། མི་རིགས་རང་རང་གི་ལྷའི་རྣམ་པ་མི་རིགས་དེའི་ཁྱད་ཆོས་གསལ་བའི་དགེ་མཚན་དགེ་ཆོས་ཀྱི་གསེར་ཐང་དུ་ཡང་བཤད་ཡོད་སྙམ།

གང་ལྟར་རྗོད་བྱེད་ཚིག་གི་འགྲོས་ལེགས་ཤིང་། བརྗོད་བྱའི་བྱུང་རིམ་གྱི་ཐབས་རྩལ་བཟང་པ། མ་ཟད་བརྗོད་སྙིང་དོན་གྱི་དགོངས་པ་ཟབ་པས་བྱིས་སྒྲུང་འདི་ཡག་པར་འདོད།

བྱིས་པ་ནི་མི་རིགས་ཀྱི་སོན་རྩ་ཡིན། མི་རིགས་ཀྱི་མ་འོངས་པ་ཡང་བྱིས་པ་ཁོ་ན་ཡིན། བྱིས་པ་ཞིག་ལེགས་ལམ་ཏུ་འགྲོ་དགོས་ན། ངེས་པར་སློབ་གསོ་གལ་ཆེན་དུ་འཛིན་དགོས་ཤིང་། སློབ་གསོ་གལ་ཆེན་དུ་བཟུང་བའི་ཁྲོད་ན། བྱིས་སྒྲུང་ནི་གསེར་འོད་ལམ་ལམ་འཚེར་མའི་མུ་ཏིག་གི་སྒྲོན་མེ་ཉག་ཅིག་ཡིན་པས། ངེས་པར་འདི་ལ་གུང་བཀུར་དང་། རྩིས་ཐང་བླ་ན་མེད་པ་འཇོག་དགོས།