ལོ་རྒྱུས་སྣེ་འབྲེལ་གྱི་ཚོད་ལྟའི་དཔྱད་རྩོམ།

ཁྲི.མཆོད་ཀོང་། (ནང་ཆེན)

རྩོམ་འདི་ནི་ཚོད་ལྟའི་ཚུལ་དང་ཐོག་མའི་གླེང་སློང་བ་ཙམ་ཡིན། མི་རིང་བར་འདིའི་ནང་གི་གནས་དོན་དག་ཞིབ་ཀྱིས་འཛམ་གླིང་རིག་གནས་རྩོམ་རིག་འཕེལ་ཕྱོགས་དང་ཟབ་ཀྱིས་སྦྲེལ་ནས་བསྐྱར་འབྲི་བྱེད་ཆར་ཡོད།

ང་ཚོར་ད་ལྟའི་ཆར་མི་རིག་རིང་ལུགས་ཀྱི་རྩོམ་རིག་བཤད་དུ་རི་བ་ཞིག་རྩད་ནས་མེད་མོད། འོན་ཀྱང་ང་ཚོའི་གནའ་བོའི་མགུར་གླུ་དང་གཏེར་ཡིག རྡོ་རིང་དང་བྱང་བུ། ཤིང་ཡང་སོགས་ཀྱི་ངོས་སུ་ཡོད་པའི་གནའ་རྩོམ་དག་ནི་མིའི་རིག་ཤེས་ཀྱིས་ཟིན་ཞིང་མི་གཙོ་བོར་བཟུང་བའི”མི་གཙོ་རིང་ལུགས”ཀྱི་གནའ་རྩོམ་དུ་ངོས་བཟུང་དགོས་ལ། དེ་ཚོའི་རྩོམ་པ་པོ་དག་ཀྱང་ས་ཁུངས་དང་བདག་དབང་གཡུལ་འཁྲུགས། བདག་འཛིན་སོགས་ཀྱི་འདུ་ཤེས་དང་ཉམས་མྱོང་ཅན། མི་རིགས་ཀྱི་རིག་ཞེན་ཅན་ཁོ་ན་ཡིན་པ་ལས་མི་ལས་ལྷག་གཙོ་བོར་འཛིན་པ་དང་སྐྱེ་བ་འདི་ལས་སྐྱེ་བ་ཕྱི་མ་གཙོ་བོར་འཛིན་མཁན་ལར་ནས་མིན་པས་དེ་དག་ནི་དོན་དངོས་གནའ་རབས་ཀེ་རི་སེའི་མི་རིག་རིང་ལུགས་ཀྱི་རྩོམ་རིག་ཚབ་མཚོན་རྩོམ་པོ”ལ་ལོ་ལེ”ཡིས་”གྱད་མིའི་གཏམ་རྒྱུད”དུ་བཞེངས་བསྐྲུན་བྱས་པའི་དཔའ་བོ་དང་གྱད་མི་དག་དང་ཆ་འདྲ་བ་ཞིག་ཏུ་ངོས་བཟུང་ཆོག་སྙམ། དེ་མིན་ང་ཚོའི་དུས་ཕྱིས་ཀྱི་རྩོམ་རིག་རྒྱུད་འཛིན་མཁན་ཆེ་ཁག་ནི་ཆོས་རྒྱུད་ཆེ་ཁག་གི་བླ་ཆེན་དང་མཁན་ཆེན་དག་ལས་གཞན་མི་ཆོས་དང་མི་གཙོ་བོར་བཟུང་ནས་འབྲི་མཁན་དང་བྲིས་པ་ཧ་ལམ་མཐོང་དུ་མེད་པའི་ཚོད་ཡིན། དེ་དག་གིས་བྲིས་པ་དང་སྤེལ་བ་དག་ཀྱང་ལྷ་དང་ཞིང་ཁམས་སྐྱེ་བ་སྔ་ཕྱི་སོགས་གཙོ་བོར་བཟུང་ནས་བྲིས་པ་ལས་གཞན་མིའི་ནུས་སྟོབས་དང་རིག་ཤེས། རང་བདག རྟོག་སད་བདག་འཛིན་སོགས་ཀྱི་རྣམ་བཞག་བྲིས་པ་ནི་མཐོང་དུ་མེད། ད་དུང་དེ་དག་གིས་མིའི་ནུས་སྟོབས་ཀྱིས་ལྷ་ལ་འགྲན་ཐབས་མེད་པ་དང་ལྷ་དང་དཀོན་མཆོག་ནི་མིའི་མགོན་དང་མི་ནི་ཁོང་ཚོའི་ལག་འོག་ཏུ་ཡོད་པ་གཞིར་བཞག་ནས་བྲིས་པ་ཁོ་ནར་མ་ཟད། དེ་དག་གིས་གཙོ་བོར་བདག་འཛིན་གྱི་འདུ་ཤེས་སྡིག་སྒྲིབ་ཀྱི་གྲས་སུ་བརྩིས་ཤིང་ལུགས་མཐུན་ཆགས་སྲེད་ཡང་ཉེས་པ་དང་རྨོངས་པའི་གྲས་སུ་བཞག་ནས་མི་ནི་མ་གཞི་ནས་ཅི་ཡང་མི་འཇོན་པ་དང་གང་ཡང་མི་འགྲུབ་པའི་ཚད་ནས་ལྷ་ནི་དེའི་སྣེ་ཁྲིད་མཁན་དང་དབང་སྒྱུར་མཁན་ཞིག་ཏུ་བཞེངས་བསྐྲུན་བྱས་ནས་ཡོད།

དེ་ཡང་ནུབ་ཀྱི་རིག་གནས་དང་རྩོམ་རིག་གི་མགོ་ཁུངས་དང་ཐོག་མའི་ས་བོན་འབུས་ས་ནི་གནའ་རབས་ཀེ་རེ་སེར་ཁས་ཆེ་ཞིང་། ད་དུང་གནའ་རབས་ཀེ་རེ་སེའི་རྩོམ་རིག་ནི་ནུབ་ཀྱི་རིག་གནས་ཀྱི་ཞིང་ས་རླབས་ཤོས་ཡོ་རོབ་རྩོམ་རིག་གི་འབྱུང་ཁུངས་ངོ་མ་ཡང་ཡིན། དེ་བཞིན་དུ་ང་ཚོའི་གནའ་བོའི་རིག་གནས་དང་རྩོམ་རིག་གི་འབྱུང་ཁུངས་དང་གནའ་བོའི་བླུན་རྨོངས་ཀྱི་མུན་ཁུག་ནས་ཐོག་མའི་རང་བདག་རང་སྐྱོང་དང་མི་རིག་རིང་ལུགས་ཀྱི་རྩོམ་རིག་དང་རིག་གནས་ཀྱི་ལྗང་སྨྱུག་འབུས་ས་ཡང་གནའ་བོའི་པ་ཀི་སི་ཐན་གྱི་ས་གཤོས་ནས་མར་མར་ཆགས་པའི་ཞང་ཞུང་དང་། གངས་རིའི་འདབས་གཤོས་དེ་ཚོ་ཡིན་པར་མ་ཟད། གནའ་བོའི་བོན་གཤེན་རབ་མི་བོ་ཆེ་ནི་ང་ཚོའི་ཆེས་ཐོག་མའི་རླབས་ཆེན་གྱི་རིག་ཤེས་ཅན་དང་ཆོས་ལུགས་ཀྱི་སྲོག་ཞུགས་ཅན་ཞིག་ཡིན། དེ་ལྟ་ནའང་། ཁོང་མི་རིགས་རིང་ལུགས་ཀྱི་རྩོམ་རིག་གམ་མི་གཙོ་བོར་བཟུང་ཞིང་སྐྱེ་བ་ཕྱི་མ་ལས་སྐྱེ་བ་འདི་གཙོ་བོར་བཟུང་མཁན་གྱི་གྲས་སུ་འཇོག་ཏུ་མེད། དེ་ལྟ་དེའི་ཕྱིར། ང་ཚོའི་ཆོས་ལུགས་གསར་རྙིང་གཉིས་ཀ་དང་ཆོས་ལུགས་སྲོལ་དུ་ཆགས་ཤིང་དེའི་བག་ཆགས་དང་རྨོངས་པ། ད་དུང་སྲིད་བོན་གྱི་རྨོངས་པའི་དམངས་སྲོལ། ལྷག་ཏུ་ནང་ཆོས་ཀྱི་རླབས་ཤུགས་ཀྱིས་ཡོད་ཚད་འགམ་པའི་ལམ་ག་ལ་གྱེན་རྒོལ་བཟོས་ཤིང་དེ་དག་གི་ཁ་ཤུན་ཕུད་ཐོག་དོན་དངོས་ཀྱི་ང་ཚོའི་རིག་གནས་དང་རྩོམ་རིག་ལ་བསྐྱར་དུ་ཞིབ་བལྟ་བཟོས་ཤིང་འཛམ་གླིང་གི་རྩོམ་རིག་འཕེལ་ཕྱོགས་དང་གཤིབ་བསྡུར་བཟོས་ཏེ་མི་རིག་རིང་ལུགས་ཀྱི་རྩོམ་རིག་གི་སྤྱི་ཁོག་ཙམ་རྟོགས་ཐབས་བྱེད་དགོས། དེ་ནི་ཅིས་ཀྱང་གལ་ཆེན་ཞིག་ཡིན་པར་མ་ཟད། ང་ཚོའི་མིའི་རིགས་ཀྱི་རང་བདག་འདུ་ཤེས་ཀྱིས་བསླས་པའི་བདག་འཛིན་ཅན་གྱི་ན་གཞོན་ཚོའི་འགན་ཞིག་ཀྱང་ཅི་ལ་མིན།

དེས་ན་ཐོག་མར་ང་ཚོའི་བོད་མི་རིགས་ཀྱི་རིག་གནས་རྩོམ་རིག་གི་གི་རྒྱུན་དང་དེའི་སྤྱི་ཁོག་འཛམ་གླིང་ལོ་རྒྱུས་རིག་གནས་རྩོམ་རིག་གི་དུས་རབས་མི་འདྲ་བ་ཁག་དང་བསྡུར་ནས་བསྐྱར་བལྟ་བྱེད་དགོས་ལ། གོང་ནས་ཞུས་པ་བཞིན་ང་ཚོའི་གནའ་རྩོམ་དག་ཕུད་ཐོག་མི་རིགས་རིང་ལུགས་ཀྱི་རྩོམ་རིག་བཤད་དུ་རི་བ་ཞིག་མེད། དེ་ཡང་དུས་ཕྱིས་ཀྱི་རྩོམ་རིགས་དག་ནི་ཡོད་ཚད་ནང་ཆོས་ཀྱི་སྤྱི་ཁྲིམས་ལས་ལོགས་སུ་བརྒལ་ཐུབ་མེད་པས། དེ་དག་ལས་བཤད་བྱ་ནི་མིའི་ནུས་སྟོབས་དང་རིག་ཤེས་རང་རྟོན་དང་བདག་དབང་སོགས་ལས་གཞན་པའི་དཀོན་མཆོག་དང་ལྷ། ཞིང་ཁམས་དང་དམྱལ་བ་དགེ་བ་དང་སྡིག་པའི་རྣམ་གཞག་གི་འཚང་ཁའི་བར་གསེང་ནས་མིའི་ཆགས་སྲེད་ལ་བཀག་སྡོམ་དང་རྣམ་ཤེས་ཀྱི་ཆ་ཤས་སྡིག་སྒྲིབ་ཏུ་ངོས་བཟུང་ནས་རྒྱུན་བསྐྱངས་ཤིང་སྲོག་གྲུབ་པ་ཞིག་རེད། དེའི་ཕྱིར་ད་ལྟའི་ང་ཚོའི་ན་གཞོན་ཚོ་ང་ཚོའི་མིའི་རིགས་ཀྱི་རིག་གནས་རྩོམ་རིག་ལ་ཞེ་ཕམ་འོང་བ་དང་ཡིད་སྐྱོ་འོང་བ་ཞིག་གི་ཚད་དུ་ཡོད། དཔེར་ན་གནའ་བོའི་ཀེ་རེ་སེའི་མཚན་ཉིད་རིག་པ་བ”ཕུ་ཐ་ཀི་རཱས”མི་ནི་སྣོད་བཅུད་ཐམས་ཅད་ཀྱི་ཚད་གཞི་ཡིན”ཞེས་བཤད་པ་དེ་ནི་དངོས་དོན་གནད་ལ་ཁེལ་བའི་སྡོམ་ཚིག་ཅིག་ཡིན་པར་མ་ཟད།
འཛམ་གི་གནའ་བོའི་ཤེས་རིག་གི་ཞིང་ས་གཤིན་པོ་ཀེ་རེ་སེའི་བདག་འཛིན་དང་རང་བདག་ཀྱི་འདུ་ཤེས་དྲག་ཏུ་འཕྱུར་བའི་མཚོན་རྟགས་ཤིག་ཀྱང་ཡིན། འོན་ཀྱང་སྤྱི་ཡོངས་ནས་འཛམ་གླིང་གི་རིག་གནས་རྩོམ་རིག་འཕེལ་ཕྱོགས་ལ་བསམ་ན་དུས་རབས་ཀྱི་ཆ་ནས་གསུམ་དུ་བགོས་ཤིང་གནའ་བོའི་མི་གཙོ་རིང་ལུགས་ཀྱིས་བདག་འཛིན་དང་རིག་ཤེས་རང་བདག་དང་རང་རྟོན་གྱི་དུས་རབས་དེའི་རིག་གནས་རྩོམ་རིག་གི་དུས་རབས་གཅིག་དང་། དེ་ནས་ཡོ་རོབ་རྩོམ་རིག་གི་མགོ་ཁུངས་སུ་བཟུང་བའི”ཤི་པོ་ལེ”ཡིས་སྔར་གྱི་རྩོམ་རིག་གི་རྒྱུན་དེར་ཡེ་ཤུའི་ཆོས་ལུགས་ཀྱི་བསམ་བློ་དང་དགོངས་པ་བཏགས་ནས་སོང་བས་དེ་ནས་བཟུང་ཕལ་ཆེར་སྔར་གྱི་མི་རིག་རིང་ལུགས་ཀྱི་དྲག་ཏུ་འཕྱུར་བའི་རྩོམ་རིག་དེ་རིམ་བཞིན་ལྷ་དང་དཀོན་མཆོག་དག་ཞིང་དང་སྡིག་སྒྲིབ་སོགས་ཀྱི་རྣམ་བཞག་གི་གསེང་ནས་མཚོ་ལ་ཁ་བ་ཐིམས་པ་བཞིན་དུ་གྱུར་བའི་དུས་རབས་གཅིག་དང་། འོན་ཀྱང་འདི་ནས་གསལ་བཤད་བྱེད་དགོས་པ་ཞིག་ལ་གོང་གི”ཤི་པོ་ལེ”ཡི་བསམ་བློ་དང་དགོངས་ཕྱོགས་དེ་མཐའ་གཅིག་ཏུ་ཡེ་ཤུའི་ཆོས་ལུགས་ཁོ་ནས་ཟིན་པ་ཞིག་དང་མིའི་ལྷན་སྐྱེས་ཀྱི་འདོད་སྲེད་བཀག་འགོག་གི་འདུ་ཅན་ཞིག་མ་ཡིན་པར་དེ་ནི་ཡོབ་རོབ་རྩོམ་རིག་གི་མགོ་ཁུངས་ལྟ་བུ་དང་ཕྱིས་ཀྱི”མི་རིག་རིང་ལུགས”ཀྱི་རྩོམ་རིག་ཡང་ཀེ་རེའི་རོ་མའི་གནའ་རབས་རིག་གནས་དང་ཁོའི་སྔར་གྱི་བསམ་བློ་གཉིས་འདུས་པ་ལས་བྱུང་བ་ཞིག་རེད་འདུག དེ་ནས་ད་ལྟའི་ང་ཚོས་ལེབ་ངོས་སུ་ལྟོས་འཇོག་གིས་ཧ་ལས་ཤིང་ཧང་སངས་དགོས་པའི་རིག་རྩལ་བསྐྱར་དར་ཞེས་པའི་མེ་ལྕེ་དེ་མཆེད་པའི་བསམ་བློའི་རླབས་ཤུགས་དེས་སྔར་གྱི་འདོད་སྲེད་བཀག་འགོག་དང་མིའི་ནུས་སྟོབས་དང་བདག་དབང་རྣམ་ཤེས་དང་བདག་འཛིན་སོགས་ལ་མཐོང་ཆུང་བཟོས་པའི་བསམ་བློ་དེ་རྨིག་མེད་དུ་བཅོམས་ཤིང་རིག་རྩལ་བསྐྱར་དར་གྱི་མེ་ལྕེ་དེ་ཕྱོགས་གང་སར་མཆེད་པའི་དུས་རབས་ཏེ་གསུམ།

དེ་ཡང་རིག་རྩལ་བསྐྱར་དར་ནི་ཤེས་རིག་གི་རླབས་རྒོད་ཅིང་ཆོས་ལུགས་ཀྱི་རྨང་མཐུག་སའི་ཡོབ་རོབ་གླིང་གི་རིག་གནས་ཀྱི་དཀྱོགས་མཚམས་ཆེ་ཤོས་ཤིག་ཡིན་པར་མ་ཟད། གོང་གི”ཤི་པོ་ལེ”ཡི་ཡེ་ཤུའི་ཆོས་ལུགས་དང་འགྲོགས་པའི་རིག་གནས་དང་འགལ་བ་ཆེན་པོ་བྱུང་། འདི་ལྟར་འཛམ་གླིང་གི་རིག་གནས་རྩོམ་རིག་གི་འཕེལ་ཕྱོགས་ལ་བསམ་ནས་ང་ཚོར་བསྐྱར་བལྟ་ཐེངས་ཤིག་བྱས་ན་དེ་ནི་ཆེས་འཇིགས་སུ་རུང་བ་ཞིག་དང་ཆེས་བློ་ཕམ་འོང་བ་ཞིག་རེད། འོན་ཀྱང་བློ་ཁ་ནང་དུ་བཀོལ་ནས་གནའ་བོའི་ལོ་རྒྱུས་རིག་པ་དང་སྦྲིལ་ནས་ཞིབ་ཀྱིས་བསམ་བློ་བཏང་ནས་ཡོང་ན་ང་ཚོར་ཡང་གནའ་བོའི་དུས་སུ་བདག་འཛིན་གྱི་འདུ་ཤེས་དང་རང་བདག་གི་བསམ་བློ། རྣམ་ཤེས་ལ་བརྩི་བཀུར་དང་བདག་འཛིན་གྱིས་ཟིན་པའི་གྱད་མི་སོགས་མི་གཙོ་རིང་ལུགས་ཀྱི་རྩོམ་རིག་གི་སེམས་ཁམས་དང་འདུ་ཤེས་ཅན་དང་དེའི་བསམ་བློ་ཡང་དྲག་ཏུ་འཕྱུར་ཡོད་པས་ད་ལྟའི་ང་ཚོའི་ས་ཁུངས་དང་བདག་དབང་གི་ཁྱབ་རྒྱ་ཡང་འདི་ལྟར་ཆེ་བ་རེད། དེ་ཡང་ཡིན་ཏེ་བཙན་པོ་བོད་ཆེན་པོའི་གནའ་བོའི་གྱད་མི་དང་དཔའ་རྒོད་རིག་ཤེས་ཀྱིས་ཟིན་པ་དང་བདག་འཛིན་གྱིས་བསླས་པའི་བསམ་བློ་བ་སོགས་ནི་ཆོས་ལུགས་དང་དཀོན་མཆོག་དག་ཞིང་། དགེ་སྡིག་གི་རྣམ་བཞག་དེ་ཚོས་ལྷད་མེད་ཀྱི་མིའི་བདག་འཛིན་གྱི་འདུ་ཤེས་ཅན་ཁོ་ན་ཡིན།

དེ་ལྟ་ནའང་ཕལ་ཆེར་བོད་རྒྱལ་དགུ་བའི་དུས་ཙམ་ནས་བཟུང་སྔར་གྱི་མེ་ལྕེ་བཞིན་མཆེད་པའི་བསམ་བློ་དེ་ཉམས་མགོ་ཚུགས་ཤིང་རྒུད་མགོ་བརྩམས་སོང་། འོན་ཀྱང་ད་དུང་དེའི་སྐབས་སུ་མགོ་བརྩམས་པ་དང་ལྟས་ཚང་བ་ཙམ་ལས་སྔར་གྱི་དཔའ་རྒོད་དང་གྱད་མི་དག་གིས་སླར་ཡང་ས་ཁུངས་བདག་དབང་དང་མི་གཙོ་རིང་ལུགས་ཀྱི་ངོས་ནས་བདག་འཛིན་གྱི་འདུ་ཤེས་ལ་མཐའ་གཅིག་ཏུ་ཁེན་ནས་མིའི་སེམས་ཁམས་དང་ནུས་སྟོབས་ལས་ལོགས་སུ་དཀོན་མཆོག་དང་ལྷ་ཆེན་ཞིག་མེད་པར་ཡོད་ཚད་མི་རང་གིས་ཐག་བཅད་པ་དང་མཚམས་བཞག་པའི་རིག་ཤེས་དང་བསམ་བློ་ནི་སྔར་བཞིན་དུ་གནས། དེ་ནས་དུས་རབས་བདུན་པའི་ནང་ཙམ་ནས་བཟུང་ཕལ་ཆེར་སྔར་གྱི་བསམ་བློ་དེར་ཆེས་འཇིགས་སུ་རུང་བའི་བསམ་བློ་གཞན་ཞིག་གིས་ཚ་འདེད་གཏོང་གིན་ཡོད། འདིའི་སྐོར་ནས་ངས་ད་སྔོན་ལོ་རྒྱུས་དཔྱད་རྩོམ་གཞན་ཞིག་ཏུ་ཞིབ་ཀྱིས་བཤད་ཡོད་པས་འདིར་མི་སྤྲོ། དེ་ལྟ་ནའང་ང་ཚོར་དེ་ནས་བཟུང་འཛམ་གླིང་གི་རིག་རྩལ་བསྐྱར་དར་གྱི་བསམ་བློའི་མེ་ལྕེ་ལྟ་བུ་ཞིག་ལར་ནས་མཆེད་མ་ཐུབ་མེད་པ་དང་། གནད་རྩ་འདི་ཡིན། སྐབས་དེའི་རྒྱལ་ཁབ་མི་འདྲ་བ་དག་གིས་ཚ་ཚ་འུར་འུར་གྱི་ངང་ནས་སྤེལ་གྱིན་པའི་མིའི་ཐོབ་ཐང་ལས་ལྷའི་ཐོབ་ཐང་ལ་ངོ་རྒོལ་བྱས་པ་ལྟ་བུ་དང་མིའི་འདོད་སྲེད་ནི་མིའི་ལྷན་སྐྱེས་ཀྱི་ཐོབ་ཐང་དང་ལུགས་མཐུན་ཡིན་པར་ངོས་བཟུང་བ་སོགས་དཔེར་ན”བྷོ་ཁ་སིའོ”ཡི”ཉིན་བཅུའི་གཏམ་གླེང”ལྟ་བུ་དང་། “སེ་ཝན་ཐ་སི”ཡིས ” ཐང་ཅི་ཁེ་ཏེ” ལྟ་བུ། “པ་ལོ་ལེ”ཡིས”གྱད་མིའི་གཏམ་རྒྱུད”ལྟ་བུ་སོགས་ཅི་ཡང་བྱུང་མ་ཐུབ།

དེ་ལྟ་དེའི་ཕྱིར་སྔར་གྱི་དུས་ཚིགས་དེ་ནས་ད་ལྟའི་བར་ང་ཚོའི་རིག་གནས་རྩོམ་རིག་གི་རྨང་རྡོ་སྔར་གྱི་དེ་ལས་བརྗེ་སྤོ་བྱས་མེད་པ་དང་
བྱེད་ཕོད་མེད་པས་ད་ལྟའི་ཤེས་རིག་དང་རིག་གནས་ཀྱི་མེ་ཏོག་བཀྲ་བའི་འཛམ་གླིང་གི་མཐོང་འདི་ནས་ང་ཚོ་ནི་ད་དུང་འདི་ལྟར་མིའི་འདུ་ཤེས་དང་བདག་འཛིན། བདག་དབང་དང་རིག་ཤེས་སོགས་ལ་མཐོང་ཆུང་བྱས་ཤིང་དེ་དག་མིའི་སྡིག་སྒྲིབ་ལ་ངོས་བཟུང་ནས་མཐའ་འཁོབ་ཏུ་གླད་ཡོད། དེ་ནས་དུས་རབས་བཅུ་གཉིས་ཕྱིན་ཆོད་ཀྱི་གྲངས་གཞལ་དུ་མེད་པའི་དཔེ་པོད་དག་ནི་མདོར་དྲིལ་ནས་ཞུས་ན་མི་ནི་རྩ་བའི་ཆ་ནས་བདག་འཛིན་དང་བདག་དབང་རིག་ཤེས་དང་ཆགས་སྲེད། ད་དུང་ཐོབ་ཐང་དང་ནུས་སྟོབས་སོགས་ལས་ཐར་ཐུབ་ཐབས་དང་དེ་དག་མཁོ་མེད་ཡིན་ཚུལ་དང་། དེ་དག་ཡོད་ཚད་མིའི་སྡིག་སྒྲིབ་དང་ཉེས་པའི་གྲས་སུ་བཞག་ཅིང་། མིས་ལྷ་དང་དཀོན་མཆོག་ལ་འགྲན་མི་ཐུབ་པ་དང་། ལས་དབང་གི་དྲོད་རུམ་ནས་དཀོན་མཆོག་ལ་ལྷ་ལ་སྒུག་དགོས་པ་ལས་མིས་ཅི་ཡང་མི་འཇོན་ཚུལ་དང་གང་ཡང་མི་འགྲུབ་པའི་ཚུལ་རྐྱང་རྐྱང་གི་སྣེ་བསྡམས་ཤིང་སྲོག་ནས་གྲུབ་པ་ཁོ་ན་རེད།

རྫོགས་སོ།།

འདིའི་ནང་གི་གནད་དོན་དག་རེ་རེ་བཞིན་གསེད་ཅིང་དཀྲོལ་བགྱིས་ནས་བསྐྱར་འབྲི་བཟོ་ཆར་ཡོད་པས་སུས་སེམས་ལ་དོགས་སྣང་ཤར་སྲིད་ན་མི་དེས་མཆན་རེ་འགོད་རྒྱུའི་རེ་བ་ཞིག་ཡོད།

ཞེས་ཁྲི.མཆོད་ཀོང་ནས་བོད་ལུག་ལོའི་ཟླ་བཅུ་པའི་ཚེས་བཅུ་དགུའི་ཉིན2015.11.30ཁམས་ཀྱི་འབྲོག་སྡེ་ཆེན་མོ་ཞིག་ནས་སྦྱར།