དེ་ཡང་གནའ་མི་བོད་ཀྱི་ཁ་དཔེར། མིས་རང་གི་སྐྱེ་རྒྱུད་མ་ཤེས་ན་ནགས་ཁུང་གི་སྤྲེའུ་དང་འདྲ། རང་གི་ཆོ་འབྲང་མ་ཤེས་ན་གཡུ་འབྲུག་ཟོལ་མ་དང་འདྲ། ཞེས་ཟེར་བ་ལྟར་རང་གི་རིགས་རུས་ཆོ་འབྲང་དང་ཕ་མེས་གོང་མ་རྣམས་ཀྱི་བྱས་པ་ལ་ངོ་ཤེས་པའི་སྒོ་ནས་རིགས་ཀྱི་བྱ་བ་བྱེད་པ་ནི། གཞི་ཆེ་བ་མི་ཆོས་ལ་མཁོ་བར་མ་ཟད་རྒྱན་དམ་པ་ལྷ་ཆོས་ལའང་མེད་མི་རུང་བས་འཇིག་རྟེན་ཡ་རབས་ཀྱི་སྤྱོད་པ་ནི་ཐོག་མཐའ་བར་གསུམ་དུ་གལ་ཆེ། དེ་ཕྱིར་ལོ་རྒྱུས་ཀྱི་ཡིག་ཚང་ནི་མེད་མི་རུང་གི་གནད་དམ་པ་དང་། ཚིག་གི་གཟབ་སྤྲོས་ལས་སྒྲོ་སྐུར་རང་འདོད་ཀྱིས་མ་བསླད་པ་གཙོ་ཆེ། ངའི་ཕ་ཡུལ་རེབ་གོང་གསེར་མོ་ལྗོངས་ནི་མདོ་སྨད་ལྷོ་རྒྱུད་ཀྱི་སའི་ལྟེ་བ་ཡིན་པས། འཛམ་བུ་གླིང་ཞེས་བྱ་བའི་ས་སྒང་འདིའི་སྟེང་གི་ཕྱོགས་སུ་གྲུབ་ཡོད་པ་གདོད་མའི་དུས་ནས་བཟུང་སྟེ་རེབ་གོང་བའི་ཕ་མེས་སྔོན་རབས་རྣམས་ཀྱིས་ཀྱང་འདི་ལྟར་སྡོད་གནས་སུ་དབང་བསྒྱུར་བའི་ལོ་རྒྱུས་གསོན་པོ་ཡིན་སྟབས། དེ་ལ་དངོས་སུ་གནོད་བྱེད་རྡོ་དང་དབྱུག་པ་མ་གཏོགས་ཅི་ཡོད།

གནའ་སྔ་མོའི་དུས་སུ་རེབ་གོང་ཉིན་སྲིབ་ཐམས་ཅད་ཤིང་ནགས་ཆུ་གསུམ་འཐབ་པའི་རྫོང་བཙན་པོ་ཞིག་ཡིན་འདུག་ཅིང་། དེ་དུས་དགུ་ཆུ་འདི་ཡང་ད་ལྟའི་བཞུར་ཕྱོགས་འདི་དང་མི་འདྲ་བར་རེབ་ཚའི་འདབས་ནས་བཟུང་སྟེ་ཚ་གཞིས་བརྒྱུད། བྱང་ཕྱོགས་དཔའ་ལམ་ཉག་ག་ནས་ཕར་ལྕགས་ལུང་འཕྲང་དང་། སྲིན་པོ་རིའི་མདུན་ནས་རོང་དགུའི་མདོར་འབབ་པའི་དུས་དེ་ཙ་ན། ད་ལྟ་མངོན་པའི་ས་དབྱིབས་འདི་དང་མི་མཚུངས་པར་ཀོང་རོང་དུ་ཆེར་མ་སོང་བར་ཡོད། རེབ་གོང་འདིར་རིམ་གྱིས་གཞི་བཟུང་བའི་གནའ་མི་བོད་རིགས་ཚོའི་དཔུང་ཇེ་ཆེར་གྱུར་ཏེ་སྐབས་ཤིག་ན་རྒྱལ་ཕྲན་ཞིག་ཏུ་གྱུར་སྐད། དེ་ཡང་འབྱུང་བ་ཆེན་པོ་རྣམས་ཀྱི་འགྱུར་ལྡོག་དང་། འཇིག་རྟེན་གྱི་དར་རྒུད་ལ་ཐུར་སྟོང་ཕྲག་བརྒྱུད་དེ་བྱུང་བ་དེ་རིགས་སུ་ཞིག་གིས་སྨྲ་ནུས། རེབ་གོང་གི་རོང་ཆེན་དགུ་དང་རོང་ཆུང་དགུ་རྫོང་ཆེན་དགུ་དང་རྫོང་ཆུང་དགུ་སོགས་ནི་ད་ལྟ་ང་ཚོ་ལ་སྣང་བའི་འདི་འདྲ་ཞིག་གཏན་ནས་མིན་པར་ཁྲི་སྡེ་ཆེན་པོ་རྣམས་ཀྱི་ཡོངས་སུ་གང་ཡོད་ལ། མཚན་སྙན་ཅན་འགའ་རེ་དང་སྡེ་ཚོ་འགའ་རེའི་ཤུལ་ད་ལྟའང་དམེ་ཤུལ་དུ་འདྲེས་པའི་ཡ་རོང་གི་ཚོ་བ་གསུམ་གྱི་རྒྱུད་མ་སྟོངས་ཙམ་ཞིག་ལུས་འདུག་པ་ལྟ་བུའོ།།

བོད་པ་དེ་དག་ནི་ང་ཚོ་རེབ་གོང་བ་རྣམས་ཀྱི་ཕ་མེས་སྔོན་མ་ཡིན་ལ་རིགས་ནི་གཙོ་བོ་རྗེ་རིགས་དང་། དམངས་རིགས་གཉིས་སུ་འདུ། རུས་ནི་བོད་ཀྱི་ཕྱི་མོའི་རུས་ཆེན་བཞི་འམ། གདུང་རྒྱུད་ཆེན་པོ་དྲུག་ལས་གྱེས་པ་ཡིན་པས་ཕྱི་ནང་གི་རིགས་རྒྱུད་བཞི་ཟུང་དོན་སྟེང་ནས་ཚང་འདུག ཆོ་འབྲང་ནི་སྤྲ་དང་བྲག་སྲིན་སོགས་རྩ་བར་གྱུར་བ་དང་། གཞན་ཡང་རིགས་སྣ་ཚོགས་ཤིག་བྱུང་ཡོད་མོད་ཀྱི། ཁྱབ་ཆེ་བ་ནི་བོད་ཀྱི་རིགས་ཡིན། དེ་དག་གི་ཁུངས་གཏུགས་ས་ནི་རྒྱ་བོད་ཀྱི་ཡིག་ཚང་དག་ལས་ཕྱི་ནང་གི་རིགས་བཞི་ཞེས་གྲགས་པ་དེ་ལྟར་དང་།  ཁྱད་པར་རླངས་ཀྱི་པོ་ཏི་བསེ་རུ་སོགས་ལས་རྗེའི་གདུང་རབས་ལ་རྐྱང་ཁུག་རྒྱུད་གསུམ་ལས་གྲོལ་ཚུལ་དང་། འབངས་ཀྱི་མི་རབས་ནི་འབུམ་ཚོའི་མེས་པོ་སྲིད་པ་ཡེ་སྨོན་རྒྱལ་པོ་ནས་གྲོལ་བའི་རྒྱུད་སྔ་ཤས་ནི་སྲིད་པ་ཆགས་པའི་ལྷ་དགུ་དང་། རྗེའི་མགུར་ལྷ་བཅུ་གསུམ་སོགས་ཡིན་པ་ཡོངས་གྲགས་དོན་ལྡན་ཡིན་པས། ལོ་རྒྱུས་འདི་ནི་འཛམ་གླིང་གི་མི་རིགས་གཞན་ལ་དཀོན་པའི་ཁྱད་ཆོས་ཡིན་པ་ཤེས་སླ་ཡང་གཏིང་ཟབ། དེ་ཕྱིར་རེབ་གོང་འདིར་ཡང་ཕོ་ལྷ་དང་། སྐྱེས་ལྷ། ཞང་ལྷ། དགྲ་ལྷ་སོགས་འགོ་བའི་ལྷར་བསྟེན་ཏེ་དུར་ལྷ་མཆོད་སྲོལ་དར་ཆེ།

རེབ་གོང་གི་གནའ་མི་ཚོའི་ཆ་ལུགས་ནི་ཡུལ་གྱི་སྲུང་མ་དང་། འགོ་བའི་ལྷ། དགྲ་ལྷ། ཡུལ་བདག་གནས་བདག་ཚོའི་ཐང་སྐུ་རྙིང་བའི་སྟེང་བྲིས་པའི་ཆ་ལུགས་ཡིན་ངེས་ཏེ། ད་ལྟ་གསར་དུ་བཞེངས་པའི་ལྷ་དེ་དག་གི་རི་མོར་བལྟས་ན་རྒྱ་མ་བོད་ཀྱི་བཟོ་ལྟ་ཞིག་ཐོན་ཡོད་པ་དེ་ཡང་དེ་ལྟའི་བོད་པ་རྣམས་ཀྱི་ཚུགས་ཤན་ཤོར་བ་མིན་ནམ། ཡུལ་སྲོལ་ཆོས་དང་མཐུན་པའི་སྲོལ་ག་རིམ་གྱིས་ཚུགས་པ་རྒྱ་ཆེ་ནའང་། གཙོ་བོ་དམག་གི་རུ་བའི་གནས་སྟངས་ཁྱབ་བརྡལ་ཡིན། དུད་གྲངས་རུ་སྐོར་དུ་བརྩི། གོ་མཚོན་མདའ་མདུང་དར་གསུམ་གང་དུའང་ཁྲ་ལམ་མེར་ཡོད། གནའ་བོའི་དཔོན་གྱི་གོ་སའི་གནས་སྟངས་ལྟར་ཁྲི་དཔོན། སྟོང་དཔོན། བརྒྱ་དཔོན། ལྔ་བརྒྱའི་དཔོན་པོ། བཅུ་དཔོན། ཚོ་དཔོན། སྡེ་དཔོན་སོགས་དམག་མིའི་ཚོགས་པ་ཆེ་ཆུང་གི་སྒྲིག་རིམ་ཁོ་ནའི་དབང་གིས་བྱུང་བ་ད་ལྟའང་སྒྲ་ཟུར་ཙམ་རེ་མ་གཏོགས་ཉམས་མེད། རུས་དཔོན་གྱི་དབང་དུ་བྱས་པའི་སྟོང་དཔོན་ནམ་ལྡོང་དཔོན། ལྒ་དཔོན། ཚ་དཔོན། འབྲུ་དཔོན། དབྲ་དཔོན་སོགས་ཞིབ་ཏུ་བརྟག་ན་ཧ་ཅང་མང་། སྟག་ཤར་བའི་འཁོར་གསུམ་ཞེས་ཁྱིམ་གྱི་ནོར་བུ་ལྟར་གཅེས། ཁྱིམ་རྒྱུད་ཀྱི་རུས་མིང་གཏན་ཆགས་ཡོད་པ་ནུབ་འཕྱི། ཆེ་ཆུང་རྒན་གཞོན་གོང་འོག་ཕན་ཚུན་ལ་བརྩི་བཀུར་གཅེས་སྐྱོང་གི་ལུགས་སྲོལ་ཤིན་ཏུ་ཞིབ། རྒྱལ་ཁྲིམས་དང་སྡེ་བའི་ནང་ཁྲིམས་ཡོད་པ་མ་ཟད། ཡ་རབས་ཀྱི་ཁྱིམ་ཚང་དང་གྲོགས་མནའ་བཅད་དག་གི་ནང་ཁྲིམས་བར་ཁྲིམས་ཀྱང་དམ་པོར་འདུག རུས་རྒྱུད་ཕྱོགས་བཞི་མཚམས་བརྒྱད་དུ་གྱེས་པ་ཐམས་ཅད་ཀྱི་ཁ་འཛིན་དང་རྒྱབ་བརྟེན་གཅིག་ལ་བྱེད་པ་སོགས་ཀྱི་གོམས་འདྲིས་ད་དུང་ཡང་ཤུལ་ཙམ་ལུས་ཨེ་ཡོད་སྙམ།

ཆོས་རྒྱལ་སྲོང་བཙན་གྱི་དུས་སུ་རྒྱ་བོད་ཀྱི་སྡེ་གཟར་ཇེ་སྡུག་ཏུ་སོང་སྟེ་མདོ་ཁམས་སྟོད་སྨད་དུ་སྐྱ་དམག་ཁྲི་དྲུག་ཅུ་ལྷག་རེ་འདུས་སྡོད་བྱེད་པའི་ཁྲོད་མང་ཤས་ནི་མདོ་ཁམས་པ་རེད། སྐབས་དེ་ནས་བཟུང་དབུས་གཙང་ཕྱོགས་ཀྱི་དམག་དཔུང་རྒྱུན་མི་ཆད་པར་ཨ་མདོའི་རུ་སྡེ་སོ་སོར་ཁ་སྣོན་བྱས་པ་ལས་གང་མཚམ་གྱི་བྱས་པ་རེ་ཡོད་པ་དག་བུ་རང་སྐྱེས་ཀྱི་སྒོ་ནས་སྡེ་དཔོན་ཚོ་དཔོན་དུ་གྱུར་པ་མང་བར་མ་ཟད། ད་ལྟ་རང་ཅག་ལ་གསལ་བའི་ལོ་རྒྱུས་སྟེང་གི་མི་སྣ་དང་། རིགས་རུས་ཀྱི་བདག་པོ་ལྟར་གྱུར་བའི་ཁྱིམ་གཞི་དེ་དག་ཀྱང་ཕལ་ཆེར་དེ་ལྟར་བྱུང་བ་རང་ཡིན། དེ་ལྟར་རལ་བ་ཅན་གྱི་སྐུ་ཚེ་སྨད་ལ་ཐུག་གི་བར་སྡེ་གཟར་དུས་ཟིང་གི་འཁྲུགས་འདུམ་སྣ་ཚོགས་ཡང་ཡང་བྱས་པས་རེབ་གོང་ལ་མཚོན་ནའང་མི་ཕྱུགས་གང་ཐད་ནས་གྲོན་པ་མི་ཉུང་། གཡུལ་ཐེངས་རེ་ལ་དམག་མི་ཁྲི་སྐོར་བྱས་ཏེ་སྲོག་ཤོར་བ་ནམ་བྱུང་ལ་ས་དེ་དང་དེ་ནས་ཁ་སྣོན་བྱས་ཏེ་མཐའ་གཏུགས། དེ་ཕྱིར་རང་གི་མངའ་རིས་ཀྱི་དོན་དུ་རྒྱལ་རབས་མང་པོ་ཞིག་ལ་འཁྲུགས་མཚམས་མ་བཞག་རྐྱེན་གཡུལ་ཕར་ལོག་ཚུར་ལོག་གི་དབང་གིས་སྔོན་ཆད་བྱུང་མ་མྱོང་བའི་སྐད་རིགས་དང་། གོམས་སྲོལ། མངའ་འབངས། རིགས་རུས་སོགས་ར་མ་ལུག་གི་སྣང་ཚུལ་དུམ་རེ་ཇེ་ཆེར་སོང་ཞིང་། དར་མའི་རྗེས་ནས་ཕྱི་འཁྲུག་ལས་ནང་འཁྲུག་གི་རྣམ་པ་མཆེད་དེ་ཕལ་བའི་དུས་རབས་སྔོན་མའི་ལོ་རྒྱུས་ཀྱི་སྣར་ལ་འཇུ་དཀའ་བར་གྱུར། བོད་སིལ་བུར་ཐོར་བ་ནས་བཟུང་གང་བྱུང་གི་ལོ་རྒྱུས་གསལ་བ་ལྟར་ཡིན་པས་རེབ་གོང་གི་གནས་ཚུལ་ཡང་བལྟས་ཚོད་ལ་ཤིན་ཏུ་ལེགས་ཀྱང་། དོན་རྩ་ནས་ཇེ་སྡུག་ཏུ་སོང་བ་བཤད་མ་དགོས། ཡིནའང་བླ་ཆེན་པོ་དང་རྗེ་ཐམས་ཅད་མཁྱེན་པ་ལྟ་བུ་ཡུལ་ཕྱོགས་འདིར་འཁྲུངས་ཏེ་སངས་རྒྱས་ཀྱི་བསྟན་པ་མདོ་ཁམས་སྨད་ནས་ཡར་གསོས་ཚུལ་སོགས་བརྗོད་ཀྱིས་མི་ལངས།

མཚམས་འདིར་ཁྱེད་ཚོའི་ཐུགས་ལའང་མདོ་སྨད་ནི་བོད་ཀྱི་ཆོས་སྲིད་ཀྱི་སྲོག་འཛིན་པའི་བཀའ་དྲིན་འཁོར་ཐབས་མེད་པ་ཞིག་འདུག་སྙམ་པ་འཆར་སྲིད། གོང་གསལ་ལོ་རྒྱུས་ཀྱི་རྨང་འདིང་དེའི་སྟེང་ནས་མ་འཆོར་བར་བྱེ་བྲག་ཏུ་ཤེས་རྒྱུ་འགའ་རེ་འགོ་འབུས་ཙམ་བབརྗོད་ན། རོང་བོ་ཟེར་དུས་རུས་མིང་ཡིན་པས་དེ་ཡུལ་མིང་ལ་ཐོགས། གཙོ་བོ་འབྲུའི་རིགས་ཡིན། གནའ་དུས་བྱུང་བའི་རོང་བོའི་མི་སྡེ་དེ་དག་གི་མིང་ཕལ་ཆེར་ས་མིང་དུ་གྱུར་འདུག་སྟེ་ད་ལྟ་ས་དཀྱིལ་སོགས་འགའ་ཞིག་ཙམ་མོ། །བིས་པ་གྲོང་བོ་ནི་དྲུང་གཞོན་ནུ་སེང་གེའི་རྒྱུད་དེ་ཏཱ་དབོན་པའི་ལོ་རྒྱུས་རྣམས་སུ་གསལ་བ་ལྟར་ལུགས་གཉིས་མངའ་ཐང་ཡ་མེད་ཅིག་ཡིན་ནཔ་གཞན་དུ་འཆད། ད་ལྟའི་ངག་རྒྱུན་ལ་འབྱམས་པ་རེབ་གོང་གི་རུས་གཙོ་ཤས་ཀྱི་ཕྱོགས་གཅིག་ནི་བསེ་རྒྱལ་ཧོར་གསུམ་དུ་གྲགས། དེ་ལས་རྒྱལ་པོ་རླངས་ཚང་ནི། མཐུ་ཆེ་དམ་ཚིག་མ་ཉམས་པ། །སེ་ཁྱུང་དབྲ་ཡི་བུ་རྒྱུད་ཡིན། །ཞེས་པ་ལྟར་ལྷ་རིགས་རླངས་ཀྱི་ཕྱུག་ཕུགས་དབྲ་ལ་ཐུག་ཅིང་། དེ་ལས་ཨར་ཁྲ་བོའི་རྒྱལ་པོ་རླངས་མཆོག་གི་རྒྱུད་མང་སྡོམ་སྟག་བཙན་དང་། བཙུན་མོ་སྨན་བཙུན་མ་གཉིས་ཀྱི་སྲས་ལྷ་རིགས་འཕན་པོ་རླངས་ལྷ་གཟིགས་ཀྱི་བུ་རབས་རླངས་ཨ་སེང་ལ། སྲས་ཨ་གསེར། དེ་ལ་ཨ་སྐྱབས་བུ་བདུན་དང་། དེའི་ཁར་དཔལ་དང་བརྒྱད། བཙན་དང་དགུ་ཡོད་པ་ལས་ཆུང་བ་ཞིག་རེབ་གོང་རྒྱལ་པོར་ཁ་འཛིན་དུ་འོངས་ཏེ་གཞི་ཆགས་པར་བུ་བཞི་བྱུང་། དེ་ལ་རྒྱལ་པོ་ཨ་སྐྱབས་བུ་བཞི་ཞེས་གྲགས་ཏེ་ཕྱིས་སུ་བུ་རེ་རེའི་རྒྱུད་དུ་མི་སྡེ་རེ་བྱུང་ངོ་། །རྒྱལ་པོ་གཉུག་མའི་སྡེ་ཞེས་བཤད་པ་ནི་གོང་གསལ་རྒྱལ་པོའི་རིགས་ཡིན་གྱི་རླངས་ཚང་ནི་མ་ཡིན། རྒྱལ་པོའི་རིགས་རུས་སུ་འབྲུ་སོགས་མང་བ་མངོན་གསལ་ལྟར་རོ།།

སྤྱི་དབྲ་ལ་དཀར་ནག་ཁྲ་གསུམ། དབྲ་དང་པོའི་རྒྱུད་ཀྱི་ཆེ་དགུ ལྷ་དབྲ་སྨུག་པོ་མཆེད་བཅུ། དགུ་འབུམ་དབྲ་ཡི་མཆེད་དྲུག ཡུལ་བ་དང་བྱེས་པ་སོགས་བྱེ་བྲག་ཤིན་ཏུ་མངས་པས། ཧོར་སྙན་བཟང་དང་། སྟོང་ཆོས། ཨ་ཀྲོང་། མདོ་བ། གཉན་ཐོག་བསེ་རི་ཆུ་བར་གསུམ། ཙོང་ཁ་སྟོད་སྨད། འབལ་རྩ་གོང་འོག་འབྲོ། ཁྱུང་བོ་སོགས་ཀྱི་རུས་རྒྱུད་དུ་ཁྱབ་ཆེ། དེ་ཕྱིར། ཉིན་ཕྱོགས་ཐམས་ཅད་བསེ་ཡིས་གང་ཟེར་བ་ལྟར་བསེ་རིགས་ཤིན་ཏུ་འཕེལ་རྒྱས་ཡོད་པ་ཡང་ད་ལྟ་ཤུལ་ཙམ་གྱི་སྡེ་ཚོ་འགའ་ཞིག་ཡོད་པ་འདིའོ། །བསེ་རིགས་དང་སྲས་རིགས་གཉིས་འདིར་མི་འདྲ། སྔ་མ་གདུང་རུས་ཀྱི་མིང་དང་། ཕྱི་མ་བློན་ཆེན་མགར་དམ་པ་དང་། མགར་སྟོན་དམ་པ་ཆོས་སྡིངས་གཉིས་ཀྱི་སྲས་རྒྱུད་ལ་རེབ་གོང་འདིར་རུས་མིང་དུ་ཐོགས་པ་ཙམ་ཡིན་ལ་ལོ་རྒྱུས་ཅུང་ཟད་གསལ། ཧོར་ཚོ་བཞིའི་ནང་གི་ཧོར་ཚོ་དང་སྒོ་དམར་རུས་བསྒྲིགས་ཏེ་ཧོར་ཇིང་གིར་གྱི་རྒྱུད་པ་ཡིན་པར་སྨྲ་མཁན་འགའ་བྱུང་བ་ལ་ལན་འདེབས་དོན་མེད་མོད། འོན་ཀྱང་དགོས་དབང་གིས་བཤད་ན། ཇིང་གིར་ཧན་གྱི་རྒྱུད་ཡིན་ཟེར་ན། དེ་ས་སྐྱ་པཎ་ཆེན་དང་འགྲོ་མགོན་འཕགས་པ་ཧོར་ཡུལ་དུ་བྱོན་དུས་འདས་ཟིན་པ་ཞིག་དང་། ཁོ་མཚོ་སྔོན་ཕྱོགས་ལ་འབྲེལ་བ་མེད་པ་ཞིག་ཡིན་པས་སྒོ་དམར་གྱི་མཁར་རྙིང་ལ་ཅིན་གར་ཞེས་པ་ཤར་ནུབ་ཀྱི་ཁྱད་ཙམ་ཡང་མ་ཤེས་པའི་གཏམ་ཉིད་དོ། །ཡིན་ན་ཀུ་ཤྲཱི་ཧན་བསྟན་འཛིན་ཆོས་རྒྱལ་ཡིན་དགོས་ཀྱང་། ཁོ་བླ་མ་ཆོས་པ་རིན་པོ་ཆེ་དང་ན་ཟླ་ཡིན། ཁོས་མདོ་ཁམས་སྒང་དྲུག་དབང་བསྒྱུར་བ་ལ་ངལ་བའི་དུས་སུ་རེ་སྐོང་ལ་རྐང་པ་སྤོས་མེད་པ་མ་ཟད། དེ་དུས་རོང་བོ། བློན་ཆེ། གླིང་རྒྱལ། མདོ་བ་སོགས་གཙོ་བྱས་ཏེ་སོག་པོ་དང་འཁྲུག་ཚབས་ཆེན་པོ་བྱུང་མཐར་རེ་སྐོང་སོག་པོ་དང་ཁ་བྲལ་བར་གྱུར། དར་རྒྱལ་གྱིས་ཀྱང་རེ་སྐོང་བཙན་སྡེ་ཡིན་པས་ཁྱོད་ཀྱིས་མ་ཐུབ་ན་མི་ཐུབ་ཅེས་ཇི་ནང་ལ་ཁ་ཆེམས་བཞག ཇི་ནང་དཔོན་གྱིས་ཀྱང་ཡབ་རྗེ་སྐལ་ལྡན་རྒྱ་མཚོར་རྟ་སྟོང་འབུལ་སོགས་ཀྱི་འབུལ་ཆེན་བཏེགས་ཏེ་སྦྱིན་བདག་གི་སྣ་བོ་ཞུ་བར་ཁས་བླངས་ཤིང་། གུར་དཀར་པོ་ཅན་གྱི་མི་སྡེ་བྲན་དུ་ཕུལ་བས་ཀྱང་སྣ་ཐག་གི་སྣེ་ཙམ་ཡང་མ་བསྟན། སྐྱབས་མགོན་སྐུ་ཕྲེང་གཉིས་པས་ཀྱང་སྔར་སྲོལ་མཛད་པར་བརྟེན་ལྷ་བར་ལ་འདྲེ་ཞུགས་ཏེ་སོག་པོ་དཔོན་ཚང་དང་རོང་བོ་དགོན་ཆེན་གྱི་བར་ལ་མི་འོས་པའི་གྱོད་དང་། རེ་སྐོང་དང་བཀྲ་ཤིས་འཁྱིལ་གཉིས་ཀྱི་བར་ལ་རྒྱུན་མི་ཆད་པའི་དོན་དག་རེ་བྱུང་སྟེ་ལོ་མང་རབས་ཕྱིན་པའི་དོན་རྩ་གང་ཡིན་པར་ཚུར་གྱིས་ད་དུང་གསལ་བོ་རྟོགས་མེད་པ་ནི་བློ་གཟུ་བོས་མ་བརྟགས་པ་ཁོ་ནའོ། །

ཡབ་རྗེ་བླ་མས་སྒོ་དམར་གྱི་དགོན་པ་བཏབ་པའི་ཚེ་ན་ཅིན་གར་གྱི་མཁར་ཟངས་མའི་སྒོ་ཅན་པོ་དེ་ཡང་འཐོར་ཞིག་ཏུ་སོང་ཟིན་པ་ཨེ་མ་མཚར། ཀུ་ཤྲཱི་ཧན་གྱི་བུ་ཞིག་ས་འདིར་སྐྱེས་པ་ཡོད་ཆོག་མོད་ཀྱང་། ཁོའི་ལོ་རྒྱུས་ནི་ཀུན་ལ་གསལ་ཁ་ཡོད་པ་ཞིག་དང་ཡི་གེར་འཁོད་པ་ཞིག་ཡིན་པས་ཚུལ་འདི་ད་སྔ་མ་མཐོང་། གདུང་བཞུགས་ཟེར་བའི་ཐ་སྙད་ཙམ་པོ་དེ་ཆུ་མར་ཡོད་པའི་བླ་མའི་གདུང་དང་འདྲ་སྟེ་ཆ་མ་འཚལ། ཡབ་རྗེའི་སྐུ་དུས་སུ་རྒྱ་སོག་དང་འཁྲུག་པའི་ལོ་རྒྱུས་བོད་ཕྱོགས་ན་དེ་ཙམ་མི་གསལ་ཡང་གཞན་ཕྱོགས་ན་ཞིབ་གསལ་འདུག་པས་དེ་ལའང་འབྲེལ་ཆེ་མོད་དེའི་སྐད་ཆ་ཉམས་ཟིན། དེ་ནས་ཧོར་གྱི་རིགས་རྒྱུད་ཅིག་ཀྱང་འདུག་ཟེར་ན་མི་མཚམ་པ་མེད་ཅིང་དེ་ལ་ཧོར་གྱི་ལས་ལུང་ཐོབ་པ་ཞིག་ཡིན་ཞེ་ནའང་ཆོག་མོད། འགའ་ཞིག་བདེན་དོན་ལས་དཔག་ཚད་དང་རྒྱང་གྲགས་ཀྱིས་བརྒལ་ཏེ་ཅི་ཟེར་ན། ཧོར་མི་སྔ་ན་བློན་ཆེན་མགར་སྟོང་བཙན་གྱི་སྲས་རྒྱལ་མཚན་འབུམ་གྱི་དུས་ན་ཧོར་སྡེ་ཆགས་ཡོད་པས་ཧོར་རྒྱལ་མཚན་གཞུང་ཞེས་ཐོགས་པ་རེད་ཟེར། འོ་ན་སོག་པོ་བོད་ལ་གོམ་ཁ་སྤོས་པའི་ཐོག་མ་ཡོན་རྒྱལ་རབས་ཀྱི་དུས་སུ་སྨད་སོག་ནས་རྟ་དམག་མང་པོ་ཐོན་པ་དེ་ཡིན་པས། ཁྱོད་ཚོསི་ཅིན་གར་དང་ཐཱང་ཐེ་ཙོང་གི་སྐབས་ལ་ལོ་ངོ་སྟོང་ཕྲག་གི་འདོ་ཇི་ལྟར་གཏུགས་རྩིས་ཡོད། ཀུ་ཤྲཱི་ཧན་དང་བློན་ཆེན་མགར་གཉིས་མི་ཐོག་གཅིག་ལ་བཅོ་ཐབས་ཡོད་དམ། དེས་ན་བོད་ཀྱི་དབྲ་རིགས་ལས་བྱུང་བའི་ཧོར་སྡེ་དང་རླངས་རྒྱུད་ཀྱི་ཧོར་སྡེ་རྣམས་བོད་ཡིན་མིན་གྱི་གཏམ་ཕར་ཞོག སྨད་སོག་གི་རྒྱལ་རྒྱུད་དང་མི་ཉག་སོགས་ཀྱང་བོད་རྒྱུད་ཁོ་ན་ཡིན་ལ་རེབ་གོང་མི་ཉག་གི་གཞུང་ཆེ་ས་ཞིག་ཡིན་ཚུལ་མངས་ཀྱིས་དོགས་སོ། །སྤྱིར་ཧོར་གྱི་མིང་ཐོགས་ཚད་ཀྱི་སྟེང་ནས་བཤད་ན་སྟོད་སོག་དང་སྨད་སོག ཕྱི་སོག་དང་ནང་སོག རྒྱ་སོག་དང་བོད་སོག ཧོར་སེར་དང་ཧོར་ནག  ཧོར་སོག་དང་ཧོར་རྒྱ། ཟ་ཧོར་ཁྲེ་ཙེ་སོགས་ལ་ཧོར་མིང་ཡི་གེའི་སྟེང་ཐོགས་ཡོད་པར་མ་ཟད། བྱུང་བརྒྱ༼འཕྱོང་རྒྱས༽དང་། ཀམ་ཟས། སྟོང་སྐོར་སོགས་ཡུལ་གྲུ་མང་ཞིག་ཏུ་ཧོར་མིང་ཅན་མི་ཉུང་བ་བྱུང་། གོང་གི་འདོད་ཚུལ་འདི་འདྲའི་རིགས་སུ་གྱུར་བའི་ནོར་འཁྲུལ་ཅན་གྱི་ངག་འཆལ་སྨྲ་བའི་ཤེས་རློམས་དག་སྨྲ་བ་ཉུང་ན་མཛེས།

རེབ་གོང་གི་ལོ་རྒྱུས་སྟེང་རེབ་གོང་དམག་གིས་ཟི་ལིང་གྲོང་ཁྱེར་ལ་སྔ་གཞུག་འཁྲུག་ལོང་བཟོས་ཚུལ་རྒྱའི་ཨན་བྷན་གྱི་ལོ་རྒྱུས་དང་གོང་མའི་བླ་དབུ་སོགས་ཆེ་རིམ་ཁག་གི་རྣམ་ཐར་ན་བུད་ཡོད། དེ་ལའང་རྒྱུ་མཚན་འདི་མཆིས་ཏེ། སྔོན་ལྡོང་ཟི་ནའི་རིགས་ཀྱིས་དབང་བསྒྱུར་བའི་ཟི་ནའི་མཁར་དེ་རྗེས་སོར་གོང་མའི་བཙུན་མོ་ཞིག་ལ་ཡུལ་མི་རྣམས་ཀྱིས་རྐང་བ་ཆེ་ཞེས་སྐྱོན་བཙུགས་པར་བརྟེན་བཙུན་མོས་དེ་དག་ཡུལ་ནས་སྤྱུགས་པ་རིམ་བཞིན་བརྒྱུད་དེ་ཟི་ལིང་དུ་རྐང་བཙུགས་ནས་ས་བཟུང་བར་བསྡད། ཟི་ན་དཔལ་འབྱོར་རིན་ཆེན་ཟེར་བས་སྒེར་འཛིན་ཀྱང་བྱས། རེབ་གོང་གི་ལོ་རྒྱུས་སྟེང་ཙོང་ཁའི་ཕྱོགས་ལ་རུས་འབྲེལ་ཁྱབ་ཆེ་བ་དེ་དག་གི་རུས་ལྡོང་ཡིན་པས། ངག་རྒྱུན་ལའང་། མི་ཕྱེད་བོད། བོད་ཕྱེད་ལྡོང་། ལྡོང་ཕྱེད་ཟི་ན། ཞེས་གྲགས་པ་རེད་ལ། ད་ལྟའང་སྐུ་འབུམ་ཚོ་དྲུག་དང་ཟི་ལིང་གྲོང་ཁྱེར་ཉེ་འཁོར་དང་བཅས་པའི་གཞི་འཛིན་གྱི་རྒྱུད་ལས་བྱུང་བའི་གཞོན་ནུ་རྣམས་གྲངས་ཉུང་མི་རིགས་ཀྱི་ནང་དུ་འཚང་བཞིན་བོད་རིགས་ཡིན་པར་ཁས་ལེན་པ་མངོན་གསལ་འདི་རེད། དེ་ལྟར་ཧོང་ཀྲུང་རྫོང་ཁོངས་སུ་ཙོང་ཁ་དང་། འདན་མ། ས་སྐྱ། སེར་རྒྱ། ཁྱུང་བརྒྱ། ཐེབ་བརྒྱ། རྭ་ཁོ། སྟག་འཚེར། སྡོང་སྐམ། ཟི་ན་གཞུང་། ལམ་ལུང་། མཚོ་རོང་། ཀླུ་བརྒྱ། དཔའ་སྐོར། ཧོར་གཞུང་། བྲག་དཀར། རི་སྟག བ་ལུང་། ཤ་རྫོང་། གསེར་ཁ་སོགས་དང་། ཏཱ་ཐོང་རྫོང་དུ་བོན་ཁོག བ་ཡན། གླིང་རྒྱལ་ཡ་རུ་མ་རུ། བཙན་ཁང་། གསེར་ཁོག གཡུ་ཚ། སྟག་ལུང་། འབའ་ལིང་། ཐར་རིས་རྣམས་དང་། ཧུའུ་ཀྲུའུ་རྫོང་དུ་ཚ་བརྒྱ། སུམ་མདོ། རྨ་སྟོད། བུ་དགུ། བུ་བཟང་། བྱ་ཚང་། རྒན་གཞུང་། སྟག་ལུང་། སུམ་བྷ། དམར་གཙང་། ཧོར་བརྒྱ། འདན་མ། སྡོང་སྐམ། རྐ་བར་མ། ཨ་སྐྱིད། ཀ་བརྒྱ། མ་ཡང་། གཅན་ཚ། ཆུ་བཟང་། བྱ་ཁོག གཟི་བརྒྱ་རྣམས་དང་། ལོ་ཏུའུ་རྫོང་དུ་ཙོང་ཐར་གོང་ཞོལ། ཚ་ལུང་། ར་རྒན། དབྱར་རྩ། མ་ཡང་། ལྷ་ཁང་། གླིང་བརྒྱ། ཧོར་ནག མདོ་བ། རྨ་སྟོད། གྲོ་ཚང་། སྟག་ལུང་། ལུང་བཟང་། རྒྱལ་པོ་སོགས་དང་། མེན་ཧོ་རྫོང་གི་རི་རྩ། ཟི་ན། མ་ཡང་་སོགས་རུས་འབྲེལ་ཐག་ཉེ་བའི་ཕྱོགས་ཡིན། དེ་ལྟར་བོད་ཀྱི་རུས་མིང་དང་རུས་རྒྱུད་རྩ་བ་དང་ཡན་ལག གཞུང་རྟ་དང་ཡལ་གའི་ཚུལ་དུ་གྱེས་པ་ཡིན་པའི་ཐ་སྙད་གང་འདོད་ཀྱིས་བརྗེ་སྤོར་བྱེད་མི་རུང་ངོ་།།

རབ་བྱུང་བཅོ་ལྔའི་ཡར་སྔོན་རེབ་གོང་ནི་རུས་ཁུངས་གཅིག་གི་ལྗོངས་ཆེན་པོ་ཞིག་ཏུ་གྱུར་ཡོད། བོད་རྒྱལ་འོད་ལྡེའི་བུ་གཉིས་པ་དེས་འཕན་པོ་ཡུལ་ནས་ཁྲི་འབངས་མི་ཉུང་བ་ཞིག་ཁྲིད་དེ་སྤྱི་ལོ་དགུ་བརྒྱའི་དཀྱིལ་ཙམ་ན་མདོ་སྨད་དུ་ཐེགས། ཁྲི་གཤོག་རྒྱལ་མོའི་མཚོ་འགྲམ་དུ་བོད་ཁྲི་སྡེ་མང་པོ་ཆགས། དཔའ་རིས་ཕྱོགས་སུའང་དེ་ལྟར་ཕྱིན་པས་དཔའ་རིས་ལས་འཕན་ཡུལ་གྱི་སྐད་མ་ཉམས་པར་ཡོད། སྔོན་གྱི་རྒྱལ་ཕྲན་རྣམས་ཀྱི་རྒྱལ་རྒྱུད་ཕལ་ཆེར་གྱི་མིང་མཐར་རྒྱལ་ཞེས་ཡོད་པ་རྒྱ་དང་གྱཱ་སོགས་གང་ཐོན་བྲིས་པའི་གཡའ་སེལ་དགོས། རེབ་གོང་ལ་རོང་ཚ་ཆེན་བཅོ་བརྒྱད་དང་། ལྡོང་ཚ་ཆེན་བཅོ་བརྒྱད་ལས་གྱེས་པའི་རུས་རྒྱུད་ཀྱང་དར་སྔ། སྔོན་ཆད་རྨ་བྱང་རྒྱུད་ཀྱི་ཤིས་བཞིན་ཡར་མར། སྟོད་ཚ་བ་དྲུག སྨད་ཚ་བ་བཞི་རྣམས་ཀྱི་རུས་བདག་ཏཱ་དབོན་པའི་རབས་སུ་གྱུར། ཏཱ་དབོན་པའི་མི་རབས་བརྒྱད་ཅུ་བྱུང་བ་ལས་ཀྱང་རྨ་ལྷོ་བྱང་གི་ཕྱོགས་ལ་གྲོང་བོའི་རིགས་ཀྱིས་བདག་བྱས་པ་ཡང་རོང་བོ་གྲོང་བར་འབྲེལ་ཆེ། ཏཱ་དབོན་པས་སོག་པོ་ཐུ་མེད་ལ་རྒོལ་བ་བྱས་པར་གོང་མ་ཟོན་ཏེས་རོགས་རམ་བྱས་པར་གྲགས་ཀྱང་། རེབ་གོང་ལ་མཚོན་ན་གོང་མ་ཟོན་ཏེས་བློ་གྲོས་སེང་གེ་དབུ་བླར་བསྟེན་ཡོད་སྐབས་རོང་བོ་ཏཱ་དབོན་པའི་མངའ་ཐང་རྩ་གཏོར་དུ་བཏང་། ཤིས་གཙང་དཔོན་པོ་ལྷ་རྒྱལ་གྱིས་ཀྱང་རོང་ཆེན་མདོ་སྡེ་འབུམ་གྱི་བུ་མོ་བག་མར་བསུས་ཏེ་གུར་མགོན་གྱི་རྟེན་སྐལ་གདན་དྲངས་པ་ནས་ད་ལྟའི་བར་བསྟེན། མངའ་རིས་ལ་དྭགས་རྒྱལ་པོའི་གདུང་རྒྱུད་འབྲུ་ལས་མཆེད་པ་གླིང་ཚང་རྒྱལ་པོ་ཟེར་བ་ཞིག་གི་རྒྱུད་རེབ་གོང་ན་ཡོད་པ་འདྲ་བས། འབྲུའི་རྒྱལ་ཕྲན་བཅུ་གཉིས་ཀྱི་ལོ་རྒྱུས་ལ་བལྟ་རྒྱུ་ཞིག་འདུག

ཡང་ཅོ་ནེ་དཔོན་པོ་ཡང་ཞུ་་ཟེར་བ་ཐུ་མེད་དང་འཁྲུག་པ་གླིང་མའི་ཁོག་ནས་གྱོད་གཞི་འདུམ་དུས་ཨ་མཆོག ཨ་འཁོར། རྗེ་ཚང་། ཆོས་འཁོར། ཡ་རུ་མ་རུ་སོགས་ཀྱི་མི་སྣ་འཛོམས་སར་ནས་གླིང་རྒྱལ་ཡ་རུ་རེབ་གོང་དུ་འོངས་པ་ལ་གཞི་ཆེ། དབལ་ཤུལ་ཕུར་བ་ཐར་གྱི་བུ་གེ་འཕན་གྱི་རྒྱུད་རྒན་རྒྱ་ཡིན་པར་བཤད་པ་རྒན་རྒྱའི་ཚོ་སྐོར་གཅིག་ཡིན་ན་མ་གཏོགས། རྒན་རྒྱ་ཨ་བར་ཐེ་བུ་སོགས་རླངས་རྒྱུད་སྔོན་ནས་ཡོད་པ་འདྲ་ཡང་དབལ་ཤུལ་རུས་མཛོད་ལས་དེ་ལྟར་བཤད། ངག་རྒྱུན་ལ་ས་དཀྱིལ་ཏཱ་བེ་ཧུ་ཟེར་བ་དེ་ཏཱ་དབོན་པའི་དཔོན་རྒྱུད་ཡིན་པས་སྒྲ་ཟུར་ཉམས་པ་ཞིག་ལས་རྒྱ་ཐོབ་ཀྱི་མིང་མིན། སྔོན་ས་དཀྱིལ་དཔོན་ཚང་གི་ཁང་རྙིང་ཞིག་ཏུ་སྤེན་མའི་ཀ་བ་ཆེན་པོ་ཞིག་ཡོད་པ་ལ་བསྐལ་བ་ཡ་ཐོག་གི་ཤིང་ཞེས་གྲགས་པས་གང་ལྟར་ནའང་ལོ་རྒྱུས་རིང་འདུག ས་དཀྱིལ་དཔོན་པོའི་གདུང་རུས་མགར་གྱི་རིགས་ཏེ་སྲས་རྒྱལ་མཚན་འབུམ་གྱི་བུ་རྒྱུད་ཡིན། སྔོན་ཐང་གི་སྐྱ་དམག་དང་གཡུལ་བཀྱེ་སྟེ་རྒྱལ་ཁ་བླངས་པའི་ཐང་ཡིན་ཕྱིར་རྒྱལ་ཐང་དུ་གྲགས། དུས་རབས་བརྒྱད་པའི་འགོར་ཉི་ཐང་གི་མི་རྒྱུད་རེབ་གོང་དུ་འོངས་པ་མང་། ཁམས་ཀ་ཐོག་བུ་བཞིའི་ནང་ཚན་སྡེ་དགེ་རྒྱལ་པོའི་སྤུན་རྡོ་རྗེ་དབང་པོ་ནས་ཁམས་ཕྱོགས་ཀྱི་རུ་སྡེ་མང་ཞིག་ཁྲིད་འོངས་ཏེ་རེབ་གོང་དུ་གཞི་བཟུང་བའི་རྒྱུད་ཀྱང་ཉིན་སྲིབ་ཀུན་ལ་ཁྱབ། སྐབས་དེ་དག་ཏུ་ཀ་ཐོག་རྡོ་རྗེ་བུ་བཞི། རྒྱལ་པོ་ཨ་སྐྱབས་བུ་བཞི། སྲས་རྒྱལ་མཚན་བུ་བཞི། ཧོར་ཀུན་འབྱུང་བུ་བཞི། མགར་རིན་ཆེན་བུ་བཞི་སོགས་ངག་རྒྱུན་ལའང་གནས། དེ་ཕྱིར་ཀོའུ་སྡེ་བྱང་ཆུབ་སོགས་ཀྱི་ཡོངས་གྲགས་ལོ་རྒྱུས་རྣམས་དང་མཐུན་ཚུལ་ད་དུང་བཙལ། ཨ་ཆས་རྟ་དམར་ཅན་གྱི་དམག་སྡེ་ཞིག་སོག་རུའི་གཞིར་བསྡད་པའི་ལོ་རྒྱུས་སོགས་རྫོང་སྔོན་ཚང་གི་དེབ་ཐེར་ན་གསལ་ཡང་དཔེ་དཀོན།

རྟིས་ཚང་གླན་གྱི་རིགས་ཏེ་སྔོན་ཆད་རུས་ལག་མང་། ཤ་སྦྲང་ཚོ་བཅོ་བརྒྱད་འབྲུའི་རིགས་ཡིན་པས། མདོ་མཁྱེན་བརྩེའི་རྣམ་ཐར་དུ་ཉང་ལ་མི་ཁྱིམ་འགའ་ཡིས་བཤད་པ་ད་ལྟའི་ཉང་ཚོ་འདི་མིན། ལ་དྭགས་རྒྱལ་པོའི་སྲས་དགྲ་འཇོམས་ནོར་བུ་དབང་ཕྱུག་གི་ལོ་རྒྱུས་ལྟར་ན་ཤ་སྦྲང་དང་མགོ་ལོག་མངའ་རིས། རྔ་བ་རུས་གཅིག་ནས་གྱེས་པས་ན་སྡོང་ངེ་ཡང་མངའ་རིས་ཀྱི་མི་རྒྱུད་ཡིན་འདུག འོན་ཀྱང་ཤ་སྦྲང་འབྲོག་གི་ཁོངས་སུ་ཨ་རིག་མདའ་བཞི། འཕན་པོ་དང་འབྲོམ། ཐར་ཤུལ་དང་བན་ཤུལ། ཆུ་མ་སྲིབ་མདོ་སོགས་ཕར་འདྲེས་ཚུར་འདྲེས་སུ་སོང་བ་མང་། སུ་རུག་དཔའ་མཆོག་དང་། ཆུ་རྒྱལ་རི་གསར། ཙོང་ཁའི་རུ་སྡེ་སོགས་ལྕགས་ཐག་ཁ་སྒང་དུ་གྱེས་པ་ཡང་མང་། ལྷ་བུ་རྗེ་དཔོན་སངས་རྒྱས་དངོས་གྲུབ་ཀྱི་རྒྱུད་དང་། བྱང་བ་ཧོར། སོ་ནག་ཐང་ཆེན་པ། གཡས་རུ་གཡོན་རུ་བ་སོགས་ཀྱི་ལོ་རྒྱུས་ཆེ་ཡང་ཅུང་གསལ། གླིང་ཚ་ཞིང་གི་རྒྱུད་ཀྱི་མི་ངོ་ཡང་འཕེལ་ཆེ་བས་ཁ་དཔེར་ཡང་། ཕོ་ངོ་ལྡོང་དང་རུ་ཡོང་ཚ་ཞེས་སུ་གྲགས། སྨད་པའི་ཕྱོགས་ལ་ལྡོང་གི་རྒྱུད་ཁྱབ་ཆེ་བས་འཇམ་ན་ལྡོང་དཔོན་གཅིག་ཡོད་པའི་རུས་རྒྱུད་ཡར་ནང་མར་ནང་ཀུན་ལ་འབྲེལ། རོང་ཆེན་དགུའི་ནང་གི་དཔྱི་ཡར་ནང་མར་ནང་མདོ་བ་གསུམ་ལ་དྲང་སྲོང་གི་རྒྱུད་དང་ལྡོང་རྒྱུད་མང་ཆེ།

དཔྱི་སའི་སྔགས་མཐུའི་རིང་དར་རྒྱལ་ཀླད་ནས་སྒྱོགས་འཕངས་ཏེ་ཀ་ཅིའི་མཁར་བཤིག་པའི་ལོ་རྒྱུས་དང་། གཉན་ཐོགས་དཔོན་པོ་ཚེ་དབང་རབ་བརྟན་གྱིས་རེབ་གོང་གི་དམག་འགོ་དྲངས་ཏེ་ཀ་ཅུ་ལ་གཡུལ་བཤམས་ཚུལ། བསྟན་འཛིན་ཝང་གི་དུས་རེ་སྐོང་དམག་གིས་ཟི་ལིང་གི་རྒྱ་གྲོང་བཅོམ་པ་དང་སན་ཡང་ཅིང་གི་མཁར་གཏོར་ཚུལ། རྡོ་རྒན་ཨམ་བྷན་སོགས་ཀྱིས་རེ་སྐོང་དང་སོག་པོ་འཁྲུག་པའི་གཟུ་བཅོས་ཏེ་ས་ཡ་ཙི་སྔར་སོ་ལྟར་རོང་བོའི་ནང་སོའི་ས་སྒོར་བཅད་ལུགས། ཧོར་གཙང་གནམ་ལྷ་སོགས་གཙོས་ཁོངས་གཅིག་ཏུ་བསྡུས་པའི་ཚུལ། ཨ་རིག་མགོ་ཤུལ་གྱི་ཚོ་བ་རེབ་གོང་དུ་གཞི་ཆགས་པ་ལ་ཀ་ཐོག་དཔོན་པོ་བློ་བཟང་གི་འགོ་འཛིན་བྱས་ཚུལ། ཨ་རིག་གི་རུ་སྡེ་མང་པོ་འཐོར་ཤུལ་དུ་བློན་ཆོས་དང་བྲག་དཀར་ནས་ས་བཟུང་ཚུལ། ཇ་སག་དཀོན་མཆོག་རིང་ལ་རྫོང་དཀར་མ་ཎི་བའི་རི་ཁྲོད་བཅོམ་དོན། དགོན་གོང་མ་དང་མགར་རྩེ་སྟག་ཡན་སོགས་བཀྱེ་ཚུལ། ཉན་གོང་ཡེའི་སྐབས་སུ་ད་ལྟའི་ཞིན་ཧེ་དང་ཐེན་རྫོང་། ཏུའུ་ལན། གིག་ལིས་སོགས་ཀྱི་སྡེ་ཕལ་ཆེར་རེབ་གོང་ནས་ཆད་ཚུལ། རི་རྔན་དང་རྐང་ཚ། མགོ་ལོག་ཚང་། དཔོན་ཚང་ཞོལ་མ་སོགས་ཇི་ལྟར་བཀྱེ་ཚུལ། སྲོང་བཙན་དུས་ཀྱི་དཔའ་སྡེ་ཆེན་པོ་གསུམ་གྱི་ནང་ཚན་གྱི་ལོ་རྒྱུས། འོ་དེ་གུང་རྒྱལ་གྱི་སྲས་ལྷ་ཚ་མཆེད་དགུ་དང་། ཕག་མོ་གྲུ་བའི་གདུང་རྒྱུད་བསེ་དགེ་སུམ་ཅུ་སོ་ལྔ། ཚ་རྗེ་མེས་གསུམ་གྱི་གདུང་རྒྱུད་གྲོལ་ཚུལ་སོགས་ངེས་པར་ཤེས་དགོས་རིགས་ཀྱི་ཟུར་ཙམ་ལས་ཡོངས་གྲགས་རྩོད་མེད་ཀྱི་ལོ་རྒྱུས་འདིར་མང་པོ་མི་བཤད།

རེབ་གོང་ཕྱོགས་སུ་གཉུག་མར་གྱུར་པའི་རུས་ད་ལྟ་གྲགས་ཟིན་ལས་གཙོ་བོ་ནི་དཀར། ཀླུ་དགེ་ཁྱུང་བོ། གྭ་ཟི། སྒང་། སྒོ། འགྱང་། ཉང་། དོལ། རྒྱལ། འབལ། འབེ། རྭ། གཤེན། ཚ། བསེ། རོང་ལ་སོགས་པ་ཡིན་པར་འདོད་ཀྱང་། དེ་དག་ལུགས་ལྡོག་གིས་ཕུགས་འདེད་རེ་བྱས་ཚེ་ད་དུང་སྔར་གོ་མ་མྱོང་བ་མང་པོ་ཞིག་འབྱུང་ངེས་དང་། མ་རྨོས་འབྲུ་ཟ་གོས་སུ་ཤིང་ལོ་གྱོན།། ཞེས་པ་སོགས་ཡིག་ཚང་ལས་འབྱུང་བ་དེ་དག་ལ་ཐུག་རྒྱུ་སྨོས་མ་དགོས། རེབ་གོང་སྟོད་ཕྱོགས་སུ་རྩེ་ལྷ་བཅུ་གསུམ། སྙིང་ལྷ་བདུན། འབལ་གྱི་མཐོན་པོ་བཅུ་གསུམ། ཐོག་ལྷ་སྤུན་གསུམ། བུ་མོ་སྤུན་གསུམ། གཡུ་འབྲོང་སྤུན་གསུམ། ཚེ་རི་སྤུན་གསུམ། གུས་རི་སྤུན་གསུམ། བྲག་དཀར་སྤུན་གསུམ། གླེ་ཞུར། གནམ་སྨན་ཕྱུག་མོ། སེ་རྒོད། གཉན་རི། དཔའ་རི། ཁམས་པ། མཐོང་རྩེ། སྟག་ལུང་། གྱོ་མོ། གཉན་དམར། ཁྲབ་ཆེན། གུང་མོ། སྤྲ་ལུང་། སྨན་རི། མཐའ་སྨུག  བྲག་དཀར། རྟ་འགྱིང་། ལྷ་རི། མཚོ་རྒན། ཡེར་ཐོ་སོགས་ཕུ་མདའ་བར་གསུམ་དུ་དཔའ་བོ་དང་དཔའ་མོ། བན་སྔགས་གྲུབ་པའི་ཆ་ལུགས་ཅན་བརྒྱ་ཕྲག་གིས་ཡུལ་ལྷའི་རྒྱལ་པོ་སེ་ཀུ་བྱ་ཁྱུང་ལ་གཡས་བསྐོར་དུ་གནས་ཡོད། འོན་ཀྱང་སྨད་ཕྱོགས་ན་རི་ལང་བཅུ་གཉིས་དང་། ཨོ་ཧྲན་བཅུ་གཉིས། གྱ་ཐང་བཅུ་གཉིས་སོགས་ཡོད་པར་གྲགས་ཀྱང་བསང་ཡིག་ཚད་ལྡན་རྣམས་དང་བསྟུན་ཚེ་སྔ་མ་བཅུ་གཉིས་ནི། རེབ་གོང་གི་རི་ཀླུང་བཅུ་གཉིས་ལ་གནས་པའི་གསང་བའི་ཀླུ་དབང་བཅུ་གཉིས་དང་། ཕྱི་མ་གཉིས་ཀྱི་ཁྲོད་ནའང་བོད་ལྷ་འགའ་རེ་མངོན་པས་རྒྱ་ལྷ་ཁོ་ནའི་གྲངས་སུ་མ་ངེས།

ལྷ་དེ་དག་གི་བྱུང་ཁུངས་ནི་ཤར་ཕྱོགས་ནས་འོངས་པའི་རྒྱའི་དམག་དཔོན་ཡིན་ལ། ཚེ་འདས་ནས་བྱད་དུ་གྱུར་པ་འགོ་བའི་ལྷར་བསྟེན། སྤྱིར་རྒྱ་ནག་ཆོས་ཕྱོགས་ནས་ཉག་ཕྲ་བས་མི་ཤི་རྗེས་ཁ་ལབ་པ་ཐོས་རྒྱུ་དང་། མིག་འཁྲུལ་འདྲ་སྣང་བ་བྱུང་ན་དགའ་མོར་བརྩི། དེ་ཕྱིར་རྒྱའི་དུར་མཆོད་ཀྱི་སྲོལ་དང་། འདས་པོའི་ལོ་རྒྱུས་ཀྱི་རྩེད་མོའི་ཤན་བོད་ལའང་ཞུགས་ཏེ་རིམ་བཞིན་ཞང་ལྷ་ཟེར་ནས་བསྟེན་རྒྱུ་ཞིག་ཀྱང་བྱུང་། ལྷ་ཟླ་ནི་ལྷ་བསྟོད་ཀྱི་ཟླ་བར་བྱེད་པ་དང་། ལྷ་རྔ་རྡུང་སྟེ་དམག་རྩེད་དང་དམག་མི་རལ་བ་ཅན་བྱེད་པ་ནི་བོད་ལུགས་ཉིད་ཡིན་ཡང་ད་ལྟའི་བཟོ་ལྟ་འདི་ལ་རྒྱ་སོག་གཉིས་ཆར་ནས་གསབ་ཁ་མི་ཉུང་། གོང་གསལ་རྒྱའི་ལྷ་དེ་དག་ལ་དགུང་ལོ་མཐོ་རྒྱུ་མེད་དེ། ཆིན་རྒྱལ་རབས་ཀྱི་དུས་སྨད་ལས་བསམ་རྒྱུ་མི་འདུག   ཟི་ཁྲོན་གྱི་རྒྱའི་དམག་དཔོན་པཱ་ཙོང་བོད་ལ་འབྲེལ་བྱུང་སྟེ་ཁོ་ལྷར་བསྟེན་པ་ནས་མི་རབས་ལྔ་མ་འདས་ཙམ། ངའི་སྐྱེས་ཁྱིམ་རུ་གོང་མའི་རྒྱལ་ཚང་ཞེས་པ་གནའ་བོའི་རུས་མིང་མ་འགྱུར་བར་ཡོད་པ་ཞིག་སྟེ་ཡུལ་སྐད་དུ་ལྷ་ཁྱིམ་ཞིག་རེད། ང་ཚོའི་མེས་པོ་གོང་མ་ཚོ་རྒྱ་སོག་དང་མི་རབས་འགའ་ལ་གྱོད་ཆེན་བྱུང་བས་ཁ་ཆེ་བ་རྣམས་དང་མཐུ་གཏོང་རེས་ཀྱང་བྱས་མྱོང་། སྐབས་དེ་དག་ཏུ་དགོས་དབང་གིས་པཱ་ཙོང་སོགས་བསྟེན་དགོས་པ་བྱུང་ཚུལ་ཧ་ཅང་གསལ། སྐྱེས་ལྷ་གྲུབ་ཐོབ་པའི་ཆ་བྱད་ཅན་གྱི་བོད་ཡིན། ཁྱིམ་རྒྱུད་རུས་གཅིག་གི་དབང་དུ་བྱས་ན་སྐྱེས་ལྷ་དང་རུས་ལྷ་མི་འགལ། འདི་ཕྱོགས་ལ་ལོ་རྒྱུས་ཀྱི་གཟེར་རྣོན་པོ་མང་ཡང་མི་སྤྲོ།

ཡུལ་གཅིག་ལའང་ལོ་རྒྱུས་སྟེང་སྤྱི་ཚོགས་ཀྱི་དཔལ་ཡོན་ཚད་མཐོན་པོ་ནས་ཇེ་དམའ་རུ་སོང་བའི་སྣང་ཚུལ་ཞིག་དང་། ཚད་དམའ་རིམ་ནས་མཐོ་རིམ་དུ་གྱུར་པའི་རྣམ་པ། ངེས་མེད་སོ་གནས་བཅས་ཀྱི་རྣམ་པ་མང་པོ་ཤར་ཡོད་པ་ནི་རང་བཞིན་ངོ་མ་ཡིན་མོད། མ་བཅོལ་བ་འགས་ཕྱག་ལག་འདྲུད་རྒྱུ་མང་བ་གྱོང་ཆེ་སྙམ། འདི་ཙམ་གྱིས་ཚིག་ཚོད་བཟུང་སྟེ་རེ་ཞིག་ངལ་གསོ་མཚམས་ནས་ཇི་སྐད་དུ་གོང་ས་ལྔ་བ་ཆེན་མོས། ཡ་རབས་ཚལ་དུ་རིགས་རུས་ཆོ་འབྲང་གི །ཡོངས་འདུའི་ལྗོན་པ་རྒྱས་པ་རྨད་བྱུང་ཡང་། །ཆེ་ལྡན་བྱ་བའི་སྤྱོད་ཚུལ་མི་ཤེས་ན། །གསེར་སྐྱོགས་སྣོད་དུ་ངན་སྐྱུགས་བླུག་དང་མཚུངས། །ཞེས་གསུངས་པའི་བདུད་རྩིའི་མཆོད་ཡོན་ཡང་འབུལ་བར་བགྱིའོ།།

སྨྲས་པ།  སྲིད་པའི་ལོ་རྒྱུས་གཏམ་སྙན་གཞུ་མོ་ལ།། ལེགས་བཤད་མེ་ཏོག་གཞོན་ནུའི་མདའ་མོ་ཁྱོད།། དཔྱད་གསུམ་གར་གྱིས་སྦྱར་ཏེ་འཕེན་ནོ་ཀྱེ།། གཟུར་གནས་མཁས་པའི་མདུན་སར་ད་ཆོངས་ཤིག།