ལྷ་སའི་མངར་ཇ་དང་འབྲེལ་བའི་དྲན་ཚོར།

དེ་རིང་གཟའ་ཟླ་བ་རེད། གནམ་ངོ་དྭངས་ཤིང་དྲོད་ཁོལ་འཁྱིལ།

མཆོད་མཇལ་སྟབས་བདེ་ཞིག་བླངས་འཕྲལ་གཙུག་ལག་ཁང་གི་འཁྲིས་སུ་ཡོད་པའི་འོད་ཟེར་སྒམ་ཆུང་ཇ་ཁང་དུ་མངར་ཇ་འཐུང་དུ་ཕྱིན་པ་ཡིན། ཁོར་ཡུག་འབག་བཙོག་ཅུང་ཆེ་བའི་རྣམ་པ་ཡོད་མོད། རྒྱ་རིགས་ཀྱིས་མཚོན་པའི་ཕྱི་གླིང་བ་དང་བོད་མི་མང་བོ་མངར་ཇ་འཐུང་བར་བྲེལ་འདུག ངས་ཐོག་མར་འཐུང་དཀར་ཞིག་བཙལ་ཏེ་འདུག་སྟེགས་འཚོལ་སྐབས། སྤོ་བོ་ཞིག་གིས་སྐུ་ཞབས་ལགས། འདིར་བསྡད་ན་ཆོག་གི་རེད་གསུངས་བྱུང་། དེ་ནས་ཤོག་སྒོར་ཁ་ཤས་སྦྲང་ཐལ་དང་ཇ་ཁུས་བརླན་པའི་རྒྱ་ཅོག་ཐོག་ཏུ་གཏོར་ཞོར་བསྡད་པ་ཡིན། མི་རིང་བར་གསོལ་ཇ་གསོལ་ཇ་ཟེར་ཞོར་ཨ་ཅ་ཞིག་གིས་ཇ་དེམ་ཁུར་ནས་སླེབས་བྱུང་། དེ་མ་ཐག་ཁོ་མོ་རང་འགུལ་གྱིས་ཇ་བླུགས་ཏེ་དངུལ་སྒོར་དག་འབབ་ཚོད་ལྟར་བརྗེས་ནས་ཁྱེར་འགྲོ། ང་ལ་མཚོན་ན་མངར་ཇ་འཐུང་ས་འདི་ནི་ཧ་ཅང་སྐྱིད་པོ་ཞིག་ཏུ་མཐོང་གི་ཡོད། ཁོ་ཚོའི་ནམ་མཁར་རླངས་དུད་ཀྱི་སྨུག་ཞགས་འཐིབས་ཤིང་མི་ཅོར་གྱི་འུར་སྒྲས་ཁེངས་མོད། འོན་ཀྱང་ཚང་མའི་གདོང་ལས་དགའ་ཀྲོག་གེར་ཡོད་པའི་སྣང་བ་ཞིག་འགོག་མེད་དུ་བསྐྱལ་འོང་ཞིང་། སུས་ཀྱང་མཉམ་མི་འཇོག་པའི་ལྷ་ས་བའི་གཉུག་གཤིས་དེའང་ལམ་ཙམ་ལམ་ཙམ་མཐོང་ཐུབ་པའི་སྣང་ཚོར་སྟེར། སྔོན་ཆད་ནས་ལྷ་ས་བ་ཚོ་མངར་ཇ་འཐུང་བར་སྤྲོ་བོ་ཡོད་ས་རེད། གོ་ཚོད་ལ་དབྱིན་འགོག་དམག་འཁྲུག་དང་། ཡང་ན་ཉེ་བའི་མཐའ་མཚམས་ཀྱི་དམག་འཁྲུག་དག་གི་སྐབས་སུའང་། མཐའ་མི་ཚོའི་དངོས་ཤུགས་བརྒྱུད་གསུམ་གང་རུང་གི་ཞུ་ཡིག་དག་ལའང་ཅི་སྙམ་པའི་ང་རྒྱལ་ངོམ་པའི་སྐུ་དྲག་དང་མི་དྲག་དག་གིས་མངར་ཇ་མཆོད་ཞོར་དང་ཆང་སེར་སྦངས་ཞོར།  འཁོར་གཡོག་དང་འབངས་འཁོར་གྱི་ཕྱུགས་ཆུང་མ་དག་གི་མཛེས་པ་ཟ་ཞོར་རང་ཤེད་ངོམ་པ་རེད་ཟེར།

ཇ་ཁང་འདིར་ཡོད་པ་ནི་རང་དབང་དང་འདྲ་མཉམ་རེད་ཤག  ཇ་ཁང་དུ་འཛུལ་བ་ནས་ཐོབ་དང་དབང་ཤུགས། སྐྱ་བོ་དང་སེར་མོ་བ། དབུལ་བོ་དང་ཕྱུག་པོ་སོགས་ལ་དབྱེ་བ་མེད་པར་འདྲ་མཉམ་ངང་རང་རང་སར་བསྡད་དེ་མངར་ཇ་དང་བོད་ཐུག་འཐུང་ཆོག་གི་རེད། ཁོ་ཚོས་སྐད་ཤུགས་གང་ཡོད་ཀྱིས་ཕྱི་རྒྱལ་དང་རྒྱ་ནག བོད་དང་སོག་པོ་སོགས་ས་གནས་དག་གི་གསར་འགྱུར་གྱིས་མཚོན་པའི་གཏམ་འཆལ་མང་བོ་དག་རང་སྣང་དྲན་གྱིས་གུས་ཞབས་དང་བཅས་ཏེ་གླེང་གིན་འདུག  ང་ནི་ཡུན་རིང་བོར་བསྡད་མཐར་རྒྱ་མི་འགའ་ཞིག་ངའི་འཁྲིས་སུ་བཅར་ཏེ་ ཞིམ་མདོག་ཁ་བོས་མངར་ཇ་འཐུང་ཞོར་བོད་མི་ཚོ་གཙང་སྦྲའི་ཕྱོགས་ལ་མི་གོམས་ཚུལ་སོགས་མང་བོ་ཞིག་ལབ་ཀྱིན་འདུག་པས་སུན་སྣང་གིས་སྒོར་བུད་པ་ཡིན།

དངོས་གནས་ཉི་མ་ལྷ་ས་ནི་ལྷ་ཚོགས་ཀྱི་ཞིང་ཁམས་ཤིག་རེད་ཤག  མང་ཆེ་བ་ལྷ་ལ་དད་མདོག་ཆེ་བའི་རྣམ་པ་ཡང་ཕྱོགས་ཡོངས་ནས་སྟོན་གྱིན་འདུག  ལྷ་ས་བ་དག་གི་ལུས་ཀྱི་ལང་ཚོ་ལས་བོད་པ་གཙང་མའི་དྲི་བསུང་ཞིག་ངང་ངམ་ཤུགས་ཀྱིས་སླེབས་ཡོང་། དེ་ནི་ང་ཚོ་མཆོད་མཇལ་ལྟ་སྐོར་དུ་སླེབས་པའི་མཇལ་བ་ཉི་ཚེ་བ་དག་གིས་ཡུན་ཐུང་ངང་རྙེད་ཐུབ་པའི་གཉུག་གཤིས་ཤིག་གཏན་ནས་རེད་མི་འདུག  དེ་ནི་ཁོ་ཚོ་བོད་བཙན་པོའི་ཆབ་སྲིད་ཀྱི་ལྟེ་བར་དུས་ཡུན་རིང་བོར་ཨུ་ཚུགས་སུ་བསྡད་པའི་འབྲས་རྟགས་གསལ་བོ་དེ་ཡིན་པ་འདྲ། ཁོ་ཚོ་ནི་ཕྱོགས་གཞན་ཞིག་ནས་བལྟས་ན་ལེ་ལོར་གཡེང་ཞིང་ཟ་འཐུང་དང་ལྟོ་རྒྱབ་ལ་འབད་མཁན་རྐྱང་རྐྱང་རེད་འདུག་ལ། ཐ་ན་ཁོ་ཚོའི་སེམས་ཁོང་དུ་ལྷ་སའི་ཇོ་བོ་ཡང་མི་འདུག་པ་འདྲ། དུས་རབས་གསར་བའི་ནང་འདིར་སྲིད་འབྱོར་རིག་གསུམ་གྱི་འགྲན་རྩོད་རླབས་རྒྱུན་གྱིས་ཕྱོགས་ཡོངས་དང་། ཡང་ན། བར་སྐོར་བྱང་ཆུབ་བྱོན་ལམ་གྱི་སྲང་ཆེན་དག་ཁེངས་ཏེ་གཙུག་ལག་ཁང་དུ་སླེབས་ལ་ཉེ་ཡང་། ལྷ་ས་བ་ནི་ཆེས་ལྷོད་བག་གི་ངང་དུ་ཁུ་སིམ་མེར་བསྡད་འདུག  དད་པའམ་སྙིང་སྟོབས་གཞན་ཞིག་གིས་འགྲེང་འདུག  དངོས་གནས་ཁོ་ཚོ་ནི་བློར་མི་ཤོང་བའི་བཙན་པོའི་དམག་དཔུང་ཞིག་ཏུ་མཐོང་སོང་།

སྤྱིར་ལྷ་སའི་རྒན་གཞོན་ཆེ་ཆུང་སུ་ཞིག  ཐ་ན་ལོ་ན་ཆེས་ཆུང་བའི་བྱིས་པ་ཕོ་མོ་གང་རུང་ཞིག་ཇོ་བོ་ཡིད་བཞིན་ནོར་བུའི་མདུན་དུ་སླེབས་པ་ན། མགོ་མཇུག་ཆ་ཚང་བའི་སྐྱབས་གསོལ་དང་བསྔོ་སྨོན་ཡག་པོ་གནང་གིན་འདུག  སྐབས་དེར་ང་ནི་ཁོ་ཚོའི་འཁྲིས་སུ་ཡུན་རིང་བོར་འདུག་འདུན་སྐྱེ་མོད།  ཆེས་མི་དགའ་ས་ཞིག་ཡོད་པ་ནི་ཁ་དང་ཞེ་མི་མཚུངས་པའི་གུས་ཞབས་བྱེད་སྟངས་དེ་དག་རེད་ཤག  ད་དུང་ལྷ་ས་བ་ཚོ་བསང་གསོལ་གཏོང་བར་དགའ་བོ་འདུག  ཁྱད་པར་དུ་རེས་གཟའ་ལྷག་པར་འཁེལ་ཚེ་བསང་དུད་ཀྱིས་བར་སྣང་ཁེངས་འགྲོ།  གཙུག་ལག་ཁང་གི་མདུན་ཐད་དང་རྒྱབ་ཕྱོགས་ཀྱི་བར་སྐོར་སྲང་ལམ་ཀུན་ཏུ་བསང་གསོལ་དང་བདུག་དྲི་ཞིམ་པོས་བཟུང་འགྲོ།  ཉིན་མོ་དེ་དག་ཏུ་ལྟ་སྐོར་ཉེན་སྲུང་བ་རུ་གྲགས་པའི་རྒྱ་བོད་འདྲེས་མ་དེ་ཚོས་ཀྱང་དམིགས་བསལ་ཡ་ལན་བྱེད་ཀྱིན་མི་འདུག

ཐེངས་ཤིག་ལ་ལྷ་སའི་བུ་མོ་ཞིག་གིས། སྐུ་ཞབས་ལགས་ཁྱེད་རང་ཨ་མདོ་བ་མ་རེད་དམ་ཟེར། ངས་ཡིན་ལགས། ཅི་རེད་ཅེས་ཕར་ལབ་པ་ན། ཁོ་མོས་དེས་ན་ཁྱེད་རང་གིས་ཨམ་སྐད་རྒྱག་གིན་མི་འདུག  རྒྱ་མིའི་སྐད་འདྲ་ཞིག་རྒྱག་གི་འདུག་ཨ་ཟེར། ངེད་ནས་ཡིན་མདོག་ཁ་བོས་ཁྱོད་ཚོས་ཨམ་སྐད་མི་གོ་བ་ཡིན་ཙང་ངས་ནི་དབུས་སྐད་ཡག་པོ་ཤེས་ཀྱིན་མེད་པས་རྒྱ་སྐད་འདྲ་ཆགས་པོ་དེ་འདྲ་བརྒྱབ་པ་ཡིན་ཞེས་པའི་ཚེ། ཁོ་མོས་གུས་ཞབས་དང་བཅས་མདོ་དབུས་ཁམས་སྐད་གང་ཡིན་ན་བོད་སྐད་རེད། ཡིན་ཙང་ང་ཚོས་གང་ཡིན་ན་གོ་གི་ཡོད་ཅེས་ལབ་སོང་། དེ་ལས་མཐོང་བ་ནི་ཅི་ཞིག་རེད་ཟེར་ན། ལྷ་ས་བ་ཚོས་བོད་སྐད་གཙང་མ་རྒྱག་གིན་འདུག་པ་དེ་རེད། ངས་ཡུན་གྱིས་མཐོང་བ་ནི་ལྷ་ས་བར་རང་སྟོབས་རང་སྤེལ་གྱི་སྙིང་སྟོབས་དཔག་པར་དཀའ་བ་ཡོད་དོ། ། ང་ཚོའི་ཁམས་མཐའི་ཡི་གེ་བ་དག་དང་གཏན་ནས་འདྲ་བོ་མི་འདུག  ཁམས་མཐའི་ཡི་གེ་བ་ང་ཚོའི་ཕ་སྐད་གཙང་མས་མཚོན་པའི་འབོད་སྐུལ་མགོ་ཆེ་རྔ་ཟླུམ་དེ་དག་ཅི་ཡང་མིན་པའི་ཚོར་བ་སླེབས་སོང་།

ལྷ་ས་ཞེས་པའི་མིང་བརྡ་འདི་ཀོ་སྔོན་ཆད་གཙུག་ལག་ཁང་གི་ཉེ་འཁྲིས་འདི་གར་གོ་མོད། འདིར་ངས་ནི་ལྷ་ས་བ་ཟེར་བ་ནི་སྐྱིད་གཞུང་གཙང་བོའི་ཉེ་འགྲམ་དུ་འཁོད་པའི་དབུས་པ་ཚང་མར་འབོད་ཀྱིན་ཡོད།  ལྷ་སར་ཉམས་སྤྲོ་བའི་ཁེ་བཟང་གཞན་ཞིག་ཡོད་པ་ནི་ཐོབ་དཔང་སྟོན་མི་དགོས་ཤིང་དངུལ་ཀྱང་སྤྲོད་མི་དགོས་པའི་ཁང་མིག་སྟེ།  གང་འདོད་དུ་རྒྱུག་ཆོག་ལ་གང་འདོད་དུ་གཉང་ཆོག་པའི་སྤྱོད་ཁང་དེ་དག་གོ །

བར་སྐོར་བྱང་ཆུབ་བྱོན་ལམ། །བཙན་པོའི་ཤ་དང་རུས་པ། ། རྒྱ་གར་ཕྱོགས་ནས་སླེབས་པའི། །མངར་ཇ་སྣུམ་པོས་ཟོས་ཡོད། ། ཅེས་ཀྱང་སྨྲ་འདོད་བྱུང་སོང་ངོ་། །

 

2014.9.22 ཉིན་ལྷ་སར་བྲིས།

2014.11.8 རྩེ་ཁོག་ཏུ་བཅོས།