ཁྲི.མཆོད་ཀོང་། (ནང་ཆེན)

མི་ཆེན་འགའ་ཞིག་གི་བསྟོད་རའི་ཡིག་འབྲུ་རེ་ཟུང་རག་པ་ཙམ་གྱིས་ལོ་རྒྱུས་ཀྱི་སྒྲུབ་བྱེད་དང་བདེན་དཔང་གང་ཡང་མི་དགོས་པར་ཕོ་ཚོད་ཀྱིས་གང་བྱུང་དུ་ཐག་གཅོད་པའི་ལོ་རྒྱུས་ཉམས་ཞིབ་པ་ཞིག་གིས་བྲིས་པའི”བོད་ཀྱི་ལོ་རྒྱུས་ཀྱི་གསར་བརྗེ”ཞེས་པའི་ནང་གི་ལེ་ཚན་ཞིག་གིས་རྩོམ་པ་པོའི་ངོ་གདོང་དང་ལྗིད་ཚད་འཇལ་བ།

སྤྱིར་ང་ཚོར་བསམ་ཡས་དགོན་པའི་གདན་རབས་དང་ལོ་རྒྱུས་ཡིད་ཚིམས་པོ་ཞིག་དང་ཞིབ་ཚགས་དོད་པོ་ཞིག་མེད་ལ་འདིའི་སྐོར་རེ་ཟུང་ཡོད་པ་དག་ཀྱང་ཆོས་ལུགས་པའི་མི་སྣ་དག་གིས་བྲིས་ཤིང་བསྒྲིགས་ཡོད་པ་ཤ་སྟག་ཡིན་པས་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ཙམ་ལའང་འགྲོ་དཀའ་བོ་རེད།

བཤད་འགྱུར་གྱི་བསམ་ཡས་དགོན་པའི་དུས་སྐབས་འདི་ནི་ཆེས་བསམ་རིན་ཡོད་པ་ཞིག་དང་དེའི་སྐབས་ཀྱི་གནས་ཚུལ་ཏན་ཏན་ཤེས་རྟོགས་བྱེད་དགོས་པ་ཞིག་རེད། སྐབས་དེ་ནི་བོད་ཀྱི་རྒྱལ་རབས་སོ་བརྒྱད་པ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སྲིད་སྐྱོང་བའི་དུས་དང་བོད་ཀྱི་མངའ་ཐང་དང་དཔུང་སྟོབས་ཀྱང་ཡ་གླིང་ནས་ངོ་གནོང་མི་དགོས་པའི་ཚད་དུ་ཡོད།

འོན་ཀྱང་རིམ་གྱིས་རང་གི་རྒྱལ་ཁབ་ཀྱི་ཕྱི་དགྲ་འགོག་རྒོལ་དང་བོད་ཀྱི་བཙན་པོ་གོང་མ་དག་གི་རླབས་ཆེན་ལས་དོན་མུ་མཐུད་མཇུག་སྐྱོང་བྱེད་རྒྱུ་དེ་ཨང་གཉིས་པར་བརྩིས་ཤིང་གནའ་བོའི་བོད་ཀྱི་གདོད་མའི་ཆོས་ལུགས་དང་ཕྱི་ཆོས་སངས་རྒྱས་ཆོས་ལུགས་གཉིས་ཀྱི་ཁེ་ཕན་གྱི་དོན་དུ་ནང་ཁུལ་ནས་ཁྱོད་ཤི་ང་གསོན་གྱི་ལས་འགུལ་ཡ་ང་བ་ཞིག་སྤེལ་ཞིང་བློན་ཆེན་པོ་རྟག་ར་དང་མ་ཞང་སོགས་ཀྱི་རྩ་ཆེ་བའི་ཚེ་སྲོག་དག་བེད་སྤྱོད་གང་ཡང་མེད་པར་ཕྱི་མའི་ལྔ་ལམ་དུ་དྲངས་ཤིང་གནམ་རིའི་ཡན་ཆོད་ཀྱི་བཙན་པོ་དག་གི་འདས་པོའི་བརླ་བཙང་ཞིང་གཤེན་རབ་ཀྱི་སྟོན་པ་གཤེན་རབ་མི་བོ་ཆེར་གཏན་དུ་ངོ་ལོག་ཏེ་བོན་པོའི་ཆོས་ལུགས་ལ་ཁུར་མི་འདོད་པའི་སྐྱོ་གར་དང་བྱེད་མི་རུང་བའི་ལས་འགུལ་ཞིག་མི་འདོད་བཞིན་མགོ་ཐོག་ཏུ་ཕབ་པ་རེད།

ད་དུང་སྐབས་དེར་རྒྱ་ནག་ཧ་ཤང་གི་གྲུབ་མཐའ་ཞིག་གིས་ཀྱང་བོད་དུ་ཟིང་ཆ་གང་མང་བསླངས་ཡོད་པ་སོགས་མདོར་ན་དུས་སྐབས་དེ་ནི་བོད་ཀྱི་ཆེས་གནད་འགག་གི་དུས་རབས་ཤིག་དང་ང་ཚོས་ད་ལྟའི་ཆར་ཅིས་ཀྱང་ཤེས་རྟོགས་དགོས་པའི་རྒྱལ་རབས་ཀྱི་ལེའུ་ཞིག་ཀྱང་ཡིན།

འདི་ནས་གང་བཤད་འདོད་པ་ནི་ན་ནིང་དགུན་ཁ་དཔེ་མཛོད་ཁང་ཞིག་ནས་བན་ཤུལ་དཔལ་རྒྱལ་ཟེར་བའི་ལོ་རྒྱུས་ཉམས་ཞིབ་པ་སྒྲུབ་བྱེད་དང་ཁུངས་ལུང་ཅི་ཡང་མེད་ཀྱང་ཧམ་བཤད་ཀྱི་ལོ་རྒྱུས་འབྲི་ཆོག་མཁན་དེས་བྲིས་པའི”བོད་ཀྱི་ལོ་རྒྱུས་ཀྱི་གསར་བརྗེ”ཞེས་པའི་དེབ་ཅིག་ལ་ཐུག་པས་མིང་དང་དཀར་ཆག་དེ་ཚོར་བལྟས་དེ་ཉོས་པ་ཡིན། འོན་ཀྱང་བར་སྐབས་ལུས་ཏེ་ད་རེས་གཞི་ནས་ཆ་ཚང་བཀླགས། གང་ལྟར་དེས་བྲིས་པའི་དཔྱད་རྩོམ་དག་ལ་ཞིབ་ཀྱིས་བལྟས་ན་སྒྲུབ་བྱེད་དང་བདེན་དཔང་ཆེན་པོ་མེད་ཀྱང་ཧམ་པ་དང་ཁ་ཕོ་ཙམ་གྱིས་ལོ་རྒྱུས་ཀྱི་གནད་མང་པོ་ཐག་གཅོད་ཀྱིན་འདུག་པ་ནི་ཀུན་གྱིས་ཤེས་གསལ་རེད་ལ།
སྤྱིར”བོད་ཀྱི་ལོ་རྒྱུས་ཀྱི་གསར་བརྗེ”ཞེས་པའི་དེབ་དེར་གཞི་རྩའི་ཆ་ནས་དཔྱད་གཞི་དང་དཔྱོད་སྟངས་སོགས་ལ་ཧ་ཅང་དོན་སྙིང་ལྡན་པ་ཞིག་ཡིན་འདུག་པར་མ་ཟད། དེའི་ནང་དུ་སྐད་ཆ་གནད་ཕིགས་པ་ཡང་མང་བོ་འདུག

དེབ་དེའི་ནང་དུ”བསམ་ཡས་དགོན་པའི་རིག་གནས་ཀྱི་སྐོར”ཞེས་པའི་ལེ་ཚན་ཞིག་འདུག་ཅིང་དེའི་ནང་དུ་པདྨ་འབྱུང་གནས་སྐབས་དེའི་བོད་ཀྱི་མི་རྟ་བཅོ་བརྒྱད་ཀྱིས་དོང་འཕངས་འཕྲང་དུ་སྐུ་བཀྲོངས་པའི་གནས་ཚུལ་ཞིག་བཀོད་འདུག་ལ། དོན་དངོས་སློབ་དཔོན་སྐུ་བཀྲོངས་པའི་བདེན་དཔང་དང་སྒྲུབ་བྱེད་ལ་དོན་ཚན་བདུན་ཙམ་བགྲང་འདུག

འདི་ནས་གསལ་བཤད་བྱེད་དགོས་པ་ཞིག་ལ་སྤྱིར་སློབ་དཔོན་པདྨ་འབྱུང་གནས་ཀྱི་མི་ཚེའི་ལོ་རྒྱུས་ནི་སྐབས་དེའི་བོད་དང་བོད་ཀྱི་བཀའ་རྙོག ཆབ་སྲིད་སོགས་ལ་འབྲེལ་བ་ཆེས་ཆེར་ཡོད་པ་ཞིག་ཡིན་པ་མ་ཟད། ང་ཚོས་སྐབས་དེའི་ལོ་རྒྱུས་ཆོས་ལུགས་དང་དད་པའི་དབང་དུ་མ་ཤོར་བ་ཞིག་བྱས་ནས་གླེང་དགོས་ན་ངེས་པར་པདྨ་འབྱུང་གནས་ཀྱང་ང་ཚོ་དང་འདྲ་བའི་མི་ཕལ་བ་ཆབ་སྲིད་ཀྱི་དམིགས་ཡུལ་ཅན་གྱི་གསང་བའི་མི་སྣ་ཞིག་གི་ཚད་དུ་བཞག་ནས་བཤད་ཅིང་གླེང་དགོས་པར་ཆགས་ཡོད།

དེ་ལྟ་ནའང་ང་ཚོས་དེའི་སྐོར་གྱི་ལོ་རྒྱུས་སྤྱིའི་འཐད་ལམ་དུ་འགྲོ་བའི་དཔྱད་གླེང་བྱེད་པར་ཁུངས་ལུང་དང་རྒྱབ་བརྟེན་སོགས་མང་བོ་ཞིག་དགོས་པས་བདག་གིས་ཀྱང་ད་སྔོན་པདྨ་འབྱུང་གནས་ཀྱི་གསང་བའི་ལས་དོན་ལ་ཅུང་ཙམ་རེ་ཆ་རྒྱུས་ཡོད་པ་ལས་ཁོང་དོན་དངོས་བོད་མིས་སྐུ་བཀྲོངས་ཚུལ་དང་དེའི་ལྟག་རྒྱབ་ཀྱི་ལོ་རྒྱུས། བྱུང་རིམ་ལ་ཚང་མས་ཁས་ལེན་ཐུབ་པ་ཞིག་བཤད་ཐུབ་ཀྱི་མེད་པ་དང་བཤད་ཤེས་ཀྱི་མེད་པར་མ་ཟད། ས་གནས་ཤིག་དམིགས་ཀྱིས་བཟུང་ནས་བོད་མིས་སྐུ་བཀྲོངས་ཡོད་པའི་སྒྲུབ་བྱེད་དང་རྒྱབ་བརྟེན་ནི་དེ་བས་ཀྱང་མེད། ལར་ནི་ངས་ཀྱང་འདི་ནས་ཁོང་གིས་སྐབས་དེའི་བོད་རྒྱལ་ཁབ་ཀྱི་སྲིད་གཞུང་ནས་ཆབ་སྲིད་ཀྱི་ལས་ཀ་ལ་མང་བོ་ཞིག་མངོན་ལྐོག་གང་རུང་ནས་སྤེལ་ཞིང་དེའི་བར་ལག་ནས་རྒྱ་གར་དང་བོད་གཉིས་ཀྱི་མི་སྣ་གལ་ཆེན་མང་བོའི་རྩ་ཆེ་བའི་ཚེ་སྲོག་དག་ཤོར་ཡོད་པ་སོགས་གཞིར་བཞག་ནས་ཁོང་སྐུ་བཀྲོངས་ཡོད་པའི་ངེས་ཤེས་ཙམ་གྱིས་དེའི་སྒྲུབ་བྱེད་ཁུངས་བཙན་ལ་བདེན་དཔང་རྨང་མཐུག་པ་ཞིག་རྙེད་ན་ཅི་མ་རུང་སྙམ་ནས་དེའི་སྐོར་དོ་སྣང་བྱེད་པ་ཙམ་ཡིན།

འོན་ཀྱང་བན་ཤུལ་བས་གསལ་ཁ་མེད་པའི་ལོ་རྒྱུས་ཀྱི་གནད་མང་བོ་ཞིག་ལ་ནམ་ཡང་སྒྲུབ་བྱེད་དེ་ཙམ་མེད་ནའང་ཅི་བྱུང་གང་བྱུང་དུ་ཐག་གཅོད་ཀྱི་འདུག་པའི་གོམ་གཤིས་ཤིག་འདུག་པས་ད་ལྟའི་སློབ་དཔོན་པདྨ་འབྱུང་ཡང་དེའི་གྲས་སུ་བཞག་ནས་ཐག་བཅད་དེ། སྒྲུབ་བྱེད་དང་བདེན་དཔང་ལ་དོན་ཚན་བདུན་ཙམ་བགྲང་མོད། འོན་ཀྱང་ཁོས་བགྲང་འདུག་པའི་དོན་ཚན་དེ་དག་གིས་གཙོས་པ་དག་ནི་སུས་ཀྱང་ད་སྔོན་ཐེ་ཚོམ་ཟ་ཡུལ་ཙམ་དུ་གྱུར་ཟིན་པ་དང་། ཡང་ན། གནད་དེ་དག་ཤེས་ཤིང་རྟོགས་ཡོད་ནའང་སྒྲུབ་བྱེད་དང་བདེན་དཔང་གི་གྲས་སུ་བརྩི་རིན་མེད་པའི་ཚད་དུ་ཡོད་པ་ནི་ལོ་རྒྱུས་ལ་དོ་སྣང་མཁན་ཞིག་ཡིན་ནས་བཟུང་ཕལ་ཆེར་ཤེས་ནས་ཡོད་སྲིད།

སྤྱིར་ནི་པདྨ་འབྱུང་གནས་བོད་དམག་གིས་སྐུ་བཀྲོངས་པའི་སྐད་ཆ་འདི་ཐོག་མར་བཤད་མཁན་ནི་དུང་དཀར་བློ་བཟང་འཕྲིན་ལས་ལགས་ཡིན་ཚོད། འོན་ཀྱང་ཁོས་དེབ་དེའི་ནང་གི”བསམ་ཡས་དགོན་པའི་རིག་གནས་ཀྱི་སྐོར”ཞེས་པའི་ལེ་ཚན་དེའི་མགོ་ནས་སྦ་བཞེད་རིགས་མི་འདྲ་བ་ཁག་དང་བཀའ་ཐང་སྡེ་ལྔ་སོགས་གུང་བསྒྲིགས་ནས་ཞེས་ཅི་འདྲའི་གནད་ཕིགས་པ་ཞིག་བཤད་ཡོད་ན་སྙམ་པའི་ཚོར་སྣང་བ་ཞིག་ངང་གིས་སྐྱེ་འོང་ནའང་། དངོས་དོན་འབབ་སའི་ཐོག་ཏུ་གོང་དུ་བཤད་པའི་དོན་ཚན་བདུན་པོ་དེ་རེད། འོན་ཀྱང་དོན་ཚན་དེ་དག་རེ་རེ་བཞིན་བསེད་དཀྲོལ་བགྱིས་ཏེ་བཤད་ན་ཡིག་ཚོགས་མང་དྲགས་པས་འདིར་གནད་བསྡུས་ཀྱིས་སྒྲུབ་བྱེད་འཐད་ལྡན་དུ་མི་འགྲོ་བའི་ཚུལ་ཞུས་ན།

གཅིག

སྐབས་དེར་སློབ་དཔོན་པདྨ་འབྱུང་གནས་རྒྱལ་བློན་ཁག་དང་ཐུགས་མ་མཐུན་པ་ཙམ་གྱིས་སྐུ་བཀྲོངས་པར་བཤད་པ་འདི་ནི་ཆེས་རྒྱུ་མཚན་མེད་པ་ཞིག་དང་སྐབས་དེའི་ལོ་རྒྱུས་ཡིད་རྟོན་རུང་བ་ང་ཚོས་ད་ལྟའི་མཐོང་ལམ་དུ་གྱུར་བ་དག་ལས་དོན་དངོས་ཀྱི་ངེས་ཤེས་གསལ་བོ་མ་ལོན་པའི་རྟགས་མཚན་ཞིག་འདུག དཔེར་ན་སྐབས་དེའི་བོན་གྱི་ཁ་འཛིན་བློན་ཆེན་ཁག་ལས་གཞན་བོད་བཙན་པོའི་རྒྱལ་བོ་དང་སློབ་དཔོན་གཉིས་ཀྱི་འབྲེལ་བ་གང་འདྲ་ཡིན་པ་ནི་ང་ཚོས་ཤེས་གསལ་ཡིན་ཏེ་སྐབས་དེར་ཁྲི་སྲོང་རང་གི་སྙིང་ཉེ་བའི་ཆུང་མ་ཡང་སློབ་དཔོན་ལ་ཕུལ་བའི་ཚུལ་འདི་ནས་ཁོང་གཉིས་ཐུགས་མཐུན་མིན་གསལ་བོ་ཤེས་བཞིན་པ་འདི་རེད་སྙམ། ད་དུང་འདིའི་སྐོར་ལ་སྦ་བཞེད་རིགས་མི་འདྲ་བ་དག་ལས་གནད་ཁ་ཤས་དྲངས་ནས་བཤད་རྒྱུ་མང་བོ་འདུག་ཀྱང་དགོས་པ་དང་དགེ་ཆེན་པོ་མེད།

གཉིས།

དཔོན་བློན་རྣམ་གྱིས་བོད་ཀྱི་ཆབ་སྲིད་རྒྱ་གར་གྱིས་འཕྲོག་པར་དོགས་ནས་སྐུ་བཀྲོངས་བའི་ཐད་ལ་ལྐོག་གྲོས་ཐེངས་གསུམ་བྱས་ཞེས་བཤད་པ་འདིར་སྐབས་དེར་དཔོན་བློན་རྣམ་གྱི་སེམས་སུ་བོད་ཀྱི་ཆབ་སྲིད་རྒྱ་གར་གྱིས་འཕྲོག་འགྲོ་བའི་དོགས་པ་ཡོད་ཚུལ་སྐོར་གྱི་ཡིག་ཚང་གི་རྒྱབ་བརྟེན་དྲངས་མི་འདུག་པའམ་ཡང་ན་འདྲེན་རྒྱུ་མེད་པ་དང་། ད་དུང་ལྐོག་གྲོས་ཐེངས་གསུམ་བྱས་ཞེས་པའི་སྐབས་འདིར་གྲོས་མི་ཚོས་གནད་དོན་གང་ལ་བསམ་ནས་ལྐོག་འཛོམས་བྱས་ཏེ་གྲོས་གང་དག་བྱས་ཡོད་མེད་ལ་ཡིག་ཚང་ཁག་ཏུ་ཅི་ཡང་གསལ་ཁ་མེད་པ་དང་འཐད་ལྡན་སྒྲུབ་བྱེད་མེད་བཞིན་དུ་པདྨ་འབྱུང་གནས་སྐུ་བཀྲོངས་པའི་སྒྲུབ་བྱེད་དུ་བགྲང་བ་ནི་ལོ་རྒྱུས་ཉམས་ཞིབ་པ་ཞིག་གི་བྱེད་ལུགས་གཏན་ནས་མ་རེད་པས་འདིར་བཤད་རིན་ལར་ནས་མི་འདུག

དད་པ་དག་སྣང་དང་ངོ་དགའ་སྤྲེལ་ལད་ཀྱི་དབང་དུ་མ་སོང་བར་བྱས་ནས་ད་སྔོན་གྱི་ཆོས་འབྱུང་གཙོ་གྲས་དག་ལ་ཞིབ་ཀྱིས་བལྟས་ཤིང་སྐབས་དེའི་རྒྱ་བོད་གཉིས་ཀྱི་འབྲེལ་ལམ་ལ་བསམ་བསམ་ཞིགས་ཡང་ཡང་བགྱིས་ཏེ་ཡོང་ན་ཅིས་ཀྱང་དོག་པ་གཟོད་མི་ཐུབ་པ་མང་བོ་ཞིག་ལ་འཐུག་འོང་ནའང་རང་སེམས་ཀྱི་ཚོར་བ་དང་རླུང་ཤུགས་ཀྱི་དབང་དུ་ཤོར་ཏེ་སྒྲུབ་བྱེད་དང་བདེན་དཔང་ཅི་ཡང་མེད་པར་ཧམ་བཤད་ཙམ་གྱིས་ཐག་ཆོད་པ་ཞིག་རྩད་ནས་མ་རེད་སྙམ། འདི་ལ་ཡིག་ཚང་ཁག་གི་རྒྱབ་བརྟེན་དང་རིག་ལམ་གྱི་སྒྲུབ་བྱེད་འཐད་ལྡན། བདེན་དཔང་སོགས་མང་བོ་ཡོད་དགོས་ལ།

གསུམ།

རྟག་དམག་བཅོ་བརྒྱད་སྐུ་བཀྲོང་བའི་ར་མདར་ཐོན་པ་དང་གསུམ་ཞེས་པ་འདིར་ཡང་ཡིག་ཚང་གི་རྒྱབ་བརྟེན་ཅི་ཡང་མེད་ཚོད། གལ་ཏེ་འདི་ལ་ཡིག་ཚང་དང་དངོས་གཙོའི་རིགས་ལམ་གྱིས་སྒྲུབ་བྱེད་འཐད་ལྡན་ཞིག་ཡོད་ན་ཅིས་ཀྱང་བསམ་དགོས་ས་ཞིག་རེད།

བཞི།

སྤྱིར་ས་ཆའི་མིང་ཐོགས་དོན་ཙམ་ལའང་ལོ་རྒྱུས་ཀྱི་ངོས་ནས་བཤད་ན་དགེ་མཚན་ཆེན་པོ་ཡོད་མོད། དོན་ཚན་འདིའི་ས་ཆའི་མིང་ཐོགས་དོན་ཙམ་ལ་བསམས་ནས་སྐུ་བཀྲོངས་བའི་སྒྲུབ་བྱེད་དུ་བགྲང་འདུག་པ་ནི་གད་མོ་ཤོར་བ་ཞིག་རེད།

ལྔ།

སྦ་བཞེད་དུ་བྱུང་བ་བཞིན་ཁོང་གིས་ནུབ་ཕྱོགས་སྲིན་པོའི་ཡུལ་དུ་སྲིན་པོ་འདུལ་བར་ཕེབས་དགོས་སྐོར་སོགས་གསུང་ཡོད་བཞིན་དུ་དེར་ད་དུང་མཛད་འཕྲིན་འགོད་རྒྱུ་མི་འདུག་ཅེས་བཤད་དེ་འདི་ཙམ་སྒྲུབ་བྱེད་དུ་བཀོད་པ་ནི་རང་ཉིད་སྐྱེ་བ་སྔ་ཕྱི་དང་འཇིག་རྟེན་དང་དག་ཞིང་གི་རྣམ་བཞག་ཁས་ལེན་ཅིང་ཆོས་ཞེན་རབ་ཏུ་ཆེ་བ་ཞིག་གི་ངོས་ནས་བཤད་ན་ངོ་མཚར་བ་ཞིག་མ་ཡིན་ནམ། འདིར་འདྲེན་དུ་རུང་བའི་དད་པའི་ཚིག་རིས་ཁ་ཤས་འདུག་ནའང་ཡིག་ཚོགས་མང་དྲགག་པ་དང་ཁས་ལེན་ཐུབ་པ་ཞིག་མ་རེད་སྙམ།

དྲུག

ད་དུང་ལྷོ་ནུབ་སྲིན་པོའི་ཡུལ་ཞེས་པ་དེ་འཇིག་རྟེན་སྟེང་གི་ཡུལ་དངོས་གནས་པ་ཞིག་མ་ཡིན་པར་བསྟན་པ་དང་དྲུག་ཅེས་པའི་དགག་ཚིག་ཀྱང་གོང་དུ་ཡར་འདུ་བར་བྱ།

ང་ཚོས་དག་ཞིང་གི་རྣམ་བཞག་དང་སྐྱེ་བ་སྔ་ཕྱིའི་རྣམ་བཞག་སོགས་ཁས་ལེན་གྱི་ཡོད་དུས་གང་དེ་འཇིག་རྟེན་སྟེང་གི་ཡུལ་དངོས་གནས་པ་ཞིག་མ་ཡིན་པར་བསྟན་པ་ཙམ་ལ་བསམ་ན་དཔལ་སྤྲུལ་དང་ཀློང་ཆེན་སོགས་ཀྱི་འཇིག་རྟེན་དང་དག་ཞིང་གི་རྣམ་བཞག་བསྟན་པ་དེ་དག་ཀྱང་ཁས་ལེན་མི་ཐུབ་པར་འགྱུར་བ་དང་། དེས་ན་ཁོས་ད་སྔོན་ཁས་ལེན་ཕྱོགས་དང་རིག་པ་སྐོར་ཕྱོགས་དག་ཡོད་ཚད་ནས་ཡོད་ཚད་ལོག་ལམ་དུ་ཕྱིན་ཟིན།

བདུན།

ཕ་ཡུལ་དུ་ཕེབས་ཁའི་མགུར་མ་ཕྱིས་སུ་བསྒྲིགས་པ་རྣམས་ལ་ཞལ་ཆེམས་ཞེས་མིང་འདོགས་དོན་དང་བདུན་ཞེས་པ་འདི་ནི་སྒྲུབ་བྱེད་དུ་འགྲོ་བ་ཕར་ཞོག་རང་གི་ཁོག་པའི་ནང་གི་ལོ་རྒྱུས་ཀྱི་ཤེས་ཚད་ལ་འགྲེལ་བ་རྒྱག་བྱེད་ཅིག་ཏུ་འགྲོ་གི་མེད་དམ་སྙམ།
འདི་ལ་གསལ་བཤད་ཅི་ཡང་བྱེད་མི་དགོས་པར་འདུག

རང་གིས་ཀྱང་གནད་དོན་གང་ཞིག་གི་སྒྲུབ་བྱེད་འཐད་ལྡན་དང་བདེན་དཔང་འཇོག་རྒྱུ་མེད་ཅིང་ཡིག་ཚང་གསལ་བོ་འགོད་རྒྱུ་མེད་པར་ཐག་མ་ཆོད་པར་ཐེ་ཚོམ་ཟ་ཡུལ་དུ་གྱུར་པའི་གནད་དོན་དག་དེ་ལས་ཟབ་པའི་གནད་དོན་གཞན་ཞིག་གི་སྒྲུབ་བྱེད་དུ་བགྲང་ཐུབ་པ་ནི་ཧ་ལས་དགོས་པ་ཞིག་མ་ཡིན་ནམ།

རྫོགས་སོ།།

བོད་ཤིང་ལུག་ལོའི་ཟླ་དགུ་པའི་ཚེས་བཅུ་བཞི་ཉིན་དང་སྤྱི་ལོ2015/11/5ལ་སྦྱར།