ཤིས་ཚང་ལྗང་མྱུག

ཉེ་བའི་ཆར་གྲོགས་པོ་ཞིག་གིས་སྐད་འཕྲིན་བརྒྱུད་ནས་ང་ལ་ཨ་མདོའི་སྐད་དུ་”བ་གི་”དང་”མི་བ་གི་”ཟེར་བའི་དོན་ཅི་རེད་ཟེར།  ངས་ཐུབ་དང་མི་ཐུབ་ཅེས་པའི་དོན་རེད་ཟེར་བ་ཡིན།  ཡང་བསྐྱར་ཁོས་ཨ་མདོ་བས་ཅིའི་ཕྱིར་ཐུབ་དང་མི་ཐུབ་ལ་“བ་གི་”དང་། “མི་བ་གི་”ཟེར་བ་རེད་ཟེར།  འདི་ནི་ཐ་སྙད་དེའི་གཞི་རྩའི་འགྱུར་རིམ་ལ་བསམ་བློ་བཏང་མ་མྱོང་མཁན་ཞིག་ཡིན་ཚེ་དྲི་བ་གལ་ཆེན་ཞིག་རེད་བསམས་ཏེ།  རང་གི་ཤེས་ཚོད་ལྟར་འགྲེལ་བཤད་བརྒྱབ་པ་ཡིན་ལ།  ཞོར་དུ་དེ་དོན་འདི་ལྟར་རྩོམ་གྱི་ལུས་སུ་བགྱིས་ན་རྟིང་མར་ཡང་ཁོ་དང་ཁོ་ལྟ་བུ་ཚོར་ཕན་པ་བག་ཙམ་ཆེ་སྙམ་སྟེ།  ད་ལྟར་ཡི་གེ་གཏགས་འཇུག་གི་ལས་འདིར་ཆེད་དུ་ཞུགས་པ་ཡིན།

དང་བོ།  བྲ་ཞེས་པའི་མིང་བརྡའི་འཇུག་དོན་གླེང་བ།

བྲ་ཞེས་པ་ནི་བརྡ་གསར་རྙིང་ཅི་རིགས་སུ་སྐབས་ཀྱི་ཚིག་གྲོགས་དབང་གིས་དོན་མི་འདྲ་བ་འགར་འཇུག་པ་ལས་སྐབས་འདིར་ཨ་མདོའི་ཡུལ་སྐད་”བ་”ཞེས་པ་དང་འབྲེལ་ནས་གླེང་བ་ན།   བྱ་ཚིག་རྗེས་མཐུན་པ་སྟེ་ཐུབ་པའམ་ནུས་པའི་དོན་དུ་གོ་དགོས་ལ།  ཡང་རྣམ་པ་གཅིག་ཏུ་གོ་བ་དེ་རང་ལ་ལེན་འོས་པའང་མ་ཡིན་ཏེ།  སྐབས་རེར།  ཕོད་པའམ་གཏོང་བའི་དོན་དུ་གོ་བའང་ཡོད།  ཡིན་ནའང་།  ཨ་མདོའི་ཡུལ་སྐད་དུ་འབྱམས་པའི་བརྡ་དེ་ག་ཉིད་ལ་བསམས་ན།  གཙོ་ཆེར་ཐུབ་པའམ་ནུས་པ། ཕོད་པ་བཅས་ཀྱི་དོན་ལས་མི་འདའ་བར་འདོད།  འདི་ནི་ཁོ་བོས་ཨ་མདོའི་ཡུལ་སྐད་ལ་རང་གི་ཞེ་འདོད་ལྷན་པ་མ་ཡིན་པར།  སྔོན་བྱོན་མཁས་པའི་གསུང་ལས་བརྡ་འདིའི་དོན་བཀྲོལ་པ་འགའ་རེ་སྔ་ཕྱིར་དངོས་སུ་མཇལ་མྱོང་བས་ཡིན།

དེའང་ཨ་ཀྱཱ་ཡོངས་འཛིན་(༡༧༥༩-༡༨༢༣)གྱིས་མཛད་པའི<<བྱང་ཆུབ་ལམ་རིམ་ཆེན་མོ་ལས་བྱུང་བའི་བརྡ་བཀྲོལ་ཉེར་མཁོ་བསྡུས་པ་>>ཞེས་བྱ་བ་ལས།   “མི་བྲ་བ་ནི་མི་ནུས་པའམ་མི་ཕོད་པ།”[1] ཞེས་དང་།  ཡང་<<བེའུ་བུམ་སྔོན་པོའི་མིང་བརྡ་གོ་དཀའ་བ་འགའ་ཞིག་བཤད་པ་སོམ་ཉིའི་མུན་སེལ་>>ཞེས་པ་ལས།  “ཡེ་མི་བྲ་བ་ནི་གཏན་ནས་མི་ཕོད་པ།”[2] ཞེས་དང་།   ཡང་<<འདུལ་བའི་གླེང་འབུམ་ཆེན་མོ་ལས་བྱུང་བའི་མིང་བརྡ་གོ་དཀའ་བ་རྣམས་བཤད་པ་བློ་ལྡན་དགའ་སྐྱེད་>>ཅེས་པ་ལས།  “མི་བྲ་བ་ནི་མི་ཕོད་པའམ་མི་གཏོང་བ།”[3] ཞེས་གསུངས་པ་སོགས་ཀྱིས་མཚོན་ལ།   གཞན་དགེ་བཤེས་ཆོས་གྲགས་(༡༨༩༨-༡༩༧༢)ཀྱིས་མཛད་པའི་བརྡ་དག་མིང་ཚིག་གསལ་བ་རུའང་།  བྲ་མི་བྲ་ཞེས་པ་ཐུབ་མི་ཐུབ་ཀྱི་དོན་དུ་བཀྲལ་ཡོད།[4]

ཚུལ་འདི་དག་གིས་བྲ་ཞེས་པའི་ཐ་སྙད་འདིའི་འཇུག་དོན་གང་ཡིན་གསལ་བར་རྟོགས་ངེས་ལ།  ཨ་མདོའི་ཡུལ་སྐད་དུ་ཁྱབ་ཆེ་བའི་བ་དང་མི་བ་ཞེས་པའི་བརྡ་དོན་དེ་གང་ནས་ཟུར་ཆག་པའི་མཆེད་ཁུངས་འཚོལ་བ་ལའང་ཐོག་མར་བྲ་དང་མི་བྲ་ཞེས་པའི་ཐ་སྙད་འདི་བསམ་བློའི་ཡུལ་དུ་འཁོར་ངེས་པར་སྙམ།  སྐབས་འདིར་ད་དུང་ཁ་གསལ་དགོས་པ་ཞིག་ནི།  སྤྱིར་བྲ་ཞེས་པ་བྱ་ཚིག་རྗེས་མཐུན་པ་དང་མིང་དུ་འཇུག་པའི་སྐབས་གཉིས་ཡོད་པ་ཤེས་དགོས་ལ།  སྐབས་ཀྱི་གླེང་བྱ་ནི་མི་བྲ་ཞེས་པའི་ཟླས་དྲངས་པའི་བྲ་ཞེས་པ་སྟེ་བྱ་ཚིག་རྗེས་མཐུན་པ་དེ་ག་ཉིད་ཡིན་པ་ལས་ཤིང་བྲ་མ་དང་སྲོག་ཆགས་ཨ་བྲ་ཞེས་པའི་བྲ་ལ་གོ་བ་ལེན་མི་རིགས་སོ།།

གཉིས་པ།  བྲ་ཞེས་པ་ཁུངས་གང་དང་གང་ནས་འབྱུང་བ་བསྟན་པ།

གོང་དུ་དྲངས་མ་ཐག་པའི་ཨ་ཀྱཱ་ཡོངས་འཛིན་དང་དགེ་བཤེས་ཆོས་གྲགས་ཀྱི་གསུང་དེ་དག་ནི་བྲ་ཞེས་པའི་ཐ་སྙད་འདི་ཡས་ཀྱི་མཚམས་གང་ཞིག་ནས་ཡིག་ཐོག་ཏུ་འཁོད་པའི་ཁུངས་སུ་ངོས་གཟུང་རྒྱུ་མ་ཡིན་པར།  སྔ་རོལ་གྱི་བསྟན་བཅོས་ཁག་ཏུ་ཡང་ཡང་འབྱུང་བའི་བྲ་ཞེས་པའི་བརྡ་དོན་དེ་འུ་ཅག་ཕྱི་རབས་པ་ཚོར་གོ་སླ་བར་བཀྲོལ་པ་ཡིན་པར་གུད་དུ་ཡིག་ཚོགས་སྤུངས་པའི་འགྲེལ་བཤད་ག་ལ་དགོས་ཨང་།

འདིར་སྐབས་ཀྱི་གླེང་བྱར་གྱུར་པའི་བྲ་ཞེས་པའི་ཐ་སྙད་འདི་ཁུངས་གང་དང་གང་ནས་འབྱུང་བའི་ཚུལ་འཆད་པར་བྱ་བ་ལ།  མི་ཚོས་ཁུངས་དང་གཙིགས་སུ་ལྟ་བའི་ཏུན་ཧོང་གཏེར་ཡིག་དང་།  ཡང་ན།  རྡོ་རིང་དང་བྲག་བརྐོས་ཡི་གེ་དང་། ཅོང་ཡིག་སོགས་སུ་ཐ་སྙད་འདི་ཡོད་མེད་གཅིག་ཏུ་མ་ངེས་མོད།   འོན་ཀྱང་།  ཆོས་རྒྱལ་ལོ་པཎ་དག་གིས་སྔ་ཕྱིར་བརྩམས་ཤིང་བསྒྱུར་པའི་རྒྱལ་བའི་བཀའ་བསྟན་རིན་པོ་ཆེའི་ཁྲོད་དུ་བྲ་བ་དང་མི་བྲ་བ་ཞེས་པའི་ཐ་སྙད་འདི་དག་ལྷང་ངེར་ལྷམ་མེར་གསལ་ལེར་མཇལ་དུ་མཆིས་པས།  འདིར་དེའི་ཁྲོད་ཀྱི་དཔེ་མཚོན་རེ་གཉིས་ཁོལ་དུ་ཕྱུང་སྟེ།  བསྟན་བཅོས་སྔ་མ་དག་ཏུ་བྲ་ཞེས་པའི་ཐ་སྙད་འདི་བྱ་ཚིག་རྗེས་མཐུན་པའི་ངོ་བོར་ཅི་དང་ཅི་ལྟར་གསལ་བ་དག་ལ་འཁྱུག་ཙམ་བལྟ་བར་བྱ།

དེའང་བཀའ་འགྱུར་ཁྲོད་དུ་བཞུགས་པའི་ལོ་ཙཱ་བ་ཞང་སྣ་ནམ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་པའི་<<སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་>>ཞེས་བྱ་བ་ལས།   “སྡུག་ཅིང་ཡིད་དུ་འོང་ལ་བཏང་མི་བྲ་བའི་འཁོར་གྱི་ཚོགས་དག་ཀྱང་ཡོངས་སུ་བཏང་ངོ་།།” [5] ཞེས་དང་།  དེ་བཞིན་དུ།  བསྟན་འགྱུར་ཁྲོད་བཞུགས་པའི་སློབ་དཔོན་དུལ་བ་ལྷས་མཛད་ཅིང་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་པའི་<<འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་>>ཞེས་བྱ་བ་ལས།  “རྡུལ་གྱི་རྫབ་འདྲ་བ་ཁྱོད་ལ་མི་བྲ་བ་ཅི་ཡོད་ཅེས་བྱ་བ་ནི་རྡུལ་དང་རྡུལ་དུ་འདྲེས་པའི་རྫབ་འདྲ་བ་ཁྱོད་བཏང་དུ་མི་བྲ་བ་ཅི་ཡོད་ཅེས་བྱ་བའི་ཐ་ཚིག་གོ།”[6] ཞེས་གསུངས།  དེ་མིན་ད་དུང་འདུལ་བའི་གླེགས་བམ་གཞན་དང་གཞན་དུའང་དོན་ཐ་མི་དད་པའི་བརྗོད་པ་འདི་འདྲ་བ་ཡང་ཡང་མཇལ་དུ་མཆིས་ཀྱང་ཚུལ་འདི་དག་གིས་གཞན་རྣམས་གཅིག་ཤེས་ཀུན་གྲོལ་དུ་རྟོགས་ཐུབ་པར་སྙམ།

གཞན་ཡང་།  ས་ཆེན་ཀུན་དགའ་སྙིང་བོས་(༡༠༩༢ – ༡༡༥༨)མཛད་པའི་<<བརྟག་གཉིས་ཚིག་འགྲེལ་>>ལས།  “ཉོན་མོངས་པའི་རྒྱུ་འབྲས་ཀྱི་དབང་དུ་བྱས་ན།  འདོད་ཆགས་ལས་བཏང་མི་བྲ་བའི་སེར་སྣ་འབྱུང་བས།”[7]  ཞེས་དང་།  <<རྒྱལ་བ་དགེ་འདུན་གྲུབ་(༡༣༩༡ – ༡༤༧༤)ཀྱི་གསུང་ཐོར་བུ་སྣ་ཚོགས་>>ཞེས་པར་ཡང་།    “གྲང་བའི་ཚེ་གོས་དཀོན།  དབུལ་བའི་ཚེ་ནོར་རང་གིས་སྤྱོད་མི་བྲ་བ་རྣམས་ཕངས་པ་མེད་པར་བྱིན།”[8]  ཅེས་གསུངས་ཤིང་།  ད་དུང་རིས་སུ་མ་ཆད་པའི་སྔོན་བྱོན་དྲན་དབང་དག་གི་གསུང་རྩོམ་ལ་ཞིབ་ཏུ་མཇལ་ཚེ་འདི་ཙམ་གྱིས་ག་ལ་ཚད་དེ་བགྲང་ན་རྩིས་ཀྱིས་མི་ལོངས་པ་ཞིག་ཡོད་པར་གོར་མ་ཆག་མོད།  འོན་ཏེ།  འདིར་ཡིག་ཚོགས་ཀྱི་དབང་གིས་བྲ་ཞེས་པའི་ཐ་སྙད་འདི་སྔོན་བྱོན་མཁས་པའི་ཕྱག་ལེན་དུ་ཅི་ལྟར་གནས་པའི་དཔེ་མཚོན་ཙམ་ཞིག་ལས་རེ་རེ་ནས་ཞིབ་པར་འདྲེན་པའི་ངལ་བ་མ་བྱས་སོ།།

གསུམ་པ།  བྲ་ཞེས་པའི་མིང་བརྡའི་འགྱུར་བར་ལྟ་བ།

སྤྱིར་ལོ་ངོ་སྟོང་ཕྲག་ལྷག་གི་གོང་རོལ་དུ་བོད་ཀྱི་སྐད་ཆ་ནི་ད་ལྟ་ནང་བཞིན་མདོ་དབུས་ཁམས་གསུམ་གྱི་དབྱེ་བ་མེད་པར་སྐད་ཡིག་གཅིག་གྱུར་གྱི་ངོ་བོར་གནས་ཡོད་སྲིད་མོད།  འོན་ཀྱང་།  སྐད་ཡིག་སྤྱིའི་འགྱུར་འགྲོས་ཀྱི་ཆོས་ཉིད་དང་བསྡོངས་ཏེ་བོད་ཀྱི་སྐད་ཡིག་ཀྱང་ཡུལ་ལུང་མི་འདྲ་བ་རེ་རེར་མགོ་འདོགས་དབྱངས་གསུམ་དང་།  སྔོན་མིང་རྗེས་གསུམ་གྱི་ཟུར་དག་པར་ཐོན་དང་མ་ཐོན་པའི་ཁྱད་པར་ཤོར་ཡོད་ལ།  ད་དུང་ཡང་སྐད་ཆ་ནི་འགྱུར་བའི་རང་བཞིན་ལས་ནམ་ཡང་འདའ་མི་སྲིད་པས་དུས་ནས་དུས་སུ་འགྱུར་བ་འགྲོ་ངེས་པ་ནི་ཆོས་ཉིད་ཀྱིས་གཏན་ལ་ཕབ་པ་ཞིག་རེད།  ཡིན་ནའང་།  ང་ཚོས་མདོ་དབུས་ཁམས་གསུམ་གྱི་སྐད་ཆའི་བརྡ་དང་ཐ་སྙད་གང་ཞིག་ཡིན་ཡང་དེའི་མཆེད་ཁུངས་དང་འགྱུར་རིམ་ལ་རྩད་འཚོལ་ཞིབ་འཇུག་བྱ་རྒྱུ་ནི་ཅི་ནས་ཀྱང་གལ་ཆེ་བའི་ལས་སུ་འདོད།

ཚིག་གི་སྤྲོས་པ་དེ་ཙམ་གྱིས་བསྐྱུངས་ཏེ་ད་ནི་སྐབས་ཀྱི་གླེང་བྱར་གྱུར་པའི་ཨ་མདོའི་ཡུལ་སྐད་དུ་ཁྱབ་ཆེ་བའི་བ་དང་མི་བ་ཞེས་པའི་མིང་བརྡའི་འགྱུར་རིམ་ལ་བལྟ་བར་བྱ་སྟེ།  དེའང་གོང་དུ་བ་དང་མི་བ་ཞེས་པའི་བརྡ་འདི་གང་ནས་ཟུར་ཆག་པའི་ཁུངས་བསྟན་པའི་ཕྱིར་དུ།  ཐོག་མར་བྲ་ཞེས་པའི་མིང་བརྡའི་འཇུག་དོན་དང་།  བཀའ་བསྟན་གསུང་རབ་ཁག་ཏུ་མིང་བརྡ་དེ་ཅི་ལྟར་བསྟན་པའི་ཚུལ་བཅས་ཚིག་ཚོགས་ལ་མ་འཛེམ་པར་གསལ་བར་བསྙད་པའི་ཁུལ་ཡིན་ལ།  ཚུལ་དེ་དག་གིས་ཨ་མདོའི་ཡུལ་སྐད་ཀྱི་བ་ཞེས་པ་འདི་སྔ་མོ་ནས་ཡིག་ཐོག་ཏུ་འཁོད་པའི་བྲ་ཞེས་པའི་འདོགས་ཅན་བོར་བའི་ངང་ཚུལ་ཉིད་དུ་ངེས་པ་རྙེད་སླ་བའི་རེ་བ་ཡོད།

སྤྱིར་མདོ་དབུས་ཁམས་གསུམ་གྱི་སྐད་ཆའི་ཁྲོད་དུ་འདོགས་ཅན་བོར་ཏེ་མིང་གཞིའི་སྒྲ་ཉིད་ལས་མི་གསལ་བ་ཧ་ཅང་འབེལ་ལ།  ཁྱད་པར་དུ་ཨ་མདོའི་ཡུལ་སྐད་དུ་སྣང་ཚུལ་དེ་ནི་བ་གཅིག་པུ་ག་ལ་ཡིན།  དཔེར་ན།  འབྲོག་པའི་སྦྲ་ནག་ཅེས་པའི་མིང་བརྡ་འདི་གཅིག་པུར་མཚོན་ན།  འགའ་ཤས་ཀྱིས་འདོགས་ཅན་བོར་ཏེ་སྦ་ཞེས་འབོད་ལ།  འགའ་རེས་མགོ་འདོགས་གཉིས་བོར་ཏེ་བ་ཞེས་འབོད།  ཡང་འགའ་རེས་འདོགས་ཅན་གྱི་སྒྲ་གཅིག་བུ་ཕྲལ་ཏེ་ར་ཞེས་འབོད་པའང་ཡོད།  དེ་མིན་ད་དུང་དཔེ་མཚོན་གཞན་ཞིག་ལ།  སྤྱང་ཀི་དང་སྤྲེའུ་ཞེས་པར་ཡང་ཨ་མདོའི་ཡུལ་ལུང་འགའ་རེར་འདོགས་ཅན་བོར་ཏེ་སྤང་ཀི་དང་སྤེའུ་ཞེས་འབོད་པ་དང་།  དེ་བཞིན་བྱ་ཚིག་སྤྲད་དང་སྤྲོད་ལ་སྤད་དང་སྤོད།   སྤྲོ་ལངས་པ་ལ་སྤོ་ལངས་པ་ཞེས་འབོད་པ་སོགས་དུ་མ་ཡོད།  རྒྱུ་མཚན་དེའི་ཕྱིར།  ཨ་མདོའི་ཡུལ་སྐད་ཀྱི་བ་ཞེས་པ་འདི་གོང་དུ་བརྗོད་པའི་བྲ་ཞེས་པའི་འདོགས་ཅན་ཟུར་ཆག་སྟེ་མིང་གཞིའི་སྒྲ་གཅིག་བུ་ལས་མ་ཐོན་པ་ཡིན་པར་དངོས་སུ་ར་མི་འཕྲོད་པ་མེད་པར་རིགས་འགྲེས་ཀྱིས་ཤེས་པར་འདོད།

འདིའི་སྐོར་དག་ཡིག་གསར་བསྒྲིགས་དག་བཅོས་མར།  “བྲ། (ལས་ཚིག་རྗེས་མཐུན་པ།) ཐུབ་པ་དང་བཟོད་པ་སོགས་ཀྱི་དོན་ཏེ།  ཟ་མི་བྲ་ཞིང་འཐུང་མི་བྲ་བ།  གོན་མི་བྲ་ཟེར་བ་ལྟ་བུ།  མཚོ་སྔོན་གྱི་ཁ་སྐད་དུ་ར་བཏགས་ཕྱིས་ཏེ་བ་ཞེས་ཀློག་”[9ཅེས་གསལ་ཡང་།  བ་དང་མི་བ་ཞེས་སྨྲ་བ་ནི་མཚོ་སྔོན་གྱི་ཁ་སྐད་གཅིག་པུ་ག་ལ་ཡིན་ཏེ།  ད་ལྟའི་རྒྱའི་སྲིད་འཛིན་ས་ཁུལ་ལྟར་ན།  ཀན་སུའུ་དང་མཚོ་སྔོན།  སི་ཁྲོན་བཅས་ཀྱི་ཨ་མདོའི་ཡུལ་ལུང་གང་སར་ཁྱབ་པའི་ཁ་སྐད་ཅིག་ཏུ་ངོས་གཟུང་ཆོག་པར་འདོད་དོ།།

ཕྱི་ལོ་ ༢༠༡༥ ཟླ་ ༠༧ ཚེས་ ༡༨  དགོང་མོར་རྫོགས་པར་བྲིས།

____________________________

རྟེན་ཁུངས།

[1] ཨ་ཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་མཛད། <<བྱང་ཆུབ་ལམ་རིམ་ཆེན་མོ་ལས་བྱུང་བའི་བརྡ་བཀྲོལ་ཉེར་མཁོ་བསྡུས་པ།་>> [G] ཨ་ཀྱཱ་ཡོངས་འཛིན་གྱི་བཀའ་འབུམ། སྟོད་ཆ།   (ལན་ཀྲུ།) ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར། ཕྱི་ལོ་ ༢༠༡༡ ལོའི་ཟླ་གསུམ་པ།  དཔར་ཐེངས་དང་བོ།  ཤོག་ངོས། (P.87)

[2] ཨ་ཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་མཛད། <<བེའུ་བུམ་སྔོན་པོའི་མིང་བརྡ་གོ་དཀའ་བ་འགའ་ཞིག་བཤད་པ་སོམ་ཉིའི་མུན་སེལ་>> [G] ཨ་ཀྱཱ་ཡོངས་འཛིན་གྱི་བཀའ་འབུམ། སྟོད་ཆ།   (ལན་ཀྲུ།) ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར། ཕྱི་ལོ་ ༢༠༡༡ ལོའི་ཟླ་གསུམ་པ།  དཔར་ཐེངས་དང་བོ།  ཤོག་ངོས། (P.138)

[3] ཨ་ཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་མཛད། <<འདུལ་བའི་གླེང་འབུམ་ཆེན་མོ་ལས་བྱུང་བའི་མིང་བརྡ་གོ་དཀའ་བ་རྣམས་བཤད་པ་བློ་ལྡན་དགའ་སྐྱེད།>>[G] ཨ་ཀྱཱ་ཡོངས་འཛིན་གྱི་བཀའ་འབུམ།  སྨད་ཆ།  (ལན་ཀྲུ།) ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར། ཕྱི་ལོ་ ༢༠༡༡ ལོའི་ཟླ་གསུམ་པ།  དཔར་ཐེངས་དང་བོ།  ཤོག་ངོས། (P.458)

[4] སོག་པོ་དགེ་བཤེས་ཆོས་གྲགས་ཀྱིས་བརྩམས།  [M]<<བརྡ་དག་མིང་ཚིག་གསལ་བ།>> (ཕྱི་ལོ་ ༡༩༤༩ ལོར་ཧོར་ཁང་བསོད་ནམས་དཔལ་འབར་གྱིས་སྦྱིན་བདག་གནང་སྟེ་ཤིང་པར་དུ་བརྐོས་པའི་དེབ་གཟུགས།)  དམ་ཆོས་བཟང་བོས་པར་སྐྲུན་བྱས།  དྷ་རམ་ས་ལ། ༡༩༨༠ ལོ།  དཔར་ཐེངས་དང་བོ།  ཤོག་ངོས།  (P.670)

[5] <<བཀའ་འགྱུར་དཔེ་བསྡུར་མ།>>   (དེབ་༣༨ )  ཕལ་པོ་ཆེ། པོད།༼ཨ༽  [G] (པེ་ཅིན།) ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོའི་ཟླ་ ༡༠ བར་དཔར། དཔར་ཐེངས་དང་བོ།  ཤོག་ངོས། (P. 782)

[6] <<བསྟན་འགྱུར་དཔེ་བསྡུར་མ།>>   (དེབ་ ༨༧)  འདུལ་བ། པོད།༼ཚུ༽  [G] (པེ་ཅིན།) ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོའི་ཟླ་ ༡༠ བར་དཔར། དཔར་ཐེངས་དང་བོ།  ཤོག་ངོས། (P. 1166)

[7] ས་ཆེན་ཀུན་དགའ་སྙིང་བོས་མཛད།   <<བླ་མ་མངའ་རིས་པས་མཛད་པའི་བརྟག་གཉིསཀྱི་་ཚིག་འགྲེལ།>>  [G]ས་ཆེན་ཀུན་དགའ་སྙིང་བོའི་གསུང་འབུམ།  པོད་དང་བོ།  (ལྷ་ས།)དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། (པེ་ཅིན།) ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར།   ༢༠༠༧ ལོ ། དཔར་ཐེངས་དང་བོ།  ཤོག་ངོས། (P.225 )

[8] ༸རྒྱལ་བ་དགེ་འདུན་གྲུབ་ཀྱིས་མཛད།  [G]<<རྗེ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་གསུང་ཐོར་བུ་སྣ་ཚོགས།>> རྒྱལ་བ་དགེ་འདུན་གྲུབ་ཀྱི་གསུང་འབུམ།  པོད་དགུ་བ།  (ལྷ་ས།)སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་དཔར།  ཕྱི་ལོ་ ༢༠༡༡ ལོ།  དཔར་ཐེངས་དང་བོ།  ཤོག་ངོས། (P.638)

[9] འགྱུར་མེད་ཀྱིས་དག་བཅོས་བྱས།  [M]<<དག་ཡིག་གསར་བསྒྲིགས།>>(དག་བཅོས་མ།)  (ཟི་ལིང་།)མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར།  ཕྱི་ལོ་ ༢༠༡༤ ལོའི་ཟླ་ ༡༢ པ།   དཔར་ཐེངས་ཉི་ཤུ་བ།  ཤོག་ངོས། (P.548)