ས་བུ་ཆེ།

༄༅།  །མང་ཆེ་བས་རང་དབང་དང་རང་དབང་རིང་ལུགས་ཀྱི་སྒྲ་དོན་དང་དེའི་འདུན་པ་ལ་རྩོད་གླེང་བྱེད་དགོས་དོན་མེད་པར་འདོད་དེ།  ཁོ་ཚོས་རང་དབང་ནི་ཡོངས་ཁྱབ་ཀྱི་རིན་ཐང་ཞིག་ཡིན་པས་ཆ་ནས།  དེ་ནི་བདེན་དོན་རྩོད་མེད་ཅིག་དང་གོ་དོན་གསལ་བོ་ཞིག་ཏུ་ཆགས་ཡོད་པར་སྙམ་ཡོད།  འོན་ཀྱང་རང་དབང་ཅེས་པའི་ཐ་སྙད་འདི་ཤེས་རིག་དང་ལྟ་གྲུབ་སོ་སོའི་ཁྲོད་ན་ཤིན་ཏུ་དར་ཁྱབ་ཕྱིན་ཡོད་པས།  ད་ལྟ་ཐ་སྙད་འདི་ལ་མཚན་ཉིད་གསལ་ངེས་ཅན་ཞིག་འཇོག་དགོས་ན།  ང་ཚོ་དེ་མ་ཉིད་ནས་རྩོད་གླེང་དུ་ལྷུང་སྲིད་ལ།  དེ་ནས་ད་གཟོད་རང་དབང་ཅེས་པའི་ཐ་སྙད་དང་རང་དབང་རིང་ལུགས་ཟེར་བའི་གྲུབ་མཐའ་དེ་ནི་མ་གཞི་ནས་རྩོད་བྱ་ཞིག་ཡིན་པ་ཤེས་ཐུབ།  དེ་བས།  དེང་གི་དུས་འདིར།  བོད་ཀྱི་རང་དབང་རིང་ལུགས་པ་ཚོས་ལྟ་གྲུབ་འདི་ལག་ལེན་མ་བྱས་སྔུན་ནས། དར་ཆ་དེའི་གོ་དོན་རྟོགས་ཐུབ་པ་དགོས་ཏེ།  ང་ཚོའི་ཤེས་རིག་གི་སྲོལ་རྒྱུན་ནི་ནུབ་ཕྱོགས་དང་ཤིན་ཏུ་མི་འདྲ་བས།  རང་དབང་དང་རང་དབང་རིང་ལུགས་ཅེས་པའི་ཐ་སྙད་དེ་གཉིས་ལ་འདིའོ་ཞེས་ནང་དོན་གཏན་ཁེལ་མ་ཐུབ་ན།  རང་དབང་གི་གོ་དོན་ཇེ་ཆེ་ནས་ཇེ་ཆེར་བསྐྱེད་དེ་མཐར་གཏད་སོ་མེད་པའི་མིང་སྟོང་ཞིག་ལ་འགྱུར་ཉེན་ཆེ།  ནང་ཆོས་ཁྲོད་དུ།  རང་དབང་ནི་གང་ཟག་བྱེ་བྲག་གི་མཐར་ཐུག་གི་བདེ་བ་ཞིག་ལ་དཀྲལ་ཡོད་དེ། འཁོར་བའི་འཆིང་རྒྱ་ཡིས་མ་ཟིན་པ་ཞིག་བྱུང་ན།  དེ་ལ་རང་དབང་གཙང་མ་ཟེར་ཞིང་དེ་ནི་ཐར་བ་ཐོབ་དང་དོན་གཅིག་ཡིན།  དེ་དང་དེ་བཞིན་ཆོས་ལུགས་སམ་གཟུགས་འདས་སྨྲ་བའི་སྐབས་སུ།  རང་དབང་ནི་རང་ཡིར་བ།  བདག་གིར་བ།  རང་གར་སྤྱོད།  ལྟོས་པ་མེད་པ་སོགས་ཀྱི་གོ་དོན་ལ་སྦྱོར་བས།  རང་དབང་རིང་ལུགས་ཀྱིས་བརྗོད་པའི་རང་དབང་དང་ཁྱད་པར་ཆེན་པོ་ཕྱིན་ཡོད་པ་རེད།  ནུབ་ཕྱོགས་ཆབ་སྲིད་རིག་པའི་སྲོལ་འབྱེད་མཁན་པོར་བརྩི་ཆོག་པའི་མཁས་པ་ཆེན་པོ་ ཨ་རེས་ཏོ་ཏལ་ གྱིས་ ་་སྤྱི་ཚོགས་ལ་བརྟེན་ནས་འཚོ་བ་རོལ་མི་དགོས་པའི་སྲོག་ལྡན་ཞིག་ཡོད་ན།  རང་ཁ་རང་གསོ་ཐུབ་ནས་གཞན་ལ་བརྟེན་མི་དགོས་པའི་སྲོག་ལྡན་ཞིག་ཡོད་ན།  དེ་ནི་ཡང་ན་གཅན་གཟན་ཞིག་ཡིན།  ཡང་ན་ལྷ་ཞིག་ཡིན། འོན་ཀྱང་དེ་ནི་མི་ཞིག་ཡིན་མི་སྲིད། ་་  ཅེས་གསུང་མྱོང་བ་ལྟར།  ང་ཚོས་འགྲོ་མིའི་ངོ་བོའི་སྟེང་ནས་འགྲོ་མི་དམིགས་ཡུལ་ཏུ་བྱས་ཏེ་འགྲོ་མིའི་དོན་བྱ་འཁྱོངས་དགོས་པ་ཡིན་ན།  དེ་ནི་སངས་རྒྱས་དམིགས་ཡུལ་ཏུ་བྱས་པ་དང་ཤིན་ཏུ་མི་འདྲ་བས།  སངས་རྒྱས་ཀྱི་རང་དབང་དང་མིའི་རང་དབང་ཡང་ཤིན་ཏུ་མ་འདྲ་བ་དེ་ལས་ཤེས་ཐུབ།  ཡང་སྐབས་འགར།  རང་དབང་ནི་དམའ་འབེབས་ཀྱི་དོན་ལའང་འཇུག་པ་ཡོད་དེ།   དཔེར་ན།  རང་དབང་ལུང་ཤོར་གྱི་སྤྱོད་པ་དང་ད་ལྟའི་ཨ་རི་དང་ཡོ་རོབ་ནང་ཏུ་རང་དབང་རིང་ལུགས་དེ་དམའ་འབེབས་ཀྱི་སྒྲ་རུ་སྤྱོད་བཞིན་པ་ལྟ་བུའོ།     དེ་འདྲ་ཡིན་ན།  ང་ཚོས་ཆབ་སྲིད་ཀྱི་རང་དབང་རིང་ལུགས་ཅེས་པའི་གྲུབ་མཐའ་འདི་ཡིས་བརྗོད་བཞིན་པའི་རང་དབང་གི་གོ་དོན་དེ་ལ་གསལ་འགྲེལ་མི་བྱེད་ཀ་མེད་ཡིན་ཏེ།   གལ་ཏེ་ཐ་སྙད་འདི་ལ་དོན་སྙིང་དང་མཚན་ཉིད་གང་བྱུང་དུ་སྦྱར་ཆོག་པ་ཞིག་བྱས་ན།   ནམ་ཞིག་དེ་ཡི་ངོ་བོ་ཡང་ཡལ་ཏེ་རྙོག་དྲ་ཐོན་གི་ཡིན་པས།  ང་ཚོ་རང་དབང་རིང་ལུགས་ཀྱི་ལྟ་བ་ཁྱེར་མཁན་དག་གིས། ཐ་སྙད་འདིའི་གོ་དོན་ལ་ཚོད་འཛིན་བྱེད་དགོས་པ་ཡིན་་བྱེད་ཁུལ་ཀྱང་བྱས་ཡོད།  

༄། དེ་ཡང་དུས་རབས་ཉི་ཤུ་པར་འཚར་ལངས་བྱུང་བའི་རང་དབང་རིང་ལུགས་ཀྱི་གྲུབ་མཐའ་སྐྱོང་མཁན་ཆེས་གལ་ཆེ་བ་ཁག་གི་གྲལ་ནས།  ཇུཏེཧྥུ་ ཨིན་ ཤཀིལར་  མོ་ཉིད་ཀྱིས་བརྩམས་ཆོས་གྲགས་ཅན་ དངངས་སྐྲག་གི་རང་དབང་རིང་ལུགས་  ཅེས་པའི་རྩོམ་དེའི་ནང་།  རང་དབང་ནི་ཆབ་སྲིད་ཀྱི་རང་དབང་ལ་གཏན་ཁེལ་བྱས་ཡོད་པ་དང་།  རང་དབང་རིང་ལུགས་ནི་ཆབ་སྲིད་ལྟ་གྲུབ་ཞིག་ཡིན་པ་གསལ་བོ་བརྗོད་ཡོད།    དེ་འདྲའི་ཚོད་འཛིན་ལ་རང་དབང་རིང་ལུགས་སྨྲ་བའི་མཁས་པ་ཚོས་མགྲིན་གཅིག་ཏུ་མོས་མཐུན་བྱས་ཡོད་པས།  ད་ལྟ་ང་ཚོས་རང་དབང་རིང་ལུགས་དེ་སྒེར་གཅོད་རིང་ལུགས་ཀྱི་ལྡོག་ཟླ་རུ་གོ་བ་བྱེད་ཆོག  ཐ་སྙད་ཁོ་ནའི་དབང་དུ་བཏང་ན།  སྒེར་དང་བདག   དབང་དང་གཅོད་ལ་ཁྱད་པར་ཆེན་པོ་ཡོད་དམ།   འོན་ཀྱང་བོད་ཡིག་གི་ཐ་སྙད་འདི་གཉིས་ལ་སོ་སོའི་ཚིག་བབ་སུ་གྱུར་བའི་ལྟ་བ་གཞི་བྱས་ནས་དབྱེ་འབྱེད་བྱེད་སྐབས།   རང་དབང་དང་སྒེར་གཅོད་ཀྱི་ཁྱད་པར་མཐོང་ཐུབ་པ་ཡིན་ཏེ།   ཁྱད་པར་དེ་ནི་ཡུལ་དང་བྱེད་པོ་ལ་རག་ལས་ཡོད་དེ།   རང་དབང་ཞེས་བརྗོད་དུས་དབང་པོ་དབང་ཡུལ་ནི་འགྲོ་མི་རང་ཚུགས་ཅན་རང་ཉིད་ཡིན་པ་དང་།  སྒེར་གཅོད་ཞེས་བརྗོད་སྐབས་གཅོད་མཁན་དང་གཅོད་ཡུལ་ནི་མཆོག་དམན་དུ་དབྱེ་བའི་གྲལ་རིམ་ཅན་གྱི་ཚོགས་ཁག་གཉིས་སམ་དུ་མར་སོང་བ་རེད། །  ཇོན་ལོཀུ་ ཡིས་རང་དབང་རིང་ལུགས་སྨྲ་སྐབས། རང་བྱུང་གི་གནས་སྟངས་འོག་ནས། མི་དང་མིའི་བར་ལ་དབང་ཐང་ལྡན་པའི་སྤྱི་མཐུན་གྱི་དབང་བསྒྱུར་མཁན་གཞན་ཞིག་ཡོད་མ་ཡིན་ཅེས་གསུངས་བ་དང་།  སྒེར་གཅོད་རང་ལུགས་ཀྱི་རྒྱབ་སྐྱོར་ལྟ་བུར་གྱུར་བའི་ ཐོམཱསུ་ ཧོཔེསུ་ ཡིས་གཞན་ཞིག་གི་དབང་བསྒྱུར་འོག་ནས་འཚོ་གནས་བྱེད་པ་ནི་མིའི་རང་བྱུང་གི་དགོས་པ་ཞིག་ཡིན་ཅེས་ར་སྤྲོད་ཐ་དད་པ་གཉིས་བྱུང་ཡོད།  ། 

༄།  དེ་ལྟར་ནང་བཞིན།  ང་ཚོས་དེང་རབས་ཆབ་སྲིད་རིག་པའི་ཁུངས་རྩོམ་ཁག་ལ་ལྟ་ཀློག་བྱེད་སྐབས།  རང་དབང་རིང་ལུགས་དང་སྒེར་གཅོད་རིང་ལུགས་གཉིས་ཀས་སྤྱི་ཚོགས་ཆབ་སྲིད་ཀྱི་འབྱུང་ཁུངས་ནི་མི་སོ་སོའི་ལྷན་སྐྱེས་དབང་ཆ་མཉམ་འདུས་བྱས་པ་ཞིག་ཡིན་པར་འདྲ་མཚུངས་སུ་ཁས་ལེན་བྱས་ཡོད་པ་མཐོང་རྒྱུ་དེ་རེད།  འོན་ཀྱང་རིང་ལུགས་གཉིས་ཀྱིས་མཉམ་འདུས་བྱས་པའི་དབང་ཆ་དེ་དམིགས་ཡུལ་གང་གིས་ཆེད་དུ་ལོངས་སྤྱོད་དགོས་པ་ཡིན་མིན་ཐ་དད་དུ་སོང་ཡོད་པ་དང་།  སུ་ཡིས་བདག་དབང་བྱེད་དགོས་པའང་ཁ་ཁར་གྱུར་ནས་ཡོད།  དེ་ལ་བརྟེན་ནས་མང་གཙོའི་སྲིད་ལུགས་དང་བཙན་དབང་སྲིད་ལུགས་བྱུང་བ་རེད།  སྒེར་གཅོད་རིང་ལུགས་ལྟར་ན།  དབང་ཆས་ནི་མི་མང་གི་སྐྱོན་དང་དེ་ལས་འབྱུང་འགྱུར་བའི་ཉེས་པ་ལ་ཉེན་རྟོག་དགོས་པ་ཡིན།  དེ་ཡིན་ཙང་།  མི་མང་གི་བྱ་སྤྱོད་ལ་དཀར་ནག་འབྱེད་ཐུབ་པའི་ཚད་གཞི་ཞིག་དགོས་པ་རེད།  དེ་ནི་གཅིག་སྡུད་ལམ་ལུགས་ཀྱི་ཆབ་སྲིད་རྨང་གཞི་ཡིན་ཏེ།  རྨང་གཞི་དེར་བརྟེན་ནས་ན་འགྲོ་མི་སོ་སོའི་དབང་ཆ་དང་འདུ་ཤེས་གཅིག་སྡུད་ཐུབ་པའི་བླ་གནས་དབང་ཆ་དང་འདུ་ཤེས་བཙན་པོ་ཞིག་ཡོད་ཆོག་པ་བྱས་ཡོད།  དེ་ལྟར་ཡིན་ན།  རྒྱལ་ཁབ་ཀྱི་འཁོར་ལོ་ཆེན་པོ་འདིས་ཟང་ཟིང་མང་ཚོགས་ཀྱི་འུར་ཆོབ་ལ་ཉན་ཚད་མེད་དེ།  འཁོར་ལོ་བསྒྱུར་མཁན་གྱི་རྒྱལ་པོའམ་ཚོགས་ཁག་གིས་རང་གི་ཤེས་ཚོད་ནུས་ཚོད་ལྟར་མང་ཚོགས་ལ་དབང་བསྒྱུར་མཛད་དགོས་པ་རེད།  འཁོར་ལོ་བསྒྱུར་མཁན་གྱིས་སྤྱི་ཚོགས་ཀྱི་རིག་གནས་རྩེ་གྲས་དང་སྔོན་ཐོན་མཚོན་ནས་ཡོད་ལ་ཀུན་གྱིས་དེ་ལ་བརྩི་བཀུར་དང་རྗེས་འབྲངས་དགོས་པ་རེད།  འདི་འདྲིའི་ལྟ་བ་ནི་ཤར་ནུབ་ལོ་རྒྱུས་ཀྱི་རྒྱུད་རིམ་ཁྲོད་ནས་ཡུན་རིང་གནས་ཐུབ་པ་བྱུང་ཡོད་དེ།  དེ་ལ་གནའ་བོའི་སྤྱི་ཚོགས་རང་སྟེང་གི་འཆིང་རྒྱ་སྣ་ཚོགས་ཞིག་ཡོད་པ་ཡིན་མོད་ཀྱང་།  ང་རང་རང་དབང་རིང་ལུགས་ཀྱི་རྗེས་འབྲངས་མཁན་ཞིག་གིས་ལྟ་ཚུལ་ནས་བཤད་ན།  གཙོ་བོ་ནི་དབང་འབྱོར་པ་ཚོས་མང་ཚོགས་ལ་སློབ་གསོ་དང་འཇིགས་སྐུལ་བྱེད་སྟངས་ཞིག་རེད། །

༄།  གནའ་བོའི་གྲྀ་སི་སོགས་ནས་མང་གཙོའི་ལམ་ལུགས་དར་སྤེལ་བྱས་ཡོད་པ་ཡིན་མོད།  དེ་ནི་ཡོངས་ཁྱབ་ཀྱི་མང་གཙོའི་ལམ་ལུགས་ཞིག་མིན་པར་དེ་ཚེ་ད་དུང་ཆབ་འབངས་ཀྱི་ཐོབ་ཐང་ཡོད་མེད་དབྱེ་འབྱེད་བྱས་ཡོད་པ་རེད།  དེ་ལ་སྐྱོན་དུ་མ་ཞིག་མཆིས་པས་ན།  པོ་ལ་ཐུ་ དང་ ཨ་རིས་ཏོ་ཏལ་ གཉིས་ཀྱིས་སྐྱོན་བརྗོད་གང་མང་བྱས་ཡོད་པ་དང་།  སྐྱོན་བརྗོད་དེ་དག་ལས་བྱུང་བའི་ཆབ་སྲིད་རིག་པ་དེ་ཡིས་རྗེས་བྱུང་ནུབ་ཕྱོགས་ཀྱི་ཆབ་སྲིད་ལམ་ལུགས་གཏན་ཁེལ་ལྟ་བུ་བྱས་པ་རེད།  ལྟ་བ་དེ་དང་ཡི་ཤུ་ཆོས་ལུགས་མཉམ་སྲེས་བྱས་རྗེས།  ཡང་ན་ཡི་ཤུ་ཆོས་པ་ཚོས་ལྟ་བ་དེ་ལ་བསྒྱུར་བཅོས་མང་པོ་ཞིག་བྱས་རྗེས་ཟེར་ན།  ཆོས་སྲིད་ཟུང་འབྲེལ་གྱི་སྲིད་དབང་ཚུགས་པ་རེད།  འོན་ཀྱང་ང་ཚོས་འདིར་གསལ་བོར་ཤེས་དགོས་པ་ནི་པོ་ལ་ཐུ་ དང་ ཨ་རེས་ཏོ་ཏལ་ གྱི་སྨྲ་བཞིན་པའི་མང་གཙོའི་ལམ་ལུགས་དང་དེང་སྐབས་ང་ཚོས་སྨྲ་བའི་མང་གཙོའི་ལུམ་ལུགས་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་ཡིན་ཏེ།  ཁྱད་པར་དེ་ནི་རང་དབང་རིང་ལུགས་ཀྱི་དགོངས་གཞི་ལ་བརྟེན་བཅོལ་བྱས་ཡོད་མེད་ཐོག་ནས་དབྱེ་ཆོག །  དུས་རབས་བར་མའི་མཐའ་འཇུག་གི་དུས་སུ།  ནུབ་ཕྱོགས་ཀྱི་ཤེས་ཡོན་པ་ཚོས་ཚན་རིག་དང་དཔྱོད་ཤེས་ལ་བརྟེན་ནས་ཐེངས་དང་པོར།  ཆོས་སྲིད་ཟུང་འབྲེལ་གྱི་སྲིད་ལུགས་སྲོལ་རྒྱུན་དེ་ལ་དོགས་སློང་དང་སྐྱོན་བརྗོད་བྱེད་ཐུབ་པ་བྱུང་བ་རེད།  ལོ་རྒྱུས་ཀྱི་དུས་དེ་ནས་བཟུང་།  རང་དབང་རིང་ལུགས་ཀྱི་ལྟ་གྲུབ་དངོས་སུ་བྱུང་བ་དང་།  གསར་བརྗེ་དང་ཆབ་སྲིད་བསྒྱུར་བཅོས་ཡོད་ཚད་ཀྱི་ལམ་སྟོན་བསམ་བློ་ལྟ་བུར་ཆགས་པ་རེད།  རང་དབང་རིང་ལུགས་ནི་ཆབ་སྲིད་ཀྱི་ལངས་ཕྱོགས་ཞིག་ཡིན་པ་དུས་དེ་ནས་མངོན་གསལ་བྱས་པ་མ་ཟད།  ལངས་ཕྱོགས་འདིས་ཐོག་མར་སྐབས་དེའི་ཆོས་སྲིད་ཟུང་འབྲེལ་གྱི་བདག་པོ་གྱུར་བའི་ པོ་ཕུ་ བླ་བྲང་ལ་ངོ་རྒོལ་བྱས་རེད།  འོན་ཀྱང་ཆོས་སྲིད་ཟུང་འབྲེལ་ནི་སྒེར་གཅོད་ལམ་ལུགས་ཀྱི་རྣམ་པ་བྱེ་བྲག་ཞིག་ཡིན་པས་ན།  དེ་རྒོལ་བ་ཙམ་གྱིས་སྒེར་གཅོད་འཚམས་འཇོག་ཐུབ་པ་མ་ཡིན་ཏེ།  དེ་རྗེས་སུ་བྱུང་བའི་སྲིད་ལུགས་སྣ་ཚོགས་ཁྲོད་ནས་ཆོས་སྲིད་ཟུང་འབྲེལ་མིན་པའི་སྒེར་གཅོད་ལམ་ལུགས་སྣ་ཚོགས་ཐོན་པ་རེད།  དེ་འདྲ་ཡིན་ཙང་།  ད་ལྟའི་ཆར་རང་དབང་རིང་ལུགས་ཀྱི་ལྟ་གྲུབ་ཀྱིས་སྒེར་གཅོད་ཀྱི་རྩ་བར་གྱུར་བའི་ཆབ་སྲིད་དབང་ཆ་ལ་དོགས་འདྲི་བྱེད་པ་ལས།  སྒེར་གཅོད་ཀྱི་རྣམ་པ་བྱེ་བྲག་ལ་ངོ་རྒོལ་བྱས་ནས་བློ་ཚིམ་པོར་གནས་ཡོད་པ་མ་ཡིན་ནོ། །  ཆབ་སྲིད་དབང་ཆའི་མཐར་ཐུག་གི་ཕུང་པོ་ནི་རྒྱལ་ཁབ་ཀྱི་འཁོར་ལོ་རེད།  སྔོན་དུ་བརྗོད་ཡོད་པ་ནང་བཞིན།  རང་དབང་རིང་ལུགས་ཡིན་ནའང་འདྲ།  སྒེར་གཅོད་རིང་ལུགས་ཡིན་ནའང་འདྲ།  གཉིས་ཀས་མི་སྒེར་གྱི་དབང་ཆ་འདུས་ནས་སྤྱི་ཚོགས་མཉམ་སྒྲིག་གི་དབང་ཆ་མཐོ་ཤོས་ཞིག་བྱུང་ཡོད་པ་དང་བྱུང་དགོས་པ་ཁས་ལེན་བྱས་ཡོད་རེད།  ད་ལྟ་ང་ཚོས་འདུས་པའི་དབང་ཆ་དེ་ལ་ཆབ་སྲིད་ཀྱི་དབང་ཆ་ཟེར་བ་ཡིན་ལ།  གནས་དུས་མི་འདྲ་བའི་འོག་ནས་ཆབ་སྲིད་དབང་ཆའི་ནང་དོན་ཡང་འདྲ་བ་མིན་མོད་ཀྱང་།  རྣམ་པའི་ཆ་ནས་བཤད་ན་རྒྱལ་ཁབ་ཀྱི་འཁོར་ལོ་ལ་བརྟེན་ནས་ཡོད་པ་རེད་ཅེས་བརྗོད་ཆོག 

༄།  ང་ཚོས་ཤེས་གསལ་ལྟར།   གཅིག་སྡུད་སྲིད་ལུགས་དང་མང་གཙོའི་སྲིད་ལུགས་གཉིས་གྱི་གང་ཡིན་རུང་།  རྒྱལ་ཁབ་ཀྱི་འཁོར་ལོ་ཆེན་པོ་སྐོར་མཁན་ནི་ཉུང་ཤས་ཀྱི་རྩེ་གྲས་ཤེས་ཡོན་པ་ཡིན་དགོས་སྟེ། དེང་རབས་ཀྱི་གཅིག་སྡུད་སྲིད་ལུགས་ཏུ་ཆབ་སྲིད་དབང་ཆ་ཡོད་ཚད་མི་གཅིག་གིས་འཛིན་མི་ཐུབ་ལ།  མང་གཙོའི་སྲིད་ལུགས་ཁྲོད་དུ་ཆབ་སྲིད་དབང་ཆ་ཡོད་ཚད་ལའང་མི་མང་གིས་ཐད་ཀར་མཉམ་ཞུགས་བྱེད་མི་ཐུབ་པ་རེད།  མིའི་སྤྱི་ཚོགས་གནས་སྟངས་དང་ལས་སྣེའི་བགོ་སྟངས་ཀྱི་དགོས་དབང་གིས།  ཆབ་སྲིད་དབང་ཐང་ནི་ཀུན་ལ་མངའ་བའི་ཟོལ་མེད་ཀྱི་དབང་ཆ་ཞིག་ཡིན་ནའང་།  ཆབ་སྲིད་འཛིན་སྐྱོང་ནི་ངེས་པར་ཏུ་ལས་རིགས་ཅན་ཏུ་བསྒྱུར་ནས་རིག་གཅིག་རྐང་འཛིན་ཁ་ཤས་སྟེ་ཆབ་སྲིད་པ་དང་འཛིན་སྐྱོང་མཁས་ཅན་གྱིས་འཛིན་སྐྱོང་དགོས་པ་ཞིག་ཡིན།  དེ་ཡིན་ན་མང་གཙོ་དང་གཅིག་སྡུད་གཉིས་ཀྱི་འཛིན་སྐྱོང་གི་ཕྱི་ཚུལ་ལ་ཁྱད་པར་ཆེན་པོ་མེད་པ་འདྲ་སྟེ།  དེང་གི་རྒྱལ་ཁབ་སོ་སོའི་འཛིན་སྐྱོང་ལ་ལྟས་ན། གཅིག་སྡུད་སྲིད་གཞུང་ལའང་དཔོན་པོ་འོས་འཕེན་བྱེད་པ་ཡོད་སྲིད་ལ།  གཅིག་སྡུད་སྲིད་གཞུང་གིས་ཀྱང་ཁྲིམས་ཐད་འདྲ་མཉམ་དང་མང་མོས་ཀྱི་གླེང་ཕྱོགས་ལ་དོ་སྣང་བྱེད་པ་རེད།    ཡང་ཕྱིའི་རྣམ་པ་དེ་ཙམ་ཡོད་ནས་ན།  མང་པོ་ཞིག་གིས་སྒེར་གཅོད་པ་དང་གཅིག་སྡུད་ལམ་ལུགས་དེ་རིམ་བཞིན་མང་གཙོ་ཅན་དང་རང་དབང་ཅན་དུ་གོང་འཕེལ་འགྲོ་བ་ཡིན་ཞེས་ཁ་ཆད་འཕེན་བཞིན་ཡོད་མོད།  རང་དབང་རིང་ལུགས་སྨྲ་མཁན་རྣལ་མ་ཞིག་ཡིན་ན།  དེ་འདྲའི་སྐྱིད་གཏམ་གླེང་བར་མི་འོས་སྟེ།  དེ་ལས་ལྡོག་པར།  ཕྱི་ཚུལ་འདི་དག་ཡོད་པ་རྒྱུད་ནས་གཅིག་སྡུད་ལམ་ལུགས་ཀྱི་སྲིད་གཞུང་གི་རྩ་བ་སྔར་ལས་ཇེ་བརྟན་དུ་འགྱུར་ཡོད་པ་དང་།  དེ་ཡི་ཆོ་འཕྲུལ་སྔར་བས་གཡོ་སྒྱུ་ཆེ་བར་སོང་ཡོད་པ་ལ་དོགས་པ་ཟ་འོས་པ་ཞིག་རེད། །  དབང་ཆ་དང་ཁེ་ཕན་ལ་སྨྱོ་བའི་ཧམ་པ་ཅན་མང་པོ་ཞིག་ཡོད་པས་ན། མང་གཙོའི་ལམ་ལུགས་ཀྱི་སྲོལ་རྒྱུན་ལྡན་པའི་སྲིད་དབང་མང་པོ་ཞིག་གི་ཁ་མདོག་འགྱུར་ནས་གཅིག་སྡུད་གསར་བའི་ལམ་ལ་འགྲོ་ཉེན་ཀྱང་ཡོད།  རང་དབང་རིང་ལུགས་ཀྱི་གལ་ཆེའི་རང་བཞིན་ནི་འདི་ལས་མངོན་གསལ་དོད་པོ་ཆགས་ཡོད་དེ།  རང་དབང་རིང་ལུགས་ཀྱིས་མང་གཙོའི་སྲིད་ལུགས་དང་གཅིག་སྡུད་སྲིད་ལུགས་གཉིས་ཀ་ལ་ནམ་ཡང་གཟབ་ནན་གྱི་སྒོ་ནས་དོགས་སློང་བྱེད་པ་མ་ཟད།  འགྲོ་མིའི་ཆབ་སྲིད་རང་དབང་གི་ཁོར་ཡུག་རྒྱ་བསྐྱེད་དང་སྲུང་སྐྱོབ་བྱེད་པར་བརྒྱུད་ནས།  རྒྱལ་ཁབ་ཀྱི་འཁོར་ལོ་ཆེན་པོས་ནམ་ཡང་འགྲོ་མི་སྤྱི་སྒེར་གང་རུང་ལ་གནོན་པ་མི་བྱེད་པའི་ཐེགས་པ་ཆེས་ཆེ་བ་དེ་དང་ལེན་བྱེད་ཀྱིན་ཡོད་པ་རེད།  མདོར་བསྡུས་ནས་བཤད་ན།  རང་དབང་རིང་ལུགས་ནི་དབང་ཆ་དང་དེའི་འབྲེལ་ཆགས་ལ་དོགས་སློང་ཉེན་རྟོག་བྱེད་པའི་ལྟ་གྲུབ་ཞིག་རེད། 

༄།  བོད་ཀྱི་ཆབ་སྲིད་ཀྱི་འབྱུང་བ་སྨྲ་སྐབས།  གཏམ་རྒྱུད་འདི་འདྲ་ཞིག་ཡོད་དེ།  སྤྲེའུ་བྱང་ཆུབ་སེམས་དཔའ་དང་བྲག་སྲིན་མོའི་བུ་རབས་ཚ་རྒྱུད་ཤིན་ཏུ་འཕེལ་ནས་མ་རྨོས་ལོ་ཏོག་གིས་ལྟོ་རྒྱགས་མི་འདང་བའི་སྐབས་སུ།  སྤྱན་རུས་གཟིགས་ཀྱིས་སྤྲེའུ་རྒྱུད་དེ་དག་ལ་འབྲུ་རིགས་སྣ་ལྔ་རྨོ་བའི་ཐབས་དང་ས་བོན་གནང་བས།  ཁོ་ཚོ་རྨོས་ཞིང་གི་འབྲས་བུར་བརྟེན་ཆོག་པར་འགྱུར།  དེ་ནས་ཅུང་མ་འགོར་བར།  སྤྲེའུ་རྒྱུད་རྣམས་གདོད་མའི་མི་ལ་འཕེལ་འགྱུར་བྱུང་བ་དང་། བདག་འཛིན་གྱི་སེམས་སྐྱེས་ནས་འགའ་རེས་ལེ་ལོ་བྱས་ནས་ཞིང་མི་རྨོ་བ་དང་། འགའ་རེས་ཞིང་གི་འབྲས་བུ་དེ་དག་རྐུས་ནས་བདག་སྒེར་བྱེད་པ་བྱུང་།  ཡང་ལོ་མང་འགོར་ནས་ན།  མི་བོ་ཚོས་རང་རང་གི་ཁེ་བའི་དོན་དུ་སྟོབས་དང་ཐབས་ཤེས་ལ་བརྟེན་ནས་གཞན་གྱི་ཐོབ་སྐལ་ཀྱང་འཕྲོག་རེས་བྱེད་པ་རེད།  མཐར་འདྲ་མཉམ་ཡོང་བའི་ཆེད་དུ་མང་མོས་ཀྱི་དབང་བསྐུར་ལྟར།  གཤིས་རྒྱུད་དྲང་ལ་བརྩི་བཀུར་ཐོབ་པའི་མི་ཞིག་ངལ་རྩོལ་བཀོད་འདོམས་དང་འབྲས་བུ་བགོ་མཁན་དུ་བཞག་པ་རེད།  དེ་ནི་བོད་ཀྱི་ལོ་རྒྱུས་སུ་སྨྲས་པའི་མངའ་བདག་ཐོག་མའི་བྱུང་ཚུལ་དེ་ཡིན།  སྒྲུང་གི་རྣམ་པ་ཅན་གྱི་གཏམ་རྒྱུད་འདི་ནི་དངོས་བྱུང་ལོ་རྒྱུས་ཞིག་ཡིན་ཚོད་མི་འདུག་མོད།   གཏམ་རྒྱུད་འདི་ཡི་ཤུགས་སྟོན་བྱས་པའི་གནའ་མིའི་ཆབ་སྲིད་ལྟ་བ་ནི་ཤིན་ཏུ་གསལ་བོ་ཞིག་ཡིན་ལ།  ལྟ་བ་དེས་བོད་ལུགས་ཀྱི་ཆབ་སྲིད་རྩ་དོན་དང་དབང་ཆའི་འབྱུང་ཁུངས་ཞིག་གི་རྩ་བ་མཚོན་ནས་ཡོད།  ལྟ་བ་འདི་ལས་ཐོག་མ་ཉིད་ནས་མིའི་སྤྱི་ཚོགས་ཀྱི་འགལ་བ་དང་འཆམ་མཐུན་གཉིས་བསྟན་ཡོད་དེ།  འགལ་བ་ལའང་གཉིས་ཡོད་དེ།  མི་སྒེར་དང་མི་སྒེར་གྱི་ལྷན་སྐྱེས་ཀྱི་དབང་ཤུགས་ལ་ཁྱད་པར་ཡོད་ཕྱིན།  དབང་ཤུགས་ཀྱི་ཁྱད་པར་དེ་འདྲ་ལ་བརྟེན་ནས་གཅིག་གིས་གཅིག་ལ་ཐད་ཀར་བཙན་གནོན་བྱེད་སྲིད་པ་དེ་འགལ་བ་དང་པོ་དང་།  སྤྱི་ཡི་ཁེ་དབང་བགོ་འབྱེད་བྱེད་སྐབས་གཅིག་གིས་གཅིག་ལ་ཐད་ཀར་མིན་པའི་བཙན་གནོན་བྱེད་པ་དེ་གཉིས་པའོ། །  འགལ་བ་དེ་དག་ནི་སྤྱི་ཚོགས་དང་འབྲེལ་བ་བྱས་ཚེ་ད་གཟོད་དོན་འབྲས་འབྱུང་འགྱུར་བ་ཞིག་ཡིན་ཏེ།  གལ་ཏེ་མི་སོ་སོ་ནི་སེང་གེ་ལྟར་རང་རང་གི་ས་ལ་གནས་ནས་འཚོ་བ་སྤྱོད་པ་དང་།  སྤྱི་ཚོགས་ཟེར་བ་ཞིག་མཐུན་སྒྲིག་མ་བྱས་པ་ཡིན་ན།  རང་དབང་དང་འདྲ་མཉམ་ལ་དོན་སྙིང་གང་ཡང་མེད་དེ།  མིའི་རང་དབང་ནི་དེ་ལྟར་ལྟོས་བཅས་སུ་ཚུགས་ཐུབ་པ་དང་ལྟོས་བཅས་སུ་དོན་འགྲེལ་དགོས་པ་ཞིག་ཡིན།  དེ་ནི་གོང་དུ་བརྗོད་ཟིན་པའི་ཨ་རེས་ཏོ་ཏལ་གྱི་ལྟ་བ་དང་ཤིན་ཏུ་མཐུན་པའང་རེད།  སྤྱི་ཚོགས་ཞིག་གི་འཆམ་མཐུན་ནི།  སྤྱི་ཚོགས་རང་གིས་སློང་བའི་གོང་སྨྲས་འགལ་བ་དེ་གཉིས་སེལ་ཆེད་དམིགས་བསལ་དུ་བཟོས་པ་ཞིག་རེད།   ལྟ་བ་འདི་དང་ ཝོའུ་སོ་ ཡི་ལྷན་སྐྱེས་ཀྱི་འདྲ་མི་མཉམ་པ་དང་ ་་ཀུན་སྤྱོད་དང་ཁྲིམས་ཀྱི་ཐད་ནས་འདྲ་མཉམ་་  ཡོད་དགོས་ཚུལ་སྨྲ་བ་ནི་མཚུངས་པ་ཡིན་མོད།  ཝོའུ་སོ་ སོགས་ནུབ་ཕྱོགས་མཁས་དབང་ཚོའི་བཞེད་པ་དང་མི་འདྲ་བ་ནི།  བོད་ཀྱི་ཆབ་སྲིད་ལྟ་བ་འདི་ཡིས་སྤྱི་མཐུན་གྱི་ཁེ་ཕན་ནི་སྤྱི་ཚོགས་ཀྱི་འབྲས་བུ་ཡིན་པ་མི་འདོད་དེ།  ང་ཚོའི་མེས་པོ་དག་གིས་སྤྱི་ཚོགས་དང་མཐུན་གྱི་ཁེ་ཕན་ནི་ལྷན་གཅིག་རུ་བྱུང་བ་འདོད་ཀྱིན་ཡོད།  སྤྱི་མཐུན་གྱི་དབང་ཆ་ནི་ཀུན་གྱིས་བསྐུར་བ་ཞིག་ཡིན་མོད།  སྤྱི་མཐུན་གྱི་ཁེ་ཕན་ནི་སོ་སོའི་ཁེ་ཕན་འདུས་ནས་ཐོན་པ་མ་ཡིན་པར།  དེ་ནི་སྤྱི་ཚོགས་ཆགས་པའི་དེ་མ་ཉིད་ནས་ཏན་ཏན་དུ་ཡོད་པ་ཞིག་ཡིན་ཚུལ་བརྗོད་ཡོད།    ནུབ་ཕྱོགས་ཀྱི་ཆབ་སྲིད་རིག་པའི་ཁྲོད་ནས་སྤྱི་མཐུན་གྱི་ཁེ་ཕན་ནི་སྤྱི་ཚོགས་ཆགས་རྗེས་སྤྱི་མཐུན་གྱི་དབང་ཆ་ལས་བྱུང་བ་ཞིག་ཡིན་པ་བརྗོད་ཡོད་པ་དང་།  སྤྱི་མཐུན་གྱི་དབང་ཆ་མ་འདུས་པ་ཡིན་ན་སྤྱི་མཐུན་གྱི་ཁེ་ཕན་ཟེར་བའང་འབྱུང་ཐབས་མེད་པ་བཤད་ཡོད།  གང་ལྟར་བོད་དང་ནུབ་ཕྱོགས་ཀྱིས་ལྟ་ཚུལ་ལ་མི་འདྲ་བ་ཕྲ་མོ་དེ་འདྲ་ཞིག་ཡོད་པ་བདག་གིས་འདོད་ཀྱིན་ཡོད།  ཕལ་ཆེར་ནུབ་ཕྱོགས་པའི་ལྟ་བ་ལ་རིག་གཞུང་གི་སྐྱོན་འདི་འདྲ་ཞིག་ལྡན་པས་ན།  རང་དབང་རིང་ལུགས་དང་འདྲ་མཉམ་རིང་ལུགས་གཉིས་ཀྱི་གཏད་ཡུལ་རྙོག་པོར་བྱུང་བ་དང་།   ལོ་རྒྱུས་དང་སྐབས་བབ་ཁྲོད་དུ་དེ་གཉིས་ཁ་བྲལ་སོང་བ་དང་།  གཡས་གཡོན་ཕྱོགས་གཉིས་ཀྱི་ཁྱད་པར་བྱུང་བ་མ་ཡིན་ནམ་སྙམ།  འོན་ཀྱང་ང་ཚོའི་སྨྲ་བརྗོད་ཀྱི་གོ་འཕང་ནི་ཤིན་ཏུ་དམའ་བ་ཡིན་པས།  སྐྱོན་དེ་དང་དེའི་སེལ་ཐབས་བོད་ཀྱི་མེས་པའི་ཤེས་རིག་ནས་རྙེད་པ་ཡིན་རུང་ཁོ་ཚོ་ལ་མཛུབ་སྟོན་བྱེད་པའི་གོ་སྐབས་ནི་མ་མཆིས་སོ།    འོན་ཀྱང་བོད་ནུབ་ཀྱི་ཆབ་སྲིད་རིག་པའི་སྲོལ་རྒྱུན་འདི་གཉིས་ལས་ཐུན་མོང་དུ་བསྟན་པ་ནི།  རྒྱལ་ཁབ་ཀྱི་སྲིད་དབང་ནི་མི་བོ་སོ་སོའི་དབང་ཆ་ཕྱོགས་བསྡུས་ཞིག་ཡིན་པས།  དེ་ནི་གནས་སྐབས་སུ་ཆབ་སྲིད་པའི་ལག་ཏུ་བཅོལ་བ་ཡིན་ཙང་།  ང་ཚོས་སྤྱི་ཚོགས་ཀྱི་ཕུང་པོ་འདི་འདྲ་ཆེ་བ་ཞིག་ལ་སོང་ནས་མི་དང་མིའི་བར་གྱི་ཆ་རྒྱུས་ཡོངས་ཁྱབ་ཏུ་བྱུང་མི་སྲིད་པས།  གནའ་བོའི་སྤྲེའུ་ལྟར་ཀུན་གྱིས་ཡིད་ཆེས་ཆོག་པའི་སྤྲེའུ་རྒན་ཞིག་རྦད་ནས་རྙེད་ཐུབ་པ་མིན།  དེ་བས་རང་དབང་རིང་ལུགས་ཀྱིས་དབང་ཆ་དང་དབང་ཆ་འཛིན་མཁན་ལ་དོགས་སློང་དང་ཐེ་ཚོམ་ཟ་བ་ནི་འོས་པ་ཞིག་ཡིན།  ། ཤཀིལར་ གྱིས་རང་དབང་རིང་ལུགས་ལ་དངངས་སྐྲག་གི་རང་དབང་རིང་ལུགས་ཅེས་ནས་རྒྱན་ཚིག་དངངས་སྐྲག་འདི་སྦྱོར་དགོས་དོན་ཡང་།  རང་དབང་རིང་ལུགས་ནི་དབང་ཆའི་ལོག་ཉེན་ལ་དངངས་སྐྲག་བྱེད་པའི་རྐྱེན་གྱིས་བྱུང་བ་སྟོན་པ་དང་།  རང་དབང་རིང་ལུགས་པ་ནི་དབང་ཆ་དང་དབང་ཆ་འཛིན་མཁན་གྱི་བློ་ལ་ནམ་ཡང་འཇིགས་པ་སྐྱེ་བཞིན་པའི་མི་བོ་སྐོར་ཞིག་ཡིན་པ་བསྟན་ཕྱིར་ཡིན་ནོ། །

༄།  རྒྱལ་ཁབ་ཀྱི་འཁོར་ལོ་དེ་ཡིས་སློབ་གསོ།  དམག་སྟོབས།  དཔལ་འབྱོར་སྒྲིག་གཞི།   མཐའ་ན་རིག་གནས་ཕྲ་མོ་དག་གི་འཕེལ་ཕྱོགས་བཀོད་སྒྲིག་བྱེད་ཀྱིན་ཡོད་ན།  དེ་ཡི་ནུས་ཤུགས་ནི་བརྗོད་མི་དགོས་པ་ཞིག་རེད།   མི་སྒེར་དང་བསྡུར་ན་རྒྱལ་ཁབ་ནི་སྲིན་པོ་གཟུགས་སྟོབས་ཆེ་བོ་ཅན་ཞིག་དང་འདྲ་བ་ ཧོ་པེ་སི་ ཡི་བརྩམས་ཆོས་ ལེ་འེ་གདོན་  ནང་ལྟར་རེད།  བརྩམས་ཆོས་འདི་ཡིས་གཞུང་ལུགས་མང་པོ་ཞིག་གི་སྙིང་དོན་ཕྱོགས་གཅིག་ཏུ་བསྡུས་ཏེ་ ཆོས་སྲིད་ཟུང་འབྲེལ་གྱི་ པོ་ཕུ་ བླ་བྲང་གི་སྲིད་དབང་ལ་དགག་པ་རྒྱབ་ཡོད་པ་རེད་མོད།  ང་ཚོས་དཔེ་ཆ་དེ་ལས་བློ་གྲོས་རྙེད་ཐུབ་པ་ནི། མང་གཙོ་དང་སྒེར་གཅོད་སྲིད་ལུགས་གང་གི་གནས་སྟངས་འོག་ཏུ་ཡིན་རུང་།  དབང་ཆ་དང་དབང་ཆ་འཛིན་མཁན་ལ་ནམ་ཡང་དོགས་པ་བྱེད་དགོས་པ་ཡིན་ཏེ།  རྒྱལ་ཁབ་འཁོར་ལོ་ནས་ཚོགས་པ་ཆུང་ཆུང་ཞིག་གི་སྒྲིག་གཞི་བར་གྱི་སྤྱི་འདུས་ཀྱི་དབང་ཆ་གང་ཡིན་ནའང་མི་སྒེར་ཁ་ཤས་ཀྱིས་ལག་བསྟར་བྱེད་བཞིན་ཡོད་པ་ཡིན་ན་དེ་ལ་དབང་ཆའི་རུལ་སོང་བྱུང་ཆོག་པ་དང་། གལ་ཏེ་མི་བོ་སོ་སོ་ལ་རང་དབང་རིང་ལུགས་ཀྱི་ཆབ་སྲིད་འདུ་ཤེས་མེད་པ་ཡིན་ན།  དེ་ཡི་ཐོབ་ཐང་ལ་ཕྱིན་ཅིར་ལོག་པའི་སྤྱི་འདུས་དབང་ཆ་ཡིས་གནོན་པ་སྐྱེལ་ངེས་པ་ཤེས་རྒྱུ་དེ་རེད། 

༄༅།  །སྔོན་དུ་སྨྲས་པ་ལྟར་མི་བོ་སོ་སོ་ཡི་ལྷན་སྐྱེས་གྱི་ནུས་པ་དང་སྦྱོང་བརྡར་བྱས་པའི་བློ་རིག་ལ་ཤིན་ཏུ་འདྲ་མི་མཉམ་པའི་ཁྱད་པར་ཞིག་ཡོད་པས་ན།  རང་བྱུང་གི་ལམ་ཁོ་ནར་སོང་ན། གཅིག་གིས་གཅིག་ལ་གཉའ་གནོན་དང་།  ཚོགས་པ་གཅིག་གིས་ཚོགས་པ་གཞན་ལ་གཉའ་གནོན་བྱེད་པ་ནི་ཡོལ་ཏུ་མེད་པ་ཞིག་རེད།  དེ་བས་ ང་རང་ལ་གཞན་གྱི་གནོན་པ་བྱེད་སྲིད་པའི་ འཇིགས་པ་ཞིག་ཡོད་པས་ན།  མི་ཚོས་ཆབ་སྲིད་ཀྱི་བྱེད་སྒོ་མི་སྤེལ་ཀ་མེད་རེད།  ཆབ་སྲིད་ཀྱི་སྤྱི་མཐུན་དུ་མི་ཆགས་ཀ་མེད་རེད།  ཆབ་སྲིད་དེ་ནུབ་ལུགས་ལྟར་སྤྱི་ཚོགས་ཆིངས་ཡིག་གི་ངོས་ནས་འགྲེལ་ནའང་འདྲ།  བོད་ཀྱིས་གཉའ་ཁྲི་བཙན་པོ་ཁྲིར་གསོལ་བ་ལྟར་ཡི་གེར་མ་ཕབ་པའི་སྤྱི་མཚན་ཞིག་ལ་ངོས་འཛིན་ཞིག་བྱས་པ་ཡིན་ནའང་འདྲ།  དེ་ཡིས་དབང་ཆ་ལ་དགོས་པ་དང་དབང་ཆ་འཛིན་མཁན་ལ་ཀུན་ལས་ལྷག་པའི་ཐོབ་ཐང་ཞིག་སྤྲད་ཡོད་པ་རེད།  འོན་ཀྱང་སྤྱི་ཚོགས་ལ་དེ་འདྲའི་མཚོན་བྱེད་ཙམ་ཞིག་གིས་ཕན་ནུས་ཐོབ་པ་མིན་ཏེ།  ཁྲིམས་ཡིག་བཅའ་ནས་གནའ་བཞག་པ་ཙམ་གྱིས་གཏན་པོ་མིན་ལ།  ཀུན་སྤྱོད་ཚད་ལྡན་གྱི་གཟི་བོར་གནས་མཁན་ཞིག་ཁྲི་ལ་གསོལ་ཀྱང་གཏན་པོ་མིན།  ཁེ་ཕན་གྱི་ཆེད་དུ་སུས་ཀྱང་ཁྲིམས་དང་ཀུན་སྤྱོད་གཏོར་སྤོབས་པ་རེད།  དེ་བས་ན་རྒྱལ་ཁབ་འཁོར་ལོ་ཡི་ཆེས་གལ་ཆེ་བའི་གྲུབ་ཆ་སྟེ་དྲག་པོའི་འཕྲུལ་ཆས་དགོས་པ་ལྟར་བྱུང་བ་ཡིན།  འདི་ནི་ནང་བའི་ཆོས་ལུགས་ནང་བརྗོད་པའི་དྲག་པོའི་གཉེན་པོ་ནི་བྱམས་སྙིང་རྗེ་ཡིན་ཅེས་པ་དང་ཤིན་ཏུ་མི་འདྲ་ཏེ།  སྤྱི་ཚོགས་ཉམས་མྱོང་གི་ངོས་ནས་མི་རིགས་ཡོད་ཚད་ཀྱིས་ཕྱོགས་བསྡོམ་འདྲ་མཚུངས་བྱས་པ་ནི་དྲག་པོའི་གཉེན་པོ་ནི་དྲག་པོ་སྟེ་འཇིགས་སྐུལ་ཡིན་པ་བསྟན་ཡོད།  འདི་འདྲའི་ཁྱད་པར་བྱུང་དོན་ནི།  ནང་པའི་ཆོས་ལུགས་ཀྱིས་མི་ཡི་རང་སྡོམ་ལ་མཐོང་ཆེན་བྱས་ཀྱང་ཡིད་ཆེས་ཡོད་པ་དང་དེ་ཡི་འདུལ་བྱ་ནི་རང་ཉིད་ཡིན་པ་རེད།  སྤྱི་ཚོགས་ཕལ་མོའི་ཁྲོད་དུ་གཞན་ལ་དེ་འདྲའི་བློ་ཁེལ་བྱེད་ཀྱིན་མེད་པ་དང་ཆབ་སྲིད་ཀྱི་འདུལ་བྱ་ནི་རང་མ་ཡིན་པའི་གཞན་པ་དེ་ཡིན་པས་རེད་སྙམ། 

༄།  རྒྱལ་ཁབ་ཀྱི་དྲག་པོའི་སྟོབས་ཤུགས་ནི་སྤྱི་ཚོགས་ཀྱི་ཉེས་ཅན་འབྱུང་འགྱུར་རྣམས་ལ་འཇིགས་སྐུལ་བྱེད་ཆེད་ཡིན་ལ།  ཉེས་པ་བྱུང་རིགས་ལ་ཡོ་བཅོས་བྱེད་ཆེད་ཀྱང་ཡིན།  འོན་ཀྱང་རྒྱལ་ཁབ་འཁོར་ལོ་སྤྱི་དང་བྱེ་བྲག་དྲག་པོའི་འཕྲུལ་ཆས་ལ་དེ་འདྲའི་བྱེད་ནུས་ཡོད་ཀྱང་།  དེ་དག་དམིགས་ཡུལ་ལས་ལྡོག་པར་འགྲོ་བ་ཤིན་ཏུ་སླ་སྟེ།  ཨག་ཏོན་གྱིས་ དབང་ཆ་ནི་རུལ་སོང་ལ་ཞེན་པ་དང་།  ལྟོས་མེད་ཀྱི་དབང་ཆ་དེ་ལྟོས་མེད་ཀྱི་རུལ་བ་ལ་འགྲོ་ཁོ་ཐག་ཡིན་ ཅེས་བསྡོམ་ཚིག་བཞག་ཡོད་པ་ནང་བཞིན།  མི་རྣམས་སྤྱི་ཚོགས་སུ་ཆགས་ཤིང་ཀུན་གྱི་དབང་ཆ་འདུས་ཏེ་དབང་བསྒྱུར་ནུས་པའི་རྩེར་སོན་གྱི་ཆབ་སྲིད་པའི་ལག་ལ་བཅོལ་སྐབས།  ཁོ་ཚོ་ནམ་ཡང་མི་མང་དང་སྤྱི་ཚོགས་ཀྱི་རེ་བ་ལས་ཡོ་ཉེན་ཆེ།  ཁོ་ཚོས་སྤྱི་ཡི་ཁེ་ཕན་གྱི་དོན་དུ་དབང་ཆ་ཐོབ་པ་ཡིན་རུང་།  མཐའ་མ་ཁོ་ཚོས་རང་གི་ཁེ་ཕན་ཁོ་ན་སྒྲུབ་པར་འགྱུར་སྲིད་པ་ཡིན།  ཇོན་ སུ་ཏལ་ཏུ་ མེའུ་ ཡིས་ཀྱང་དེ་དང་འདྲ་བས་མི་མང་གི་རེ་བ་ཙམ་གྱིས་མི་ཆོག་པ་ད་དུང་མི་མང་གི་ལྟ་སྐུལ་དགོས་པ་ཡིན་ཏེ།  མི་མང་གི་ལྟ་སྐུལ་མེད་པའི་སྡེ་པ་གཞུང་གིས་ནོར་ཉེས་ཆེན་པོ་བསགས་ཉེན་ཡོད་ཅེས་བརྗོད་ཡོད་པ་རེད།  དེ་བས་བོད་ཀྱི་མེས་པོ་དེ་ཚོས་ཀུན་སྤྱོད་ཚད་ལྡན་གྱི་མི་རྗེ་ཞིག་ལ་དབང་སྐུར་བྱེད་སྐབས་སམ།  ཡང་ན་རྩ་ཚིག་ཆེན་མོའི་སྐབས་ཀྱི་དབྱིན་ཇི་རྒྱལ་པོ་ལ་ཁྲིམས་ཀྱི་ལྟ་སྐུལ་བྱེད་པ་དེ་དག་ཐམས་ཅད།  ལོ་རྒྱུས་ཉམས་མྱོང་གི་ཁྲོད་ནས་དབང་ཆ་འཛིན་མཁན་ལ་དོགས་གཟབ་དགོས་པའི་བསླབ་བྱ་ཐོབ་ཡོད་པ་རེད།  འོན་ཀྱང་ཁྲིམས་དང་ཀུན་སྤྱོད་ནི་ནམ་ཡང་ནུས་མཐུ་ཅན་ཞིག་མིན་ཏེ།  ང་ཚོས་མི་རིགས་སོ་སོའི་ལོ་རྒྱུས་ལ་ཕྱིར་རྟོགས་བྱེད་དུས།  ནམ་ཡང་ཡ་རབས་ཀྱི་ཁྲིམས་དང་ཀུན་སྤྱོད་ཚད་གཞི་ལས་བསྟན་པ་གཤིག་མཁན་གྱི་སྒེར་གཅོད་པ་མཐོང་ཐུབ་པ་རེད།  ཁོ་ཚོས་ནམ་ཡང་འཇིགས་སྐུལ་གྱི་ཐབས་ཤེས་དེ་མི་མང་ལ་སྤྲད་ནས་རང་གི་སྡུག་རྩུབ་ཀྱི་དབང་བསྒྱུར་རྒྱུན་འཁྱོངས་བྱེད་པ་རེད། 

༄།  སྒེར་གཅོད་པ་དང་སྒེར་གཅོད་སྦས་མ་སྟེ་མང་གཙོའི་སྲིད་ལུགས་འོག་གི་དབང་འབྱོར་པ་ཚོས།  ནམ་ཡང་རྒྱལ་ཁབ་ཀྱི་འཁོར་ལོ་སྤྱི་དང་བྱེ་བྲག་དྲག་པོའི་འཕྲུལ་ཆས་ལ་བསྟེན་ནས་སྤྱི་ཚོགས་ཀྱི་གནད་དོན་ཁག་དག་སེལ་བྱེད་བཞིན་ཡོད་རེད།  གོ་སྐབས་ཡོད་ན་ཁོ་ཚོས་དགེ་བ་ཆེན་པོའི་དོན་དུ་ཉེས་པ་ཆུང་ཆུང་སྒྲུབ་དགོས་ཟེར་ནས་སྤྱི་ཚོགས་ཀྱི་དབང་ཆ་མི་དགེ་བའི་ཕྱོགས་ལ་ཁྲིད་ངེས་རེད།  དཔེར་ན་ད་ལྟ་འཛམ་གླིང་གི་མང་གཙོའི་ཚད་གཞི་ལ་བརྩི་བའི་ཨ་རིའི་སྡེ་པ་གཞུང་ལ་མཚོན་ན།  རང་གི་མི་མང་གི་མཐོང་ཡུལ་དང་ཁྲིམས་ཀྱི་མངའ་ཡུལ་ལས་འདས་པ་ཡིན་ན།  ཀོན་ཐཱ་ན་མཱོ་བཙོན་ཁང་ནང་བྱུང་བའི་ལོག་སྤྱོད་ལ་འཛེམ་མེད་རེད།  སྒེར་གཅོད་སྲིད་གཞུང་ལ་དེ་བས་སྨྲོས་ཅི་དགོས་ཏེ།  སྒེར་གཅོད་ཀྱི་དབང་ཆ་བརྟེན་ས་ནི་མ་གཞི་ནས་མི་མང་ལ་འཇིགས་སྐུལ་བྱེད་པ་དེར་ཐུག་ཡོད་པས་སོ། །  སྡེ་གཞུང་གི་ནུས་པ་ཆེ་དགོས་སྨྲ་བའི་མཁས་དབང་ ལཱོ་ཀི་ ལ་མཚོན་ན།  འཇིག་རྟེན་གྱི་སྲོག་གཅོད།  གནོད་འཚེ།  ཀླད་པ་དཀྲུ་བ་སོགས་ཀྱི་བྱེད་ནུས་ཆེན་པོ་འཛིན་མཁན་གྱི་སྡེ་པ་གཞུང་ལ་ནི།  ནམ་ཡང་ཡིད་ཆེས་བྱེད་རུང་བ་མིན།  བསླར་ཡང་ང་ཚོས་བརྩམས་སྒྲུང་གཅིག་དགུ་གྱ་བཞིའི་བརྗོད་དོན་དང་འབྲེལ་ནས་ལྟས་ན།  མི་མང་གིས་སྤུན་ཟླ་ཆེ་བ་ལ་ཕར་ལྟ་སྐུལ་མ་བྱས་མ་ཐུབ་པ་ཡིན་ན།  སྤུན་ཟླ་ཆེ་བ་ཡིས་མི་མང་ལ་ཚུར་ལྟ་སྐུལ་བྱེད་པ་ངེས།  གཅིག་དགུ་གྱ་བཞིའི་ནང་གི་རྒྱལ་ཁབ་འཁོར་ལོ་ཡིས་འཁོར་བསྐྱོད་བྱེད་སྟངས་དེ་ཡིས།  འབྱོར་མེད་གྲལ་རིམ་ལ་ལྟ་སྐུལ་བྱེད་པ་མ་ཟད།  ཚོགས་པའི་ལས་བྱེད་དང་མཐོ་རིམ་ལའང་ལྟ་སྐུལ་བྱེད་པ་རེད།  དྲག་པོའི་སྟོབས་ཤུགས་ཀྱིས་བཟོས་པའི་འཇིགས་སྐུལ་གྱིས་འབྱོར་མེད་གྲལ་རིམ་གྱི་ངོ་རྒོལ་གོ་སྐབས་བཅོམ་པ་དང་།  ཕྱི་དགྲ་བསམ་བཞིན་ཏུ་དྲངས་ནས་མི་མང་ལ་དེ་བས་སྡུག་པའི་གནས་སྟངས་ཞིག་འབྱུང་སྲིད་པའི་འཇིགས་པ་སྐུལ་བ་ཡིན།  གཅིག་དགུ་གྱ་བཞིའི་ནང་གི་འདི་དག་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྱི་འཇར་མན་དང་གྲང་དམག་སྐབས་ཀྱི་སི་ཏཱ་ལིན་སྲིད་གཞུང་ལ་ཞིབ་འཇུག་བྱས་ནས་བྲིས་པ་ཡིན་ལ།  མང་པོ་ཞིག་གིས་དེ་ནི་ཚན་རིག་རྟོག་བརྗོད་ཀྱི་མ་འོངས་ལུང་སྟོན་རེད་ཟེར་བའང་རེད།  གང་ལྟར།  དེ་ནི་དབང་ཆ་ཕྱིན་ལོག་གི་རྣམ་པ་དངོས་ཞིག་ཡིན་ཏེ།  ཆོས་ལུགས་ནང་གི་ཀུན་སྤྱོད་ཕྱིན་ལོག་འོག་བྱུང་སྲིད་པའི་དམྱལ་བ་དང་ཆ་འདྲ་བ་ཡིན།  མང་པོ་ཞིག་གིས་སྒེར་གཅོད་འོག་གི་རྒྱལ་ཁབ་ལ་མི་ཡུལ་གྱི་དམྱལ་ཁམས་ཅེས་འབོད་པ་དེའང་དོན་དུ་གནས་པ་རེད། 

༄།  རྒྱུན་ལྡན་གྱི་སྤྱི་ཚོགས་ཞིག་ལ་ཕྱི་ཡི་ཉེན་ཁ་ཆེན་པོ་བྱུང་ཞིང་མི་བོ་ཀུན་ལ་འཇིགས་སྣང་གིས་ཁེངས་བ་ཡིན་ན།  ཁོ་ཚོས་འཇིགས་པ་དེ་ཡོལ་ཆེད་རང་གི་དབང་ཆ་དེ་དེ་མ་ཉིད་མི་བོ་ནུས་མཐུ་ཅན་ཞིག་ལ་དབང་སྐུལ་མཛད་ངེས་ཡིན།  དཔེར་ན་ས་སྐྱའི་སྡེ་པ་གཞུང་བཙུགས་པའི་རྒྱུ་རྐྱེན་ནི་ཧོར་གྱི་འཇིགས་སྐུལ་མངོན་སུམ་དུ་བྱུང་བ་ལ་རག་ལས་པ་རེད།  འོན་ཀྱང་མངོན་སུམ་གྱི་འཇིགས་སྣང་འདི་རིགས་བྱུང་བ་ནི་ཉུང་ཉུང་ཡིན།   དེ་བས་སྒེར་གཅོད་པ་དག་གིས་ནམ་ཡང་གཡོ་སྒྱུའི་ཐབས་ལ་བསྟེན་ནས་འཇིགས་པ་ཞིག་རང་གིས་བཟོས་ནས་དེ་ལ་བརྟེན་དེ་རང་གི་དབང་ཆ་རྒྱུན་འཁྱོངས་བྱེད་ཐབས་འཚོལ་བ་རེད།  བརྩམས་སྒྲུང་གཅིག་དགུ་གྱ་བཞིའི་ནང་ནས་སྤུན་ཟླ་ཆེ་བ་ཡིས་མི་མང་ལ་བཙན་འཛུལ་ཡོང་སྲིད་པའི་འཇིགས་པ་བྱེད་པ་ཡིན་ལ།  དབང་ཆའི་སྒྲོམ་གཞི་ནི་འཇིགས་པ་དེ་ལས་སྐྱོབ་ཆེད་འདྲ་བོའི་ཆེད་དུ་བཙུགས་ཡོད་པ་རེད། འཇིགས་སྐུལ་དེ་འདྲའི་འོག་ནས།  དབང་ཆའི་གཅིག་སྡུད་བྱུང་བ་རེད་ལ།  གཅིག་སྡུད་ཀྱི་དབང་ཆ་འཛིན་མཁན་གྱི་སྒེར་གཅོད་པ་བྱུང་བ་རེད།  མ་རྨོས་ལོ་ཏོག་གཞན་གྱིས་རྐུ་བ་ལ་འཇིགས་པ་ནས་ཕྱི་ཡི་བཙན་འཛུལ་ལ་འཇིགས་པ་བྱེད་པ་གང་ཡིན་ཡང་།  དབང་ཆའི་གཅིག་སྡུད་ནི་ཐབས་ཤེས་སུ་གྱུར་ངེས་པ་རེད།  དེ་ཤེས་པས་ན།   སྒེར་གཅོད་པ་ཚོས་འཇིགས་སྐུལ་རྒྱུད་ནས་དབང་ཆ་གཅིག་སྡུད་ཐུབ་ཡོད་པ་རེད།  འོན་ཀྱང་འཇིགས་པ་ཁོ་ན་ཙམ་གྱིས་མི་འོང་སྟེ།   སྒེར་གཅོད་ཀྱི་དབང་ཆ་ལ་རྒྱུན་རིང་ལིང་གཏན་འཇགས་ཀྱི་སྲ་ཚུགས་ཞིག་དགོས་ན་དདུང་བས་ཤེས་གཞན་ཞིག་དགོས་པ་ཡིན་ཏེ་དེ་ལ་དྲིན་བཟོ་ཟེར། །

༄།  ཁྱད་པར་ཏུ།  མང་གཙོ་དང་རང་དབང་གི་ཐ་སྙད་ས་ཁྱབ་རྡོ་ཁྱབ་ཕྱིན་པའི་དེང་གི་དུས་འདིར་མཚོན་ན།  འཇིགས་སྐུལ་ཁོ་ནས་ཐབས་ལ་བསྟེན་ན་སྒེར་གཅོད་སྡེ་གཞུང་གི་འགྲོ་སོང་དང་དཀའ་ལས་ཤིན་ཏུ་ཆེ་བ་ཡིན་པས།  དྲིན་བཟོའི་སྣང་བརྙན་བཞེངས་རྒྱུ་ནི་ཐབས་ཤེས་སྟབས་བདེ་དང་མྱུར་མགྱོགས་ཅན་ཞིག་ཡིན་པ་རེད།  རང་དབང་རིང་ལུགས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ནི་ཚོང་རའི་དཔལ་འབྱོར་རེད།  སྒེར་གཅོད་འོག་གི་སྤྱི་ཚོགས་ལ་ཡང་དག་གི་ཚོང་རའི་དཔལ་འབྱོར་ཞིག་ཡོད་མ་ཡིན་པས།  མི་བོ་སྒེར་གྱི་འཚོ་བའི་རྩ་བ་དག་ཀྱང་སྡེ་གཞུང་གི་སྟངས་འཛིན་འོག་ནས་འགྲོ་བཞིན་ཡོད་པ་རེད།  དེ་འདྲིའི་གནས་སྟངས་ལ་ལོབ་པའམ་བསྟུན་པར་བྱས་པ་ཡིན་ན།  དོན་དུ་མི་སྒེར་གྱི་བདེ་སྐྱིད་དང་ཐོབ་པ་དག་སྡེ་པ་གཞུང་གིས་གནང་བ་ཞིག་ཏུ་འཁྲུལ་རྟོགས་བསྐྱེད་པ་ཡིན་ལ།  སྒེར་གཅོད་པ་དག་གིས་ཀྱང་དེ་ལྟར་དྲིལ་བསྒྲགས་བྱེད་པ་རེད། དཔལ་འབྱོར་གྱི་དྲིན་བཟོས་མ་ཚད།  སྒེར་གཅོད་པ་ཡིས་ད་དུང་རང་ལ་ཀུན་སྤྱོད་ཀྱི་ཡོན་ཏན་ལྡན་པར་རྫུས་སྲིད་ལ།  དེ་ལ་བསྟེན་ནས་ཆབ་འོག་གི་མི་མང་ལ་ཀུན་སྤྱོད་ཀྱི་བཀའ་དྲིན་གནང་ཁུལ་བྱེད་པ་ཡིན།  དཔེར་ན་གནའ་བོའི་རྒྱ་ནག་གི་ཀོང་ཚེ་བྱ་བ་དེ་ཡིས་རུའུ་ལུགས་ཀྱི་བཤད་རྒྱུན་སྤེལ་ནས།  གཅིག་སྡུད་ལམ་ལུགས་ཀྱི་དབང་བསྒྱུར་ལ་ཀུན་སྤྱོད་ཀྱི་ཡོན་ཏན་སྤྲས་པ་དང་།  ཀུན་སྤྱོད་འགྲེལ་བརྗོད་ཀྱི་སྨྲ་དབང་ལག་ཏུ་དམ་པོར་བཟུང་བ་ན།  སྒེར་གཅོད་པ་དག་གིས་མི་བོ་ལ་དཔལ་འབྱོར་གྱི་བུ་རམ་སྦྱིན་ཆོག་པ་མ་ཟད།  ད་དུང་བསམ་བློའི་བདེ་འཇགས་དང་ཡིད་ཆེས་སྐྱེ་རུ་འཇུག་ཐུབ་པ་རེད།  ཀླད་པ་བཀྲུས་ཟིན་པའི་མི་བོ་ཞིག་ལ་མཚོན་ན།  ཀུན་སྤྱོད་ནི་རང་གི་ལྷན་སྐྱེས་ཀྱི་སྟོབས་ལས་འཕེལ་ཐུབ་པའི་ཡོན་ཏན་ཞིག་ཡིན་པ་མཐོང་མི་ཐུབ་ལ།  ཀུན་སྤྱོད་ནི་བདམས་ཀ་ཞིག་ཡིན་པ་དེ་བས་རྟོགས་མི་ནུས།  ཁོ་ཚོར་མཚོན་ན། ཀུན་སྤྱོད་ནི་གོང་གི་དྲིན་གྱིས་རང་ལ་ལེགས་བཅོས་བྱས་ནས་ཐོན་པ་ཞིག་ཡིན་པས་མ་ཟད།  ཀུན་སྤྱོད་ནི་ཆབ་དབང་གི་འགྲེལ་བརྗོད་ཁོ་ན་ལ་བསྟུན་དགོས་ཏེ།  ཆབ་དབང་གི་འགྲེལ་བརྗོད་དང་མི་མཐུན་པའི་བསམ་བློ་ནི་ལོག་སྤྱོད་དུ་བསམ་བཞིན་ཡོད་པ་རེད། 

༄།  དེ་བས།  སྒེར་གཅོད་ཀྱི་འོག་ན།  བདེ་བ་ཡོད་ཚད་ནི་སྒེར་གཅོད་ཀྱི་དྲིན་ཏུ་བཤད་ཡོད་ལ།  སྒེར་གཅོད་དང་བྲལ་ན་སྡུག་བསྔལ་གང་མང་སྦྱོར་བའི་འཇིགས་པ་ཡོད་པ་བཤད་ཡོད་རེད།  དེ་འདྲའི་ཕྱིན་ཅི་ལོག་པའི་སྒྲིག་ལམ་ཞིག་ལ་རྒོལ་བ་དང་སྔོན་འགོག་བྱེད་ཆེད།  རང་དབང་རིང་ལུགས་ཀྱིས་ནམ་ཡང་མི་བོའི་ལྷན་སྐྱེས་ཀྱི་རང་དབང་ལ་མེལ་ཚེ་བྱེད་པ་ཡིན་ལ།  ཐབས་ཤེས་ནི་དབང་ཆའི་འཁོར་བསྐྱོད་ལ་ཡིད་ཆེས་མི་བྱེད་པ་དེ་ཡིན་ནོ། །

བཙན་པོ་དྲ་བ་ཚང་གིས་འཐད་པ།  མ་བཅོས་པ།  རྩོམ་ཁུངས་གསལ་བཤད་ཚང་བ་བཅས་ཀྱི་སྔོན་འགྲོའི་འོག་དྲ་ལམ་བརྒྱུད་སྐུར་གང་མོས་བྱེད་ཆོག

དེབ་རིགས་ཏུ་འགོད་རྒྱུ་ཡིན་ན་1091476001@qq.comལ་འབྲེལ་བ་གནང་རོགས།