རྩོམ་པ་པོ། ཚངས་དབང་དགེ་འདུན་བསྟན་པ།

“ལོ་ཙཱ་བ་རིན་ཆེན་བཟང་པོའི་སྐུ་གདུང་རྙེད་པ་” ཞེས་པའི་གསར་འགྱུར་ཐད་ཀྱི་དོགས་པ།

ཉེ་ཆར་ལོ་ཙཱ་བ་རིན་ཆེན་བཟང་པོའི་སྐུ་གདུང་རྙེད་པ་ཞེས་པའི་གསར་འགྱུར་ཞིག་ཚང་མས་བརྒྱུད་སྤེལ་བྱེད་ཀྱིན་འདུག     གསར་འགྱུར་འདིའི་ཡོང་ཁུངས་ནི་མངའ་རིས་རྩ་མདའ་རྫོང་རིག་དངོས་ཅུས་ནས་ཡིན་པར་བཤད།    འོན་ཏེ།   དེ་ཇི་ལྟར་ཡིན་ཚུལ་གྱི་གསལ་བཤད་གང་ཡང་མི་འདུག     ལོ་ཙཱ་བ་རིན་ཆེན་བཟང་པོ་ནི་བོད་ཀྱི་ལོ་རྒྱུས་ཐོག་མཚན་སྙན་ཤིན་ཏུ་ཆེ་བའི་ལོ་ཙཱ་བ་ཞིག་རེད།   ཁོང་གི་སྐུ་གདུང་དངོས་དེ་གང་ཡིན་མིན་ཐད་ལ་ཤིན་ཏུ་གཟབ་ནན་གྱིས་ DEAསོགས་ཀྱི་བྱེད་ཐབས་འདྲ་མིན་སྤྱད་ནས་བརྟག་དཔྱད་བྱ་དགོས་ལ།    དམར་གདུང་ཡིན་ན་དེའི་ཚོད་ཀྱིས་སྐྱི་ལྤགས་དང་།   སྐྲ།   སེན་མོ་སོགས་ལ་ཞིབ་ཕྲའི་བརྟག་དཔྱད་བྱེད་ཐུབ།   ད་དུང་རུས་ཚུགས་ལ་ཞིབ་འཇུག་བྱ་རྒྱུ་དེ་ཡང་ཧ་ཅང་གི་གནད་འགག་ཅིག་རེད།    དེ་ཅི་ཡིན་ཞེ་ན།    ལོ་ཙཱ་བ་རིན་ཆེན་བཟང་པོའི་མཚན་གཞན་ལ་བྱ་གདོང་ཅན་ཟེར།    དེ་ལྟར་ཟེར་དོན་ནི་ཁོང་གི་རུས་ཁྱུང་ཡིན་ཞིང་།    སྤྱན་མཛུབ་སོགས་ལའང་དམིགས་བསལ་གྱི་ཁྱད་ཆོས་ཡོད་པ་མ་ཟད།     སྤྱན་དང་མཛུབ་མོའི་བར་གྱི་སྐྱི་ལྤགས་ནི་བྱ་ལག་དང་འདྲ་བའི་མཚན་རྟགས་ཡོད་པར་བཤད།      ལྷག་པར་དུ་ཁོང་དགུང་ལོ་དགུ་བཅུ་གོ་བརྒྱད་བཞུགས་པས།    ཚན་རིག་གི་འཕྲུལ་ཆས་སྤྱད་དེ་རུས་ཀོང་ལ་བརྟགས་ན་མ་མཐའ་ཡང་དགུང་ལོ་དེ་ཏག་ཏག་ཤེས་ཡོང་བས།    བདེན་མིན་གྱི་དབྱེ་ཞིབ་གསལ་བོར་འབྱེད་ཐུབ་བོ།།

གཞན་རྣམ་ཐར་རྣམས་ལ་གཞིགས་ན།   ཁོང་སྐུ་གཤེགས་པའི་ཡུལ་ནི་ཁ་རྩེ་དེ་ཝིང་གོ་དང་།   པུ་རངས་ཀྱི་ཏི་མིའི་ཅ་ཡེ་བྲག་ཕུག་སོགས་ཡིན་པར་གསལ་བས།   དེས་ན་དོན་དངོས་ཁོང་གི་སྐུ་གདུང་དེ་བསྒྱུར་བཀོད་མ་བྱས་གོང་ལ་གང་དུ་བཞུགས་པ་དེར་བརྟག་དགོས་སོ།།   འོན་ཏེ་འདིར་བཤད་པའི་གདུང་འདི་གཉིས་ནི་མཐོ་ལྡིང་དགོན་པ་ཡོད་ས་དང་ཐག་མི་རིང་བའི་ས་ནས་རྙེད་པར་བཤད་པ་དེ་ཡང་ལོ་རྒྱུས་དང་གནས་བབ་ལ་ཅུང་མཐུན་པ་ཞིག་མ་རེད།

དེ་ལས་གཞན་ཁ་བྱང་དུ་ལོ་ལྔ་བརྒྱར་མ་རུལ་བའི་དམར་གདུང་བྱ་བ་དང་།     མཇུག་ཏུ་ལོ་ཙཱ་བ་རིན་ཆེན་བཟང་པོའི་འཁྲུངས་འདས་ཀྱི་ལོ་ཚིགས་གསལ་བོར་འཁོད་ཡོད་པའི་གནས་ཚུལ་གཉིས་ལ་ནང་འགལ་གྱི་གནད་དོན་ཡང་མཆིས་པས།      ཐེ་ཚོམ་གྱི་གནས་མང་པོ་ཡོད་པས་ད་དུང་མུ་མཐུད་དུ་བརྟག་དགོས་པ་ལས།  མཐའ་གཅིག་ཏུ་ཡིད་ཆེས་པའི་གནས་མ་ཡིན་ནོ།།

2016/1/4

ལོ་ཆེན་རིན་བཟང་གི་སྐུ་གདུང་དང་འབྲེལ་ནས་ཡང་བསྐྱར་སྐད་ཆ་འགའ་བཤད་པ།

ངས་ད་ཅི་ལོ་ཆེན་རིན་བཟང་གི་སྐུ་གདུང་ཐད་ནས་སྐད་ཆ་ཁ་ཤས་བཤད་པ་ཡིན།         དེ་ཡང་གཙོ་བོ་གནད་དོན་གསུམ་གྱི་ཐོག་ནས་བཤད་པ་ཡིན།    དང་པོ་ནི།      ལོ་ཙཱ་བ་རིན་ཆེན་བཟང་པོའི་སྐུ་གདུང་གི་སྐོར་བཤད་ན།      ཐོག་མར་ཁོང་གི་ལོ་རྒྱུས་རྣམ་ཐར་རྣམས་སུ་ལོ་ཆེན་རིན་བཟང་གི་སྐུ་གདུང་དེ་དམར་གདུང་དུ་བཞུགས་པའི་གནས་ཚུལ་ཡོད་མེད་དེ་བརྟག་རྒྱུ་གལ་ཆེ་བ་རེད་ཟེར་བ་ཡིན་།

དེའི་ཕྱིར།     ངས་འདི་ནས་ལོ་ཆེན་གྱི་དངོས་སློབ་གུ་གེ་ཁྱི་ཐང་བས་མཛད་པའི་༼བདག་ཉིད་ཆེན་པོ་རིན་ཆེན་བཟང་པོའི་རྣམ་ཐར༽་དུ་དེའི་སྐོར་ཇི་ལྟར་ཡོད་མེད་བཤད་པར་བྱ།    རྣམ་ཐར་དེར།

“དེ་ནས་ཀ་བཞི་གདུང་བརྒྱད་ལ་སོགས་པ་གྲ་པ་བུ་སློབ་རྣམས་ཀྱིས་གདུང་སྦྱངས་པས།     སྐུ་གདུང་གི་དངོས་པོ་ཉུང་འབྲུ་ཙམ་ཡང་མ་བྱུང་སྟེ།    འཇིག་རྟེན་གྱི་མཐུན་འཇུག་ཙམ་དུ་རིང་སྲེལ་ཤིང་ཐོག་འོལ་མ་སི་ལྟར་ཤིན་ཏུ་དམར་པ་གསུམ་བཞི་བྱུང་།”    ཞེས་གསལ་ཞིང་།    གོང་འཁོད་ཀྱི་ནང་དོན་ལས་ང་ཚོས་གསལ་བོར་ཤེས་ཐུབ་པ་ནི།    ལོ་ཆེན་གྱི་སྐུ་གདུང་དེ་མེར་བཞེས་པ་ཞིག་ལས་དམར་གདུང་དུ་བཞག་པའི་གནས་ཚུལ་གང་ཡང་མི་གསལ།     དེ་བཞིན་དུ།     ཞང་ཞུང་ཆོས་དབང་གྲགས་པས་མཛད་པའི་༼ལོ་ཙཱ་བ་རིན་ཆེན་བཟང་པོའི་རྣམ་ཐར༽་དུ་ཡང་།     “གཡང་སྐྱུར་ཕུག་གི་གནས་དང་ནི། །གོ་ཁར་རེ་ཝིང་གོ་སོགས་ནས། །སྤྲུལ་པ་སོ་སོ་སོ་སོ་ཡི། །མངོན་སུམ་མྱ་ངན་འདས་གྱུར་ཏེ། །སྐུ་གདུང་འཛིན་བྱེད་བསྲེག་ཟ་ཡིས། །རིལ་མེད་ཉིད་བྱས་རིང་བསྲེལ་ནི། །གསུམ་ཞིག་ལྷག་མར་ལས་པ་ཡང་། །རྟག་ཏུ་མཉམ་འཇོག་སྐུ་བཞིན་དུ། །མཁའ་ཡི་དབྱིངས་སུ་མི་སྣང་གྱུར།”ཞེས་ལོ་ཆེན་གྱི་སྐུ་གདུང་མེར་བསྲེགས་པའི་གནས་ཚུལ་གསལ་བོར་བཤད་ཡོད།

གོང་གི་ལོ་ཆེན་གྱི་རྣམ་ཐར་གཉིས་ནི་ཉེ་ཆར་བོད་ཡིག་ཏུ་ཡོད་པའི་ལོ་ཆེན་རིན་བཟང་གི་རྣམ་ཐར་རྣམས་ལས་ཚད་ཐུབ་ཀྱི་ཡིག་ཚང་གཉིས་ཡིན་ཞིང་།   དེ་གཉིས་གང་ཡིན་ཡང་ལོ་ཆེན་གྱི་སྐུ་གདུང་མེར་སྦྱངས་པ་ལས་དམར་གདུང་དུ་བཞག་པའི་གནས་ཚུལ་མེད་པ་གསལ་བོ་ཡིན་པ་དེ་རེད།

གཉིས་པ་ནི།   དེང་སང་སྐུ་གདུང་དང་བེམ་པོ་སོགས་ལ་བརྟག་དགོས་ན།   བརྟག་ཐབས་འདྲ་མིན་ཡོད་པ་རེད།    དཔེར་ན།    DNAཡིས་བརྟགས་ན་ལོ་ཚོད་དང་དུས་ཚོད་ནམ་ཞིག་ལ་སྐུ་གཤེགས་པའི་གནས་ཚུལ་ཤེས་ཐུབ་པ་རེད་ཟེར་བ་ཡིན།

གསུམ་ནི།     ལོ་ཆེན་གྱི་མཚན་གཞན་ལ་བྱའི་གདོང་ཅན་ཟེར་ཞིང་།   དེ་ལྟར་ཐོགས་དོན་ནི་ཁོང་གི་གདོང་དབྱིབས་ནི་བྱ་ཞིག་དང་མཚུངས་པས་དེ་ལྟར་ཐོགས་པར་བཤད།     དེས་ན་རུས་ཚུགས་ལ་བརྟག་ནུས་ན་བྱའི་གདོང་ཅན་ཡིན་མིན་ཅུང་ཟད་ཤེས་ཐུབ་བོ་ཟེར་བ་དེ་ཡིན།     ལ་ལས་ལོ་ཆེན་ལ་བྱའི་གདོང་ཅན་ཟེར་བ་ནི།     འཇམ་དཔལ་རྩ་རྒྱུད་ཀྱི་ལུང་དོན་ཞིག་ལ་འབྲེལ་བ་ཡོད་པ་ལས།    གདོང་དབྱིབས་སོགས་ལ་འབྲེལ་བ་མེད་པར་བཤད་པ་ནི།  ནམ་རྒྱུན་འོལ་ཚོད་དང་རང་བཟོར་གོམས་པའི་གཤིས་ཀ་ཕྱིར་མངོན་པ་ཙམ་ལས།    རྒྱུ་མཚན་གང་ཡང་མེད་དོ།།

སྤྱིར་བོད་དུ་འཇམ་དཔལ་རྩ་རྒྱུད་ཀྱི་ལུང་དོན་དེ་དག་ལོ་ཆེན་དང་བོད་ཀྱི་མཁས་པ་གཞན་དག་ལ་སྦྱར་ནས་འགྲེལ་བཤད་གནང་བའི་དུས་ནི་རྗེ་ཙོང་ཁ་པ་དང་འགོས་ལོ་གཞོན་དཔལ་སོགས་ཀྱི་སྐབས་སུ་བྱུང་བ་རེད།

དེའི་སྔོན་དུ།   ལོ་ཆེན་ལ་བྱའི་གདོང་ཅན་བྱ་བ་ནི་འཇམ་དཔལ་རྩ་རྒྱུད་ཀྱི་ལུང་དོན་དང་འབྲེལ་བའི་གནས་ཚུལ་གང་ཡང་མེད།    དཔེར་ན།   ཁྱི་ཐང་བས་མཛད་པའི་༼ལོ་ཆེན་གྱི་རྣམ་ཐར༽་དུ་ཡང་།   “དེ་ནས་ཁྱེའུ་མདོག་སྔོ་བ་བྱའི་གདོང་བ་དང་།   མིག་དུ་ཡོད་པ་ཕྱག་གཡས་པའི་མཐིལ་ན་འཁོར་ལོའི་རི་མོ་ཡོད་པ་གཅིག་བལྟམས།”    ཞེས་ལོ་ཆེན་གྱི་གདོང་ནི་བྱའི་གདོང་ཞིག་དང་མཚུངས་པའི་ཆ་ནས་ཐོགས་པའི་བཤད་སྲོལ་དེ་བྱུང་བ་ལས་འཇམ་དཔལ་རྩ་རྒྱུད་སོགས་ཀྱི་ལུང་དོན་ལ་འབྲེལ་བ་ཡོད་པའི་གནས་ཚུལ་ཅི་ཡང་མེད་པ་དེ་རེད།

གཞན་བསྟན་འགྱུར་གྱི་འགྱུར་བྱང་ལ་ལར།  ལོ་ཆེན་རང་གིས་བྱའི་གདོང་ཅན་ཞེས་འཁོད་ཡོད་པ་སྣང་སྟེ།    དཔེར་ན།   བསྟན་འགྱུར་དཔེ་བསྡུར་མ་དང་།   བུ་སྟོན་གྱི་བསྟན་འགྱུར་དཀར་ཆག་བཅས་སུ། རྣམ་ཐོས་སྲས་གསང་བའི་བསྒྲུབ་ཐབས་སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པ།    བྱའི་གདོང་ཅན་གྱི་འགྱུར།   ཞེས་གསལ་བ་དེ་ལས་ཀྱང་།   ལོ་ཆེན་ཉིད་ཀྱིས་མིང་དེ་སྦྱར་ཡོད་པ་ལས་གཞན་ཞིག་དང་ཡང་ན་ཕྱིས་སུ་བྱུང་བའི་གནས་ཚུལ་གང་ཡང་མིན་ནོ།།

སྤྱིར་མིའི་རུས་ཚུགས་ལ་བརྟག་པའི་བྱེད་ཐབས་ནི་ཧ་ཅང་གནད་འགག་ཆེ་སྟེ།   འཇའ་མན་གྱིས་བོད་ལ་ཨརྱཎ་མི་རྒྱུད་འཚོལ་བའི་སྐབས་སུའང་།  གདོང་དབྱིབས་དང་རུས་ཚུགས་བརྟག་པའི་ལས་ནི་སྐབས་དེའི་ཞིབ་འཇུག་གི་སྲོག་ཤིང་ཞིག་ཏུ་ངོས་འཛིན་བྱས་ཡོད་པ་མ་ཟད།   ད་ལྟའི་བར་ཚན་རིག་པ་ཚོས་དེ་ལྟར་བརྟག་དཔྱད་གཏོང་གིན་ཡོད་པས།    གཟུ་བོར་གནས་པའི་མི་སུ་ཡིན་ཡང་དེ་ནི་རིག་གཞུང་གི་བྱེད་ཐབས་བཟང་པོ་ཞིག་ཏུ་འཁུམས་པ་ལས་དོན་གཞན་གང་ཡང་མིན་པ་གསལ་བོར་ཤེས་ནུས་སོ།།

མདོར་ན།    གོང་བཤད་ཀྱི་ནང་དོན་གསུམ་པོ་གང་ནས་བརྟགས་ཀྱང་།     ཐེངས་འདིའི་ལོ་ཙཱ་བ་རིན་ཆེན་བཟང་པོའི་སྐུ་གདུང་རྙེད་པའི་གནས་ཚུལ་དེ་ནི་གང་བྱུང་དུ་བཤད་པ་ཞིག་ལས་ཁུངས་བཙན་གྱི་སྒྲུབ་བྱེད་དང་བདེན་པའི་རྒྱུ་མཚན་གང་ཡང་མི་འདུག་ཟེར་བ་ཡིན།

2016/1/4