དེ་རིང་ནི་གནམ་གཤིས་དྲོ་ཞིང་དྭངས་པའི་སྟོན་མཇུག་གི་ཉིན་མོ་སྐྱིད་པོ་ཞིག་ཡིན། སྟོན་མཇུག་ཏུ་སླེབས་པའི་ཧོར་ཟླ་དགུ་བའི་ཚེས་བཅུ་གསུམ་ཉིན་བདག་གིས་ཡང་འགྲོ་སྙིང་ལམ་ལ་བཅུག་སྟེ་ཕ་ཡུལ་རྩེ་ཁོག་ནས་ལམ་ཆས་བསྒྲིགས་ཤིང་། ལོ་ན་བདུན་ཅུར་སོན་པའི་མ་རྒན་ལགས་གཙོས་ཉེ་མི་འགའ་ཁྲིད་ནས་འཇང་ཡུལ་ཏེ། གཙོ་བོ་མྱ{ཉ}དཀར་བོའི་རིགས་འཚོ་སྡོད་གནང་སའི་ཏཱ་ལིས་གྲོང་ཁྱེར་གྱི་མངའ་ཁོངས་སུ་ཡོད་པའི་རི་བོ་བྱ་རྐང་ལ་མཆོད་མཇལ་ལྟ་སྐོར་དུ་ཕྱིན་པ་ཡིན།

ངེད་ཅག་ལམ་ཆས་ཀྱིས་བོད་ཀྱི་ཡུལ་ཚོ་གང་མང་བརྒལ་ཏེ་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཉེ་འགྲམ་བརྒྱུད་གནམ་གཤིས་དྲོ་གྲང་དབྱར་མཇུག་ལྟ་བུའི་རྒྱའི་ཡུལ་གྲུ་དང་འཇང་བའི་རི་ལུང་གང་མང་བརྒྱུད་དེ་ཉིན་གསུམ་པའི་ནུབ་མོར་བྱ་རྐང་རི་བོའི་ལྷ་ཞོལ་དུ་འབྱོར། ཕྱི་ཉིན་གྱི་ཞོགས་སྔར་ཁྲལ་སྡུད་ས་ཚིགས་ཀྱི་འགག་སྒོ་གང་བཙན་དག་བརྒལ་ཏེ་གསོལ་འདེབས་དང་སྨོན་ལམ། ངལ་དུབ་དང་ཞེན་སྣང་གི་ཁྲོད་ནས་རི་རྩེར་སླེབས། ཉི་འོད་ཀྱི་བྱིན་འབེབས་བར་སྣང་ནས་འཇོ་ཞིང་དྭངས་གཙང་གི་མཁའ་དབུགས་སིམ་པོ་ཞིག་ཀྱང་རང་ཤུགས་ཀྱིས་འཁོར་འོང་། བལྟས་པས་མི་ངོམས་ཤིང་བསྔགས་པས་མི་ལོངས་པའི་ཡུལ་ལྗོངས་ཀྱི་ཁོར་ཡུག་འཇམ་ཐིང་ངེར་འདུག་པས། དངོས་གནས་དབེན་རི་ཉམས་དགའ་བ་ཞིག་ཏུ་ངེས་པ་རྙེད།

ཀུ་རེ་དང་འབྲེལ་ནས་བཤད་ན། སྤྱིར་ལོ་རྒྱུས་ཟེར་བ་འདི་ཉོག་འཛིངས་ཀྱི་རྣམ་པར་ཡོད་ལ། དེ་ནི་ལོ་རྒྱུས་རང་ངོས་ཀྱི་ཁྱད་ཆོས་ལྟ་བུ་ཞིག་ཏུ་མཐོང་དགོས་ཏེ། དེ་ལྟའི་ཉོག་དྲ་དེ་དག་མེད་ཚར་དུས་ལོ་རྒྱུས་ཀྱི་དོན་སྙིང་ཅི་ཡང་འཚོལ་ཐུབ་མེད་པ་ལྟ་བུ་ཞིག་ཏུ་གྱུར་འགྲོ། རྒྱུ་མཚན་དེ་དག་གི་ཕྱིར་ན། འཇང་ཡུལ་འདི་ཡང་ལོ་ངོ་བརྒྱ་ཕྲག་མང་བོའི་ཡར་སྔོན་ཞིག་ཏུ་དཀར་ནག་རྒྱ་བོད་ཀྱི་སའི་སྦྲེལ་མཚམས་སམ་དེ་དག་གིས་བདག་དབང་རྩོད་རེས་ཀྱི་ཡུལ་ཉི་ཚེ་བ་ཞིག་རེད་འདུག་སྙམ། དེའི་ཕྱིར་རྒྱ་གར་གྱི་མངའ་ཁོངས་ལའང་འབྲེལ་ལམ་སྙམ་སྟེ། བསྟན་པའི་གཏད་རབས་བདུན་གྱི་དང་བོ་སྟོན་པའི་ཉན་ཐོས་ཆེན་པོ་འོད་སྲུངས་དང་ཀུན་དགའ་བོ། རྒྱལ་བོ་མ་སྐྱེས་དགྲ་སོགས་ཀྱང་ཡུལ་འདིར་བྱོན་པ་དང་། དུས་ཕྱིས་སུ་འཕགས་པ་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་པ་སྒྲུབ་སྐབས་ཀྱང་འདིར་སླེབས་ཡོད་ཅེས་གནས་བཤད་ལས་ཐོས་ཤིང་། བྱོན་པ་ཙམ་རྒྱུ་མཚན་དུ་བྱས་ཏེ་ས་གནས་དག་ཁོ་ཚོའི་མངའ་ཁོངས་རེད་ཅེས་པའི་རྩོད་ཉོག་སློང་མིན་ལོ་རྒྱུས་པའི་འགན་ཡིན་ལ། དེང་གི་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུའི་འདབས་འབྲེལ་གྱི་གླང་ཆེན་འགྱིང་རི་སོགས་སུའང་བྱང་སེམས་ཆོས་འཕགས་དང་རྒྱལ་སྲས་རྟག་ཏུ་ངུ་མཆོག་གི་གནས་དག་ཡོད་པ་ཀུན་གྱི་ངག་ཏུ་གསལ་བ་བཞིན་ནོ། །

དེ་ཡང་ཉན་ཐོས་ཆེན་པོ་འོད་སྲུངས་མཆོག་གིས་ཀུན་དགའ་བོར་བསྟན་པ་གཏད་དེ་སྐུ་མྱ་ངན་ལས་འདའ་ཁར་ས་གནས་འདི་གར་ཕེབས་ཏེ། རི་བོའི་ཁོང་གསེང་དུ་འགོག་སྙོམས་ལ་བཞུགས་པར་གྲགས། ཁོང་རི་གསེང་དུ་བྱོན་སྐབས་གནས་རི་དེ་རང་རང་སར་གས་པའམ་གྱེས་ཏེ་ཕྱིར་འཚོབ་པའི་གས་སྲུབས་ཀྱི་དབྱིབས་རྣམ་བྱ་རྐང་གི་རྣམ་པར་ཡོད་ཅེས་ཐོས། རྫ་བྲག་སྤང་ནགས་འཐབ་པའི་བྱ་རྐང་རི་བོ་ལྷུན་ཆགས་སུ་ཡོད་པའི་རྩེ་མོར་མཆོད་རྟེན་ཞིག་མཐོར་བརྩེགས་ཀྱི་རྣམ་པར་བཞེངས་འདུག དེ་ནི་གོ་ཐོས་ལྟར་ན། ཉན་ཐོས་ཀུན་དགའ་བོ་་དང་རྒྱལ་བོ་མ་སྐྱེས་དགྲས་གཉིས་ཀ་འོད་སྲུངས་འགོག་སྙོམས་ལ་ཞུགས་པར{འདིར་མྱ་ངན་ལས་འདས་པར་གོ་དགོས}ཐོས་ཏེ། གནས་འདིར་བྱོན་ནས་འོད་སྲུངས་ཆེན་པོའི་རྗེས་དྲན་མཆོད་རྟེན་ཞིག་བཞེངས་པར་གྲགས་པའི་ཤུལ་དུ། ཕྱིས་སུ་བསྐྱར་བཞེངས་ཞིག་གསོ་ལན་གསུམ་བྱས་པར་བཤད་པའི་མཆོད་རྟེན་དེ་ཡིན་འདུག དེང་སང་ལིནང་ཡན་མཆོད་རྟེན{楞严塔}ཞེས་ཟེར་ཞིང་ཐོག་ཚད་རྩེག་བཅུ་གསུམ་འདུག

དུས་ཕྱིས་སུ། སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་འཕགས་པ་ཐོགས་མེད་གནས་འདིར་ཆེད་དུ་བྱོན་ཏེ་ལོ་བཅུ་གཉིས་ཀྱི་བར་དུ་རྗེ་བཙུན་བྱམས་མགོན་མཇལ་འདུན་གྱི་བསྙེན་སྒྲུབ་མཛད་དེ། ཞལ་མཇལ་གསུང་ཐོས་ཀྱི་སྐལ་བཟང་མངོན་དུ་གྱུར་པའི་བཞུགས་གནས་བྲག་གི་ཕུག་པའང་ཡོད་པར་ཐོས་མོད། འོན་ཀྱང་དངོས་མཇལ་གྱི་སྐལ་བ་མ་ཐོབ་པར་ཁོང་གི་སྐུ་འདྲ་ལེགས་བཞུགས་ཀྱི་ལྷ་ཁང་མཛེས་པོ་ཞིག་ཏུ་སྨོན་ལམ་གདབ་པའི་གོ་སྐབས་ཐོབ་ཅིང་། ཁོང་ཚོས་ཀྱང་འཕགས་པ་ཐོགས་མེད་ཀྱི་སྒྲུབ་ཕུག་དག་མ་ཞིག་རྙེད་ཀྱིན་མི་འདུག་མོད་དེ། གཏམ་རྒྱུད་ཐ་ཐུང་འཆད་རྒྱུ་འདུག  གང་ལྟར་དུས་ཚོད་དང་སྐད་བརྡའི་དབང་གིས་རྒྱུས་དེ་ཙམ་ལས་ཅི་ཡང་མ་ལོན། ཉ་དཀར་གྱི་རིགས་དང་རྒྱ་རིགས་གཉིས་ཀྱིས་མཚོན་པའི་མཆོད་མཇལ་ལྟ་སྐོར་བ་མང་བོ་འདུག ཕར་བལྟས་ཚོད་ཀྱིས་ས་གནས་འདིའི་གཉུག་གནས་མི་རིགས་འདི་དག་གིས་ནི་དད་ཞེན་ཆེ་མདོག་སྟོན་པ་ལས་ཆོས་ལུགས་ཀྱི་ཕྱོགས་ལ་རྒྱ་རིགས་མགྲོན་པོ་དག་རྨོངས་ཤས་ཆེ། ངེད་ཅག་ཉིན་གང་བོར་བརྒྱུགས་ཀྱང་འཕགས་པ་ཐོགས་མེད་དང་ཁོང་གི་སྒྲུབ་ཕུག་རྙེད་མ་སོང་མོད། འོན་ཀྱང་མཇལ་སྐོར་ནི་རྒས་པོ་ཚོ་དང་སྟབས་བསྟུན་གྱིས་བསྔོ་སྨོན་སྐྱབས་འཇུག་གང་ལེགས་ཀྱིས་བགྱིས་ཤིང་། ཉི་མ་ཚང་ལ་འདེད་ཞོར་ཕྱོགས་སོ་སོ་ནས་སླེབས་པའི་གནས་སྐོར་བ་གང་མང་དང་བོད་ཀྱི་ཧོལ་རྒྱུགས་གནས་མཇལ་རྨོངས་སྐོར་བ་འདི་དག་ལ་ཡ་མཚན་ཞིག་གློ་བུར་ངང་སྐྱེས་སོང་།

ཡོངས་སུ་གྲགས་པའི་ལོ་རྒྱུས་དག་ལས་འཇང་ནི་སྔོན་ནས་བོད་བཙན་པོའི་མངའ་ཁོངས་སུ་ཡོད་མེད་གསལ་བོ་མ་ངེས་མོད། འོན་ཀྱང་ང་ཚོའི་བཙན་པོ་མེས་ཨག་ཚོམ་གྱིས་འཇང་བཟའ་ཞིག་བསུས་ཏེ་འཇང་ཚ་ལྷ་དབོན་སྐྱེས་པར་ཐོས་ལ། གཞན་བཙན་པོ་འདུས་སྲོང་མང་བོ་རྗེས་འཇང་ཡུལ་དུ་དམག་དྲངས་ཏེ་དམག་ཐོག་ཏུ་གྲོངས་པར་བཤད་པ་ལས་ཀྱང་དེ་དུས་འཇང་ཟེར་བ་འདི་གང་དུ་གཏོགས་པར་ཤེས་ཐུབ། དུས་རབས་བཅུ་བདུན་པའི་དཀྱིལ་ཙམ་སྟེ། རྒྱལ་དབང་ལྔ་བའི་སྐབས་དགའ་ལྡན་ཕོ་བྲང་བའི་སྲིད་དབང་གསར་བཙུགས་དེས་བཀའ་བརྒྱུད་པའི་ཆོས་ལུགས་རིག་པར་མི་འཚམ་པའི་ལས་སྣ་ཚོགས་བགྱིས་པའི་རྐྱེན་ལས། ཀརྨ་སྐུ་ཕྲེང་བཅུ་བ་བོད་སའི་མཐའ་མཚམས་ལྗང་ཡུལ་ལ་བྲོས་བྱོལ་དུ་ཕྱིན་པའི་ས་གནས་དེའང་འདི་ཡིན་པར་ངེས་ཏེ། དེ་ནས་བཟུང་བཀའ་བརྒྱུད་པའི་ཆོས་ལུགས་ཡུལ་འདི་གར་སྤེལ་ནས་ད་ལྟའི་སྐབས་སུ་ཀརྨ་བའི་ཆོས་སྡེ་བཅུ་ཕྲག་ལྷག་ཅིག་ས་ཁུལ་འདི་དག་ཏུ་ཡོད་པར་ཐོས་མོད། འོན་ཀྱང་མཇལ་རྒྱུའི་གོ་སྐབས་མ་ཐོབ་པར་མ་ཟད་གྲོང་ཁྱེར་དང་རྫོང་། ཡུལ་གནས་གང་དག་ཏུ་ཡོད་པར་མ་ངེས་པས་ཐེངས་འདིའི་ལྟ་སྐོར་གྱི་དོན་སྙིང་གང་དུ་ཡོད་པའང་རབ་རིབ་སབ་སིབ་ཅིག་ཏུ་མཐོང་སྟེ་བཞག

 

2015.10.28 ལ་བྱ་རྐང་རི་འདབས་སུ་བྲིས།

2015.12.11 ཉིན་པེ་ཅིན་དུ་བཅོས།


གསལ་བཤད། འདི་ནི་ཉིན་ཐོ་རུ་བཀོད་པའི་ཐོལ་བྲིས་རྐྱང་ཡིན་པས་མཁས་པའི་སྒྲོས་དང་འགལ་ཡོད་པ་དག་ལ་དགོངས་དག་ཞུ།