༄༅། །འཁོར་གསུམ་ཡོངས་དག་སྤྲོས་བྲལ་གདོད་མའི་གཤིས།།
དུས་གསུམ་རྒྱལ་བའི་ཐུགས་བཅུད་གསང་བའི་མཛོད།།
རིགས་གསུམ་རྣམ་གྲོལ་འབྲས་བུ་བསྐྱེད་པའི་ཡུམ།།
སྒོ་གསུམ་གུས་པས་རྟག་ཏུ་དད་ཕྱག་བརྩེགས།།

དེ་ཡང༌། འོ་སྐོལ་གྱི་སྟོན་པ་ཐུགས་རྗེ་ཅན་དེས་སྡུག་བསྔལ་གསུམ་གྱིས་ཉམ་ཐག་པའི་སྐྱེ་དགུ་རྣམས་འཁོར་བའི་རྦ་ཀློང་ནས་བཏོན་ཏེ་ཐར་པ་མཆོག་གི་བདེ་བ་ལ་འགོད་པར་མཛད་པའི་སླད་དུ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་རྣམ་གྲངས་ཇི་སྙེད་ཅིག་བཀའ་བསྩལ་བ་ཐམས་ཅད་ཀྱི་ནང་ནས་རབ་དང་ཕུལ་དུ་གྱུར་པ་ནི་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་འདི་ཉིད་ཡིན་ཏེ། སྲིད་པའི་རྩ་བ་དྲུང་ནས་འབྱིན་བྱེད་ཀྱི་ལམ་དངོས་གཞི་ལམ་འབྲས་བུའི་ཤེར་ཕྱིན་གྱི་རྣམ་གཞག་གཙོ་བོར་གྱུར་པའི་ཐེག་པ་གསུམ་གྱི་མངོན་རྟོགས་ཕྱིན་ཅི་མ་ལོག་པ་གསལ་བར་སྟོན་པའི་ཕྱིར་རོ།། ཤེར་ཕྱིན་ཕྱོགས་གཏོགས་དང་བཅས་པའི་མདོ་སྡེ་ལའང༌། བོད་སྔ་རབས་པར་གྲགས་པའི་ཡུམ་སྲས་བཅུ་བདུན་ལ་སོགས་པའི་ཆོས་ཀྱི་རྣམ་གྲངས་དུ་མ་ཞིག་བཞུགས་པའི་ནང་ནས་ཤེར་ཕྱིན་སུམ་བརྒྱ་པའམ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་ཞེས་བྱ་བའི་མདོ་འདི་ནི་ཚིག་བསྡུས་ཤིང་དོན་གསལ་བ། སྙིགས་དུས་ཀྱི་གདུལ་བྱ་རྣམས་ཀྱིས་འཛིན་པ་དང༌། ཀློག་པ་དང༌། ཡི་གེར་འབྲི་བ་ལ་སོགས་གང་ལའང་འཇུག་པ་བདེ་ཞིང་རྨད་དུ་བྱུང་བའི་ཕན་ཡོན་གྱི་རྣམ་གྲངས་དུ་མ་ཞིག་ལྡན་པའི་དབང་གིས་འཕགས་པའི་ཡུལ་ཙམ་དུ་མ་ཟད། རྒྱ་བོད་ཧོར་གསུམ་སོགས་ཐེག་ཆེན་གྱི་བསྟན་པ་དར་བའི་ཡུལ་གྲུ་ཀུན་ཏུ་མདོ་འདི་ཧ་ཅང་དར་ཁྱབ་ཆེན་པོར་གྱུར་ཏེ་རྒན་གཞོན་སེར་སྐྱ་མཁས་བླུན་རིས་སུ་མ་ཆད་པས་རྒྱུན་དུ་ཁ་བཏོན་དུ་བྱ་བ་དང༌། གླེགས་བམ་དུ་བྲིས་ཤིང་རྒྱ་ཆེར་སྤེལ་བ། གཤིན་པོའི་དགེ་རྩའི་སླད་རྗེས་འཇུག་རྣམས་ཀྱིས་འབྱོར་འཁོས་དང་བསྟུན་པའི་གསེར་དངུལ་མཚལ་སྣག་སོགས་ཀྱིས་བྲིས་ཏེ་དགོན་སྡེ་དང་ལྷ་ཁང་སོགས་སུ་འབུལ་འཇོག་བྱས་པའི་སྲོལ་ཡུལ་ལུང་ཕལ་མོ་ཆེར་སྤྱི་ཡོངས་སུ་དར་བ་སོགས་མང་ཚོགས་ཕལ་པའི་ཁྲོད་དུའང་ཧ་ཅང་དད་འདུན་དགའ་སྣང་ཞུ་བའི་དར་ཁྱབ་ཅན་གྱི་ཆོས་ཚན་ཞིག་ཏུ་བཞུགས་ཤིང༌། རྒྱ་གར་དུ་ཐེག་ཆེན་གྱི་མདོ་སྡེ་སྤྱི་དང༌། ཤར་ཕྱོགས་ཀྱི་མདོ་སྡེ་རྣམས་ཀྱི་བྱུང་རིམ་གྱི་ནང་དར་ཁྱབ་སྔ་གྲས་ཤིག་ཡིན་འདུག་པ་དང༌། ཕྱི་ལོ་བརྒྱ་ཕྲག་བཞི་པའི་ནང་སློབ་དཔོན་གཞོན་ནུ་འཚོས་རྒྱ་སྐད་དུ་ཐོག་མར་བསྒྱུར་བ་མ་ཟད། དེང་དུས་རྙེད་སོན་ཡོད་པའི་གཞུང་འདིའི་རྒྱ་དཔེ་རྙིང་ཤོས་དབུས་ཨེ་ཤི་ཡའི་ (Central Asia) གིལ་གིཊ་ (Gilgit) དང༌། ཤར་ཏུརྐིསྟཱན་ (East Turkistan) བཅས་ནས་རྙེད་སོན་བྱུང་བ་རྣམས་ཡེ་ཤུའི་འདས་ལོ་བརྒྱ་ཕྲག་ལྔ་པ་དྲུག་པའི་བར་གྱི་ཡིན་པ་དེང་དུས་ཀྱི་མཁས་པ་རྣམས་བཞེད་དོ།། གཞུང་འདི་རྒྱ་ནག་ཏུ་འགྲོ་དོན་ཧ་ཅང་ཆེ་བར་བྱུང་བའི་དབང་གིས་འགྱུར་སྔ་ཕྱི་དྲུག་ཙམ་བྱུང་འདུག་པས་སྔ་ཤོས་གོང་དུ་སྨོས་པའི་གཞོན་ནུ་འཚོ་དང༌། གཉིས་པ་བཙུན་པ་བྱང་ཆུབ་འདུན་གྱིས་ཕྱི་ལོ་ ༥༢༠ གསུམ་པ་བཙུན་པ་དོན་དམ་པས་ཕྱི་ལོ་ ༥༦༢ བཞི་པ་བཙུན་པ་ཆོས་སྦས་ཀྱིས་ཕྱི་ལོ་ ༦༠༠ ལྔ་པ་བཙུན་པ་ཤྭོ་ན་ཅང་གིས་ཕྱི་ལོ་ ༦༦༠ དྲུག་པ་ཝེན་ཚེག་གིས་ཕྱི་ལོ་ ༧༠༣ བཅས་ཀྱི་སྐབས་སུ་བསྒྱུར་བ་སློབ་དཔོན་ཆེན་པོ་ལཱལ་མཎི་ཇོཤིའས་ (Lal Mani Joshi) བཤད། དེ་བཞིན་ཁོ་ཏན་ (Khotan) གྱི་སྐད་དུ་ལན་གཅིག སོ་ཌི་ཡན་གྱི་སྐད་དུ་ལན་གསུམ། སོག་པོའི་སྐད་དུ་ལན་བཞི། མན་ཇུའི་སྐད་དུ་ལན་གཉིས་བཅས་བསྒྱུར་བ་མ་ཟད། བོད་སྐད་དུའང་འགྱུར་མི་འདྲ་བ་གསུམ་ཡོད་པ་ཇོ་ཤཱིས་བཤད་ཀྱང་ད་ལྟ་བཀའ་འགྱུར་དུ་བཞུགས་པའི་རྡོར་གཅོད་འདི་དཔར་མ་ཐམས་ཅད་མཚུངས་པར་པཎ་ཆེན་ཤེ་ལེན་དྲ་བུ་དྷི་དང་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར་དུ་སྣང་ཞིང༌། འགྱུར་གཞན་ནི་མ་མཇལ། མདོ་འདིའི་མཚན་ལའང་༼འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།༽ཞེས་མདོ་རང་ཉིད་དང༌། སློབ་དཔོན་པདྨའི་ངང་ཚུལ་གྱི་རྒྱ་ཆེར་འགྲེལ་ལས་བྱུང་ལ། འཕགས་པ་ཐོགས་མེད་ཀྱི་བཤད་སྦྱར་དུ་ བྱའཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ།བྱ ཞེས་བྱུང༌། ཤེར་མདོ་འདི་ལ་རྒྱ་འགྲེལ་དུ་མ་ཞིག་ཡོད་པ་གདོན་མི་ཟའང༌། བོད་སྐད་དུ་བསྒྱུར་བ་༼ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྡོ་རྗེ་གཅོད་པའི་བཤད་པ་བཤད་སྦྱར་གྱི་ཚིག་ལེའུར་བྱས་པ་༽མཛད་པ་པོ་མི་གསལ་བ་ཞིག་བཞུགས་པ་འདིའི་རྒྱ་དཔེའི་ཨི་ཊ་ལིའི་ (Italy) ཉམས་ཞིབ་པ་ཇི་ཊུ་ཅིར་ (G. Tucci) གཙང་ངོར་དགོན་ནས་རྙེད་པ་རྗེས་སུ་རོ་མན་ཡིག་གཟུགས་ཐོག་བཤད་སྦྱར་ཚིག་ལེའུར་བྱས་པ་དེ་ཉིད་དང༌། དེའི་དབྱིན་ཇིའི་འགྱུར་བཅས་ཕྱི་ལོ་ ༡༩༥༦ ལོར་རོམ་(Rome)ནས་དཔར་འདེབས་བྱས་འདུག འོན་ཀྱང་རྒྱ་དཔེ་འདིའི་མཚན་ལ་༼ཤེར་ཕྱིན་སུམ་བརྒྱ་པའི་ཚིགས་སུ་བཅད་པ་བདུན་ཅུ་པ་༽ཞེས་ཡོད་ཅིང༌། བོད་དུ་བསྒྱུར་བ་ལྟར་ བྱབཤད་པ་བཤད་སྦྱར་གྱི་ཚིག་ལེའུར་བྱས་པ།བྱ ཞེས་མ་འཁོད་པ་མ་ཟད། རྒྱ་དཔེ་འདིའི་མཇུག་ཏུ་འཕགས་པ་ཐོགས་མེད་ཀྱིས་མཛད་ཅེས་གསལ། གཞུང་དངོས་ཀྱི་ཤ྄ལོཀ་རྣམས་བོད་སྐད་དུ་བཞུགས་པའི་བཤད་སྦྱར་དང་ཁྱད་པར་མི་འདུག བཤད་སྦྱར་ཚིགས་སུ་བཅད་པ་འདིའི་རྒྱ་ཆེར་འགྲེལ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་བོད་སྐད་དུ་བཞུགས་པ་དེའི་ནང་གཞུང་སྔ་མའི་མཚན་ལ་ བྱརྡོ་རྗེ་གཅོད་པའི་དོན་བདུན་གྱི་རྒྱ་ཆེར་འགྲེལ་པ།བྱ ཞེས་བཀོད་འདུག་པ་ལ་གཞིགས་ན་རྒྱ་དཔེ་འགའ་ཞིག་ཏུ་བྱཤ྄ལོཀ་བདུན་ཅུ་པ།བྱ ཞེས་པའི་ཚབ་ཏུ་༼དོན་བདུན་མ།༽ཞེས་འཁོད་པ་ཡོད་དམ་སྙམ། རྒྱ་ཆེར་འགྲེལ་དེའི་ནང་བཤད་སྦྱར་དེ་ཐོགས་མེད་ཀྱིས་མཛད་པའི་གསལ་ཁ་མ་བྱུང་ཡང་དབྱིག་གཉེན་གྱིས་འགྲེལ་བཤད་མཛད་པ་ལ་གཞིགས་ན་སྔ་མ་ཐོགས་མེད་ཀྱིས་མཛད་པ་ཡིན་སྲིད་སྙམ། དེ་བཞིན་སློབ་དཔོན་པད་མའི་ངང་ཚུལ་གྱིས་མཛད་པའི་རྒྱ་ཆེར་འགྲེལ་པ་ཞིག་ཀྱང་བོད་སྐད་དུ་བསྒྱུར་བ་བསྟན་འགྱུར་དུ་བཞུགས་ཤིང༌། དེ་ལས་གཞན་པའི་རྒྱ་འགྲེལ་བོད་སྐད་དུ་བསྒྱུར་བ་མ་མཐོང༌། དབྱིག་གཉེན་གྱིས་མཛད་པའི་བཤད་སྦྱར་གྱི་འགྲེལ་པ་རྒྱ་སྐད་དུའང་བསྒྱུར་ཡོད་པར་སྣང༌། རྒྱ་གར་གྱི་སློབ་དཔོན་རྡོ་རྗེ་དཔལ་དང༌། ཡོན་ཏན་སྦྱིན་གྱིས་མཛད་པའི་འགྲེལ་པ་རྒྱ་ནག་ཏུ་བསྒྱུར་བ་ཡོད་སྐད་ཀྱང་བོད་སྐད་དང་ལེགས་སྦྱར་དུ་མ་བཞུགས།

མདོ་འདིའི་མཚན་དོན་རྡོ་རྗེ་གཅོད་པ་ཞེས་པ་ཉོན་ཤེས་ཀྱི་སྒྲིབ་པ་ཕྲ་མོ་རྡོ་རྗེ་ལྟར་ཞིག་དཀའ་བ་རྣམས་གཅོད་པའམ་འཇོམས་པར་བྱེད་པས་ན་རྡོ་རྗེ་གཅོད་པ་དང༌། ཡང་ན་ཉོན་ཤེས་ཀྱི་སྒྲིབ་པ་རྣམས་གཅོད་པ་ལ་རྡོ་རྗེ་ལྟར་རྣོ་བ་དང༌། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐོག་མར་མོས་པ་སྤྱོད་པའི་ས་དང༌། མཐའ་མ་དེ་བཞིན་གཤེགས་པ་དང་ལྡན་པའི་སར་རྒྱ་ཆེ་ཞིང༌། དབུས་ལྷག་བསམ་དག་པའི་སར་རྒྱ་ཆུང་བས་ན་རྡོ་རྗེ་དང་དབྱིབས་འདྲའོ།། ཞེས་དབྱིག་གཉེན་དང་པད་མའི་ངང་ཚུལ་གཉིས་ཀས་བཤད་དོ།། དེ་ལྟར་རྡོ་རྗེ་དཔེ་སྤང་བྱ་དང༌། ཤེར་ཕྱིན་ལ་སྦྱར་བའི་བཤད་ཚུལ་གཉིས་ཡོད་པ་རྒྱ་འགྲེལ་གཉིས་ཀ་མཐུན་པས་དེང་དུས་ཀྱི་མཁས་པ་རྣམས་དོན་འདི་ལ་དགག་སྒྲུབ་བྱེད་པ་ནི་ཕྱོགས་སྔ་ཕྱི་གཉིས་ཀས་འགྲེལ་པ་མ་གཟིགས་པའི་རྟགས་སུ་སྣང༌། འདིའི་གཞུང་ཚད་ལེགས་སྦྱར་དུ་ཤ྄ལོཀ་སུམ་བརྒྱ་ཡོད་པས་ཤེར་ཕྱིན་སུམ་བརྒྱ་པར་ཡང་གྲགས་ལ། ད་ལྟ་བཞུགས་པའི་རྒྱ་དཔེར་ཚན་པ་ཆུང་ངུ་སོ་གཉིས་སུ་དབྱེ་འདུག་རུང༌། བོད་སྐད་དུ་དེ་འདྲའི་ཚན་པ་མ་ཕྱེ་བར་འདུག དུས་ཕྱིས་ཤེར་མདོ་འདི་ནུབ་ཕྱོགས་དང་རྒྱ་གར་གྱི་སློབ་གཉེར་བ་རྣམས་ལའང་གྲགས་ཆེ་བར་བྱུང་འདུག་པ་དེའི་རྒྱུ་མཚན་ཡང་གཞུང་ཚིག་ཉུང་ཞིང་གོ་བདེ་བ་དང༌། ལེགས་སྦྱར་གྱི་སྐད་དུ་མ་དཔེ་རྙེད་སོན་ཡོད་པ་ཙམ་དུ་མ་ཟད། ཐེག་ཆེན་དར་བའི་ཡུལ་གྲུ་རྣམས་སུ་ཁྱབ་བདལ་ཆེ་བའི་དབང་གིས་ཀྱང་ཡིན་སྲིད། མདོ་འདི་དབྱིན་སྐད་དུ་འགྱུར་མི་འདྲ་བ་བདུན་དང༌། ཕ་རན་སི་སྐད་དུ་གཉིས། ཇར་མན་སྐད་དུ་གཉིས། ཉི་ཧོང་གི་སྐད་དུ་གཅིག་ལས་མང་བ་བསྒྱུར་ཟིན་པར་ཇོ་ཤཱིས་བཤད་ཅིང༌། ཧིནྡཱིའི་སྐད་དུ་ལཱལ་མཎི་ཇོཤཱི་རང་ཉིད་ཀྱིས་བསྒྱུར་བ་ཕྱི་ལོ་ ༡༩༧༨ ལོར་ཝཱ་ཎ་བོད་ཀྱི་མཐོ་སློབ་ཀྱི་འཕགས་བོད་པོད་ཕྲེང་གསུམ་པར་དཔར་སྐྲུན་བྱས་པ་དེ་ཡིན། ཤར་ཕྱོགས་ཀྱི་མདོ་སྡེ་ཕལ་མོ་ཆེའི་གསུང་ཡུལ་རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཕུང་པོ་རི་ཡིན་ནའང༌། མདོ་འདི་ནི་ཐེག་པ་ཐུན་མོང་བའི་མདོ་སྡེ་གཞན་ལྟར་མཉན་ཡོད་དུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར་གསུངས་པ་དང༌། མདོའི་དངོས་བསྟན་དང་སྦས་དོན་གྱི་བརྗོད་བྱ་བཀྲལ་བའི་སྐབས་སུའང༌། དབྱིག་གཉེན་གྱིས་དོན་གྱི་གནས་བདུན་དུ་བསྡུས་ཏེ་བཀྲལ་འདུག་པ་འདི་ལྟ་སྟེ། སངས་རྒྱས་ཀྱི་གདུང་རྒྱུན་མི་ཆད་པ་དང༌། རབ་ཏུ་སྦྱོར་བའི་མཚན་ཉིད་དང༌། དེའི་རྟེན་དང༌། གཉེན་པོ་དང༌། མི་མཉམ་པ་དང༌། ས་དང༌། མཚན་གྱི་རྒྱུ་མཚན་ནོ།། པདྨའི་ངང་ཚུལ་གྱིས་ནི་གླེང་གཞི་དང༌། གླེང་བསླང་བ་དང༌། སངས་རྒྱས་ཀྱི་གདུང་རྒྱུན་མི་ཆད་པར་བྱ་བ་དང༌། སྒྲུབ་པའི་མཚན་ཉིད་དང༌། དེའི་གནས་བཅས་ལྔར་བསྡུས་ཏེ་བཤད་དོ།།

རྒྱལ་བའི་གསུང་རབ་སྤྱི་དང༌། ཁྱད་པར་ཤར་ཕྱོགས་ཀྱི་མདོ་སྡེ་རྣམས་འབྲི་བ་དང༌། འཛིན་པ་དང༌། ཀློག་པ་དང༌། གཞན་དག་ལ་རྒྱ་ཆེར་སྤེལ་བ་བཅས་ལ་ཕན་ཡོན་བསམ་བརྗོད་ལས་འདས་པ་ཡོད་པ་བཀའ་དང་བསྟན་བཅོས་དུ་མ་ནས་ལན་གཅིག་མ་ཡིན་པར་གསུངས་པ་མ་ཟད། ལྷག་པར་མདོ་འདི་སྙིགས་མའི་དུས་སུ་འཛིན་ཅིང་སྤེལ་བ་ལ་ཕན་ཡོན་གཞན་ལས་ལྷག་པར་ཡོད་པ་མདོ་སྡེ་ཉིད་ལས་གསུངས་ཏེ། ཇི་སྐད་དུ་ བྱབྱམ་འོངས་པའི་དུས་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པར་འགྱུར་བ་ན་སེམས་ཅན་གང་ལ་ལ་དག་འདི་ལྟ་བུའི་མདོ་སྡེའི་ཚིག་བཤད་པ་འདི་ལ་ཡང་དག་པར་འདུ་ཤེས་བསྐྱེད་པར་འགྱུར་བ་ལྟ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ཁྱོད་འདི་སྐད་དུ། མ་འོངས་པའི་དུས་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་རྣམ་པར་འཇིག་པར་འགྱུར་བ་ན་སེམས་ཅན་གང་ལ་ལ་དག་འདི་ལྟ་བུའི་མདོ་སྡེའི་ཚིག་བཤད་པ་འདི་ལ་ཡང་དག་པར་འདུ་ཤེས་བསྐྱེད་པར་འགྱུར་བ་ལྟ་མཆིས་སམ་ཞེས་མ་ཟེར་ཅིག ཡང་རབ་འབྱོར། མ་འོངས་པའི་དུས་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པར་འགྱུར་བ་ན་བྱང་ཆུབ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། ཤེས་རབ་དང་ལྡན་པ་དག་བྱུང་སྟེ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་སངས་རྒྱས་གཅིག་ལ་དགེ་བའི་རྩ་བ་བསྐྱེད་པ་མ་ཡིན་གྱི། རབ་འབྱོར། སངས་རྒྱས་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བྱས་ཤིང༌། སངས་རྒྱས་བརྒྱ་སྟོང་དུ་མ་དགེ་བའི་རྩ་བ་དག་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་འབྱུང་ངོ༌།། རབ་འབྱོར། གང་དག་འདི་ལྟ་བུའི་མདོ་སྡེའི་ཚིག་བཤད་པ་འདི་ལ་སེམས་དད་པ་གཅིག་ཙམ་རྙེད་པར་འགྱུར་བ་དེ་དག་ནི། རབ་འབྱོར། དེ་བཞིན་གཤེགས་པས་མཁྱེན་ཏོ།། རབ་འབྱོར་དེ་དག་ནི། དེ་བཞིན་གཤེགས་པས་གཟིགས་ཏེ། རབ་འབྱོར། སེམས་ཅན་དེ་དག་ཐམས་ཅད་ནི། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་བསྐྱེད་ཅིང་རབ་དུ་སྡུད་པར་འགྱུར་རོ།།བྱབྱ ཞེས་དང༌། གཞན་ཡང་སྐྱེ་བོ་གང་ཞིག་གིས་གངྒཱའི་ཀླུང་གི་བྱེ་མ་ཇི་སྙེད་པ་དེ་སྙེད་ཀྱི་གངྒཱའི་ཀླུང་གི་བྱེ་མའི་གྲངས་དང་མཉམ་པའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་གང་བར་བྱས་ཏེ། དེ་བཞིན་གཤེགས་པ་རྣམས་ལ་འབུལ་བའི་བསོད་ནམས་ཀྱིས་གང་གིས་ཆོས་ཀྱི་རྣམ་གྲངས་འདི་ལས་ཚིགས་སུ་བཅད་པ་གཅིག་ཙམ་བཟུང་ནས་གཞན་ལ་བསྟན་པའི་བསོད་ནམས་དེའི་ཆར་མི་ཕོད་པ་གསུངས་པ་དང༌། དེ་བཞིན་དུ་སྐྱེ་བོ་གང་དག་གིས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ལུས་བཏང་བའི་བསོད་ནམས་དང༌། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཉིད་ལམ་དུས་སུ་སངས་རྒྱས་བྱེ་བ་ཕྲག་ཕྲིག་འབུམ་ཕྲག་བརྒྱད་ཅུ་རྩ་བཞི་མཉེས་པར་མཛད་པའི་བསོད་ནམས་ཀྱིས་ཀྱང་ཕྱི་མའི་དུས་ལྔ་བརྒྱ་ཐ་མར་གྱུར་པ་ན་མདོ་སྡེ་འདི་འཛིན་པའི་བསོད་ནམས་ཀྱིས་ཆར་མི་ཕོད་པར་གསུངས་པའི་སྙིགས་མའི་དུས་འདིར་ཆོས་ཀྱི་རྣམས་གྲངས་འདི་འབྲི་བ་དང༌། ཀློག་པ་དང༌། དཔར་དུ་བསྐྲུན་པ། གཞན་ལ་རྒྱ་ཆེར་སྤེལ་བའི་བསོད་ནམས་ཀྱི་ཕུང་པོ་ནི་ཚད་མེད་ཅིང་གཞལ་དུ་མེད་པས། མདོ་འདི་དཔར་སྐྲུན་ཆོས་སྦྱིན་བགྱིས་པའི་བྱ་བ་འདི་དག་གཞལ་དུ་མི་སྤྱོད་པའི་བསོད་ནམས་རླབས་པོ་ཆེ་སྡུད་པའི་གཞི་ཡིན་པས་ཀུན་གྱིས་ཡི་རང་བྱ་བའི་གནས་སུ་ཆེ་བར་མ་ཟད། བོད་ཀྱི་གནའ་བོའི་གོམས་གཤིས་བཟང་པོའི་རྒྱུན་འཛིན་པ་ལའང་སྨན་པར་སྣང་སྟེ་བོད་མཐའ་དབུས་ཀུན་དུ་མི་རབས་ནས་མི་རབས་བརྒྱུད་དེ་མདོ་འདི་འབྲི་ཀློག་གི་སྲོལ་ཤུགས་ཆེར་དར་བས་ཁམས་པའི་གཏམ་དཔེར་ བྱབྱརྡོར་གཅོད་དམྱལ་བའི་སག་བརྡར་བྱབྱ ཞེས་གྲགས་པ་དང༌། ལྷོ་མོན་གྱི་ཡུལ་དུའང་འདིའི་དཔེ་བཤུས་བྱེད་མཁན་ཧ་ཅང་མང་བས་བྱབྱམོན་པས་རྡོར་གཅོད་ཞུས་དག་བྱབྱ ཅེས་པའི་གཏམ་དཔེའང་དར་འདུག་པ་འདི་དག་ལ་བརྟགས་ན་ཆོས་སྤྱོད་ཀྱི་བྱ་བའི་ཡུལ་གོམས་སྟོན་པའི་ཚིག་ཏུ་སྣང་བས་གོ་བ་ཆེའོ།།

རྡོ་ལྟར་འཐས་པའི་ཀུན་རྨོངས་འཆིང་བའི་དྲྭ།།
རྗེ་བཙུན་གསུང་གསང་རལ་གྲི་འབར་བའི་གཟིས།།
གཅོད་ལས་ཤེས་རབ་འོད་སྣང་འཛུམ་པའི་རླབས།།
པ་སངས་མུག་པོར་བྱས་པས་མཛེས་གྱུར་ཅིག།

ཅེས་སྨོན་ཆིག་དང་བཅས་བཙུན་གཟུགས་བློ་བཟང་བསྟན་འཛིན་གྱིས་ཤར་མར་གཡར་ཁྲལ་དུ་སྨྲས་པའོ།། །།

རྡོ་རྗེ་གཅོད་པའི་འགྱུར་མི་འདྲ་བའི་སྐོར་འདི་ནི། ཏན་རམས་པུསྟཀའི་པོད་ཕྲེང་ཁོངས་རྡོ་རྗེ་གཅོད་པ་དཔར་བསྐྲུན་བགྱིས་པའི་སྔོན་གླེང་དུ་ཕྱི་ལོ་ ༡༩༩༢ ལོར་བྲིས།།