བོད་ཡིག་དྲ་ངོས་འདི་གར་མ་སླེབས་པར་ཡུན་རིང་བོ་ཞིག་འགོར་བས། ཐ་ན་བོད་ཡིག་གཏགས་སྟངས་ཀྱང་ཅུང་མི་གོམས་པའི་ཚད་དུ་ལྷུང་འདུག དེང་སང་གང་སར་སྐད་ཐོར་སྣ་ཚོགས་མཐོང་རྒྱུ་འདུག་པས། དྲ་ངོས་སུ་འོལ་ཚོད་ཀྱིས་བཅར་བ་ཡིན། ཐོག་མར་མཐོང་བ་ནི་བླ་མ་ཙོང་ཁ་བའི་གློག་བརྙན་དང་རུས་ཀྲང་ཅན་གྱི་ཚོང་བ་ཞིག་གི་གནས་སྟངས་རེད་འདུག
དང་པོ།
དེ་ཡང་གློག་བརྙན་ཞེས་པ་འདི་བོད་ཁམས་སུ་བལྟས་ཡོང་ན་ཅུང་གསར་བའི་ཚུལ་དུ་སླེབས་པའི་གནས་ཤིག་རེད་ལ། ཉམས་མྱོང་དང་གོ་རྟོགས་ཀྱི་ཚད་ནས་ཀྱང་དེ་བཞིན་རེད་མོད། འོན་ཀྱང་ཚོང་ལས་ལྷག་བསམ་དུ་བསྙད་པའི་བོད་མི་ཤེས་རབ་ཅན་རེ་ཟུང་གིས་ཕབ་སྐྲུན་གྱི་ལས་གཞི་གང་འཚམ་རེ་རྒྱ་ནག་གི་རྣམ་གྲངས་ཟེར་བའི་ལྐོག་ཇུས་དེའི་འོག་ནས་གང་སར་བཀྲམ་དང་འགྲེམ་བཞིན་འདུག་ལ། ཁ་ཤས་ནི་ས་ཆའི་ཚོད་ཀྱི་རི་དྭགས་ཀྱི་དཔེ་བཞིན་ཡག་པོ་རེད་བསམ་གྱིན་ཡོད། རེད་དེ། རྫོང་སར་མཁྱེན་བརྩེ་ཞུ་བའི་མི་ཕོ་ཤེས་རབ་ཅན་དེས་བོད་སྲོལ་ཆོས་ལུགས་དང་ཡུལ་གོམས་མཚོན་པའི་གློག་བརྙན་ཕོར་བ་དང་ཆང་ཧུབ་གང་འཐུང་རྗེས་ཀྱི་འཁྲུལ་སྣང་སོགས་འཁྲབ་པས་རྒྱལ་སྤྱིའི་སྡིངས་ཆ་ཟེར་ན་དཀའ་མོད་དེ། འོན་ཀྱང་ང་ཚོར་དགའ་བ་ཚོའི་མིག་ལམ་དུ་ལེགས་མཚོན་གྱི་རྣམ་པ་ཞིག་ཏུ་གྱུར་ཡོད་པ་སུ་ལའང་གསང་ཐུབ་བྲལ། ད་ཐེངས་ཡང་སྤྲུལ་སྐུ་ཁོང་དང་མཁན་པོ་ཆོས་རྒྱམ་རྣམ་གཉིས་ནས་རྗེ་ཙོང་ཁ་བའི་རྣམ་ཐར་གློག་བརྙན་འཕྲིན་གང་རུང་དུ་ཕབ་རྩིས་ཡོད་པ་ཐོས་འཕྲལ་ཕྱོགས་གང་མང་ལ་ས་གཡོ་བའི་རྣམ་པ་ལྟ་བུའི་འཇིགས་ཟིལ་བྱུང་སྟེ། རང་ས་གནས་སུ་མིང་ཡོད་མེད་ཉིས་ཆའི་ཁ་ལག་ཡོངས་སུ་འདར་ཏེ་རིས་ཆད་ཀྱི་ཡིག་འཆལ་སྣ་ཚོགས་གང་སར་བཀྲམ་འདུག་པས་སྐྱོ་སྣང་བན་བུན་གྱིས་བློ་ཕམ་པོ་བྱུང་ཡང་ཁ་མ་གྲག་པར་བསྡད་པ་ཡིན། འོན་ཀྱང་མདང་དགོང་ཡང་གྲོགས་པོ་ཞིག་གི་སྐད་འཕྲིན་བར་ཁྱམས་ལས་རྫ་ཆུའི་འཇམ་བློ{འཇམ་དཔལ་བློ་ཤེས}ལ་བསྐུར་ཟེར་བ་ཞིག་མཐོང་བས་རྐྱེན་བྱས་ཏེ་སྐད་ཆ་ཁ་ཤས་བཤད་འདུན་སྐྱེས་སོང་།
སྤྱིར་བླ་མ་ཙོང་ཁ་བའི་སྐུ་ཡོན་གྱི་དབང་ཚད་དེ་སུ་ལའང་སྒེར་གཅོད་བྱེད་པའི་རང་དབང་ཡོད་མི་སྲིད་དེ། མ་རབས་སྤྱོད་ངན་གྱི་ཕྱོགས་སུ་ནམ་ཡང་ཁྱབ་གདལ་དུ་སྤེལ་ཆོག་གི་མ་རེད་སྙམ། འོན་ཀྱང་བླ་མ་ཙོང་ཁ་བའི་སྐུ་ཡོན་གྱི་དབང་ཚད་ནི་གྲུབ་མཐའ་གཅིག་དང་མི་རིགས་གཅིག་ལ་ཡོད་པར་བྱས་ན་ནི། བླ་མ་ཙོང་ཁ་བའི་འཕྲིན་ལས་ཀྱི་རྒྱ་ཇེ་ཆུང་དང་རྒྱུན་ཇེ་ཐུང་དུ་བཏང་བ་ལས་འོས་སུ་མ་མཐོང་ཞིང་། ཁྱད་པར་དུ་རྗོང་སར་ཚང་སོགས་ནས་གློག་བརྙན་དུ་འཁྲབ་ནའང་དགེ་ལུགས་པའི་ལྟ་གྲུབ་ཀྱི་ངོས་ནས་ངན་པ་ཞིག་ཡིན་པར་ཡེ་མི་ཤེས་ཏེ། ཕལ་ཆེར་དམིགས་བསལ་གནད་དོན་ཆེན་པོ་ཞིག་ཡོང་སྲིད་ཀྱི་མ་རེད་བསམ་གི ཁོ་ཚོས་བླ་མ་ཙོང་ཁ་བའི་ཕེབས་བཞུད་ཀྱི་རྣམ་པ་དང་སྒོམ་སྒྲུབ་གནང་སའི་ཡུལ་ལུང་རེ་དང་རྗེས་འབྲངས་ཀི་གདན་ས་ཁག་ལས་ཅི་ཡང་འཁྲབ་མི་སྲིད་སྙམ། དེའི་ཕྱིར་མིང་གྲགས་ཆེ་བའི་དགེ་བཤེས་ཆེ་ཁག་དང་ཡོན་གནས་མཐོན་པོ་ཅན་དག་གིས་སྐད་ངན་དེ་འདྲ་མ་བཏོན་ནའང་འགྲིག་གི་རེད། དེ་བས་ཤེས་རབ་དང་བྱམས་བརྩེ་ཡི་དཀྱུ་ས་གཞན་དུ་དཀྱོགས་ཏེ་གཞན་ཕན་གྱི་ནམ་མཁའ་ཡངས་པོར་ཕྱེས་ན་ལེགས་པར་སྙམ་མོ། །
གཉིས་པ།
ང་ཚོའི་དགེ་བཤེས་ཆེ་ཁག་དང་མཁན་པོ་ཆེ་ཁག་གིས་གཟབ་གཟབ་མཛད་དགོས་ངེས་དེ་ནི་གང་རེད་ཟེར་ན། སངས་རྒྱས་ཀྱི་བསྟན་དོན་དང་འགྲོ་བའི་བདེ་དོན་ཐུགས་སུ་བསྣམ་རྒྱུ་དེ་རེད་ལ། དེ་ནི་ཁྱེད་ཅག་གིས་མ་ཎི་ལྟར་བགྲང་བཞིན་པ་རེད་ལ། དགོས་ངེས་པའང་དེ་རེད། ངེད་ཅག་གིས་ཆེས་འུ་ཐུག་གི་བསམ་བློ་ཞིག་བཏང་ནའང་། རང་རང་གི་གྲུབ་མཐའ་དང་བསྟན་པར་ཕྱོགས་ཞེན་གྱི་དབང་དུ་སོང་སྟེ་ཤ་ཚ་ནའང་ཆོག་སྟེ། རྒྱ་ནག་དང་ཨ་རི། དབྱིན་ཡུལ། ཧོང་ཀོང་། ཐེ་ཝན་སོགས་སུ་འཁྱམས་པའི་མི་གཟུགས་དག་སྟེ། མང་དུ་ཐོས་པ་ལུགས་འབྱུང་གིས་བྱས་ཏེ་དགོངས་དོན་ལུགས་ལྡོག་ཏུ་སྤྱོད་པའི་བསྟན་འཛིན་གྱི་སྐྱེས་བུ་ཡིན་ཟེར་བ་དེ་ཚོ་དང་། ལུགས་འབྱུང་གི་ཐོས་པ་སྤུ་ཙམ་མེད་པར་ལུགས་ལྡོག་གི་སྤྱོད་ངན་རྒྱ་ཁྱབ་ཏུ་སྤེལ་བའི་གྲྭ་གཟུགས་དང་སྤྲུལ་གཟུགས་འདི་དག་ལ་ཐུགས་བསམ་བཞེས་ཏེ། སྟོན་པས་གནའ་བོའི་དུས་ནས་ང་ཚོར་བཀོལ་མྱོང་བའི་ཐ་སྙད་ཅིག་སྟེ། རང་ཉིད་ནས་མགོ་རྩོམ་དགོས་ཞེས་པ་ནང་བཞིན་བསྟན་དོན་སྤྱི་དང་ཁྱད་པར་རང་བསྟན་ལ་ཤ་ཚ་ན། མི་རང་སྟེང་ནས་ཆོས་དོན་ཁ་ལ་ཁྱེར་ཏེ་གང་འདོད་འཇོལ་ཉོག་ཏུ་མི་སྤྱོད་རྒྱུ་འདི་གལ་ཆེ། ཡང་ན་གོང་མ་ཚང་ལ་ནམ་རྒྱུན་མགོ་གཏུགས་དགོས་པ་ནང་བཞིན་ནང་བསྟན་མཐུན་ཚོགས་ལྟ་བུར་ཁ་གཡར་ཏེ་ཁྲིམས་སུ་བཅའ་བ་རེ་ཡོད་ན་ནི། ད་ལྟར་བཅའ་རན་པར་མ་ཟད། འཕྱིས་ཡོད་པའི་ཚད་རེད། ང་ཚོས་མང་ཚོགས་དབུལ་བོ་དག་ཆོས་སྲུང་ལ་གཏད་གཉེར་བྱས་ཏེ་འཇིགས་སྐུལ་གཏོང་བ་ལས་དམ་ཉམས་འདི་དག་ལ་བཅའ་རྒྱུ་ཞིག་ཡོད་ན་ད་ནི་འདུག་ཚད་ཞིག་རེད་མི་འདུག དཔེར་ན། ད་ཐེངས་ཀྱི་རུས་ཀྲང་ཅན་གྱི་འཁྲབ་སྟོན་པ་དེ་ལྟ་བུ་རེད། འོན་ཀྱང་དེ་ལ་ཁག་མི་འདུག ཁོས་ནི་ཅི་ཡང་ཧ་གོ་གི་མ་རེད་ལ། བསྟན་དོན་དང་ཡང་ན་བོད་མི་རིགས་ལ་ཤ་ཚ་གི་མ་རེད། ཤ་རུས་པགས་གསུམ་ང་ཚོར་གཏོགས་པའི་ནང་ན་རུས་ཀྲང་ཅན་པོ་དེ་ལས་ཀྱང་ཐུ་བའི་ལང་ཤོར་ག་ཚོད་ཡོད་པ་ཚང་མས་ཤེས་གསལ་རེད།
ཞར་བྱུང་།
ན་ནིང་ང་ལ་རྒྱ་མི་ཞིག་གིས་འདི་འདྲ་ཞིག་དྲིས་བྱུང་། ཁྱེད་ཅག་གི་མཁན་པོ་དང་དགེ་བཤེས་ཚོའི་ནང་ན་སྒོར་མོ་ལ་ཧ་ཅང་དགའ་མཁན་འདུག གཞན་དང་མི་འདྲ་བ་དེ་འདྲ་འདུག དེ་ག་རེ་ཡིན་ནམ་ཞེས་དྲིས་བྱུང་། ངས་ནི་ཁོ་ཚོ་དེ་འདྲ་ཡིན་ཚེ། ཁོ་ཚོ་ལ་དགེ་བཤེས་དང་མཁན་པོའི་མིང་ཙམ་ཡོད་པ་ལས་དགེ་བཤེས་དང་མཁན་པོ་ཟེར་བའི་ཆོས་པ་དངོས་གནས་པ་དེ་མ་རེད། གལ་སྲིད་ཁྱེད་རང་ཕྱི་ནང་གཉིས་མཚུངས་ཀྱི་ཆོས་པ་ཚད་ལྡན་ཞིག་ལ་མཇལ་འདུན་མཆིས་ན་ནི། བོད་ནང་ལ་འགྲོ་དགོས་པ་རེད་ལ། བོད་ནང་ནས་ཀྱང་དེ་འདྲའི་ལས་སླ་བོའི་ངང་ཆོས་པ་དེ་འདྲ་རྙེད་མི་སྲིད། རྒྱ་ནང་དུ་འཁོར་མཁན་མང་ཆེ་བ་ནི་རྒྱུ་འཚོལ་མཁན་དང་སྐྱིད་ཉལ་བྱེད་མཁན་དེ་འདྲ་ཡིན་ནི་རེད་ཅེས་བཤད་པ་ཡིན། གཞན་ད་དུང་དེ་འདྲའི་སྒོར་དགའ་དེ་དག་ལ་ཁག་མི་འདུག་ས་གཞན་ཞིག་ཡོད་པ་ནི། ཆུང་དུས་འཚོ་བར་དཀའ་ངལ་འཕྲད་ཡོད་ངེས་པས་ད་ནི་གློ་བུར་དུ་རྒྱུ་འབྱོར་དང་འཕྲད་པའི་དུས་ན། ཐོས་དོན་གཉེར་བ་ཆོས་ཕྱོགས་སུ་སོང་མེད་པའི་དན་རྟགས་མངོན་དུ་གྱུར་ཏེ་རྒྱུ་ལ་ཧམ་པ་ཚ་བོ་ཡོད་པ་རེད་སྙམ། ང་ཚོའི་ཡུལ་མིའི་ངག་རྒྱུན་ལའང་། རྒྱུ་ཡོད་ཚང་གི་ཨ་ཁུ་ཨ་མཆོད་ཉན། རྒྱུ་མེད་ཚང་གི་ཨ་ཁུ་དགེ་བཤེས་ཉན་ཟེར་ནི་རེད། ཅེས་བཤད་པ་ན། ཡང་རྒྱ་མི་དེས། དེས་ན་ཁོ་ཚོར་དགེ་བཤེས་དང་མཁན་ཐོབ་དེ་སུས་སྤྲད་པ་རེད། དགོན་གཞུང་ནས་སྤྲད་པ་མ་རེད་དམ་ཟེར། ངས་ནི་དེ་ལ་འདྲ་མི་འདྲ་མང་བོ་ཡོད་པ་རེད། འོན་ཀྱང་དགོན་གཞུང་ནས་སྤྲད་ནའང་དགོན་པས་སློབ་ཡུན་མཐར་ཐོན་ཚད་མཐུན་གྱི་ལག་རྟགས་སྤྲད་པ་རེད་མ་གཏོགས། ཡོན་ཚད་དེ་དང་འབྲེལ་བའི་མི་གཞིའི་སྤུས་ཚད་ཀྱི་ལག་རྟགས་སྤྲད་པ་མ་རེད་ལ། དེ་འདྲའི་སྤུས་ཚད་ཀྱི་འགན་དེ་མི་རང་ཉིད་ལས་སུས་ཀྱང་འགན་འཁུར་གི་མ་རེད་ལ་ཐེག་གིའང་མ་རེད་ཅེས་བཤད་པ་ཡིན།
མཐར་དེད་ན་ང་ཚོའི་བྱམས་བརྩེ་དང་ཤེས་རབ་དོ་མ་མཉམ་པ་དང་ཡོན་ཚད་དང་སྤུས་ཚད་དོ་མ་མཉམ་པའི་དབང་གིས་ནོར་འཁྲུལ་མང་བོ་འབྱུང་གིན་ཡོད་པ་རེད། དེའི་ཕྱིར་ཁག་ཕར་ཚུར་ལ་འགེལ་བ་ལས་རང་ཉིད་ཆེ་ཟེར་བ་དག་གིས་སྒོར་མོའི་ཆེད་དུ། རྒྱུགས་ཟེར་ན་དམྱལ་བའི་འཕྲང་མི་བྱེད་རྒྱུ་དེ་གནད་ཀྱི་དོན་པོའོ། །
གལ་སྲིད་ང་ཚོའི་རྒྱ་ཡུལ་འགྲིམ་པའི་བླ་སྤྲུལ་དང་དགེ་བཤེས། མཁན་པོ་ཚོས་ནི་རང་ཚོད་མ་ཟིན་པར་སྨྱོ་ཧམ་ཆེ་རུ་སོང་ན། རྒྱ་བླ་ཟེར་བའི་མིང་སྙན་སྙན་མཛེས་མཛེས་འདྲ་བོ་དེའང་འགྱུར་ཏེ། རྒྱ་གླ{རྒྱ་རྒན་མ་ཚོའི་གླ་བ}མི་ཟེར་བའི་ངེས་པའང་མི་འདུག་སྙམ་ཞོར་རྒྱ་ནག་པོའི་གྲོང་ཁྱེར་པེ་ཅིན་དུ་སྒང་བ་བོད་ཀྱི་མྱི་ཆེན་གྱིས་དྲན་ཚོར་དག་ཚིག་སྡེབ་ལ་མ་བལྟས་པར་ཤར་མར་ཡིག་རིས་སུ་ཕབ།