{མནའ་མང་བོ་སྐྱེལ་བའི་བརྙན་ཐུང་ཞིག་ལ་བལྟས་རྗེས།}

ང་ཚོའི་མི་ཁ་ཤས་ཤིག་ནི་མནའ་སྐྱེལ་བར་དགའ་ཞིང་དགའ་བ་ཙམ་དུ་མ་ཟད། དད་ཞེན་དང་འབྲེལ་བའི་མནའ་ཆེན་པོ་སྟེ། དཀོན་མཆོག་གསུམ་དང་ཇོ་བོ་རིན་པོ་ཆེ་སོགས་གང་འདོད་དུ་སྐྱེལ་གྱིན་འདུག ངས་ཞིབ་ཏུ་བསམ་བློ་ཞིག་བཏང་ན། མནའ་སྐྱེལ་བར་དགའ་བའི་མི་མང་ཆེ་ཤས་ནི་གཡོ་དང་སྒྱུ་ལ་གོམས་པའི་འཁྲབ་སྟོན་པ་ཏག་ཏག་རེད་འདུག རྒྱུ་མཚན་ནི། མནའ་སྐྱེལ་བའི་དམིགས་ཡུལ་ནི་ཕལ་ཆེར་རྫུན་གཏམ་ཞིག་གི་ཕུགས་བརྟན་ཆེད་རེད་ཤག རྫུན་གཏམ་གྱི་རྒྱབ་ན་གཡོ་སྒྱུ་ཞིག་བསྐུངས་ཡོད་པའང་གཏན་ཁེལ་བ་རེད། མཐར་དེད་ན་མནའ་སྐྱེལ་མཁན་མང་ཆེ་བ་ནི་གཡོ་སྒྱུ་ཅན་རྐྱང་རྐྱང་རེད་མི་འདུག་གམ། རྒྱུ་མཚན་དེའི་ཕྱིར་ན་བདེན་དོན་རྐྱང་བར་འབད་མཁན་ཞིག་ལ་མཚོན་ན། སྐད་ཆ་དྲང་བོར་བརྗོད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པས། སྔོན་ཆད་ཁྱིམ་རྒྱུད་ཀྱི་གོམས་སྲོལ་དང་ལས་གྲོགས་དག་གི་ལད་འགྲོས་ཀྱིས་མནའ་སྐྱེལ་བར་དགའ་ནའང་ད་ནས་བཟུང་སྟེ། གང་གཟབ་ཅི་ཐུབ་ཀྱིས་མནའ་སྐྱེལ་བའི་གོམས་གཤིས་ལ་འགྱུར་བ་གཏོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་སྙམ།

སྤྱིར་མནའ་བཞག་དང་དམ་བཞག་འདི་ནི་སྔོན་ཆད་བཙན་པོ་དག་གི་སྐུ་རིང་ནས་ཡོད་ལ། དེ་ནི་རྒྱལ་ཁབ་ཕན་ཚུན་དང་རྒྱལ་ཕྲན་ཕན་ཚུན་བར་ལ་བཞག་ཡོད་པ་ཞིག་རེད་འདུག དེ་ནི་ཆབ་སྲིད་དང་འབྲེལ་ཆེ་བས་གཡོ་སྒྱུ་ཞིག་རྒྱབ་ཏུ་བསྐུངས་ཡོད་པའང་གདོན་མི་ཟ། སྐབས་དེར་མི་སྒེར་དང་མི་སྒེར་གྱི་བར་ལ་མནའ་བཞག་དང་དམ་བཞག་ཡོད་པ་ཞིག་དམིགས་བསལ་མ་མཐོང་བས། བདེན་པ་དྲང་བཞག་དང་གཞུངས་བཟང་ཕྱི་ཐག་རིང་བའི་གྲོགས་དང་ན་ཟླའི་བར་ལ་གཡོ་སྒྱུ་འཁྲབ་མཁན་དེ་འདྲའི་མང་བོ་མེད་པའི་དཔེ་མཚོན་གསོན་པོ་ཞིག་ཀྱང་ཡིན་ཤས་ཆེ། ཕྱིས་སུ་བཙན་པོའི་རྒྱལ་ཁབ་ཉམས་དམས་སུ་སོང་རྗེས་རྒྱལ་ཕྲན་དང་ཚོ་ཁག་གི་བར་ནས་རིམ་གྱིས་ཆེས་སྙིང་ཉེ་བའི་མི་སྒེར་དང་སྤུན་མཆེད་ཀྱི་བར་ལ་གཡོ་སྒྱུ་འཁྲབ་མཁན་ཇེ་མང་དུ་སོང་རྐྱེན། སྔོན་ཆད་ཀྱི་རྒྱལ་ཞེན་དང་འབྲེལ་བའི་མནའ་བཞག་དང་དམ་བཞག་ནི་ཡོངས་སུ་ཉམས་ཏེ་དད་ཞེན་དང་འབྲེལ་བའི་མནའ་ཆེན་པོ་སྐྱེལ་བའི་གོམས་སྲོལ་སྐྱུགས་བྲོ་བ་འདི་ཆགས་པ་རེད། འདི་ནི་བོད་ཚིག་ཐོག་དང་རྒྱ་ཡིག་ཐོག་ཟེར་བའི་གཏན་ཚིགས་དེའང་ཡོངས་སུ་འགྱུར་བའི་དན་རྟགས་ཤིག་སྟེ། མི་ཚང་མར་སྒེར་སེམས་དང་གཡོ་སྒྱུ་ཇེ་ཆེ་རུ་གྱུར་ནས། གཞུངས་རྒྱུད་བཟང་ཞིང་ཕྱི་ཐག་རིང་བའི་མི་རབས་དེ་དག་ཤུལ་མེད་དུ་སོང་བའི་རྟགས་མཚན་ཞིག་ཀྱང་ཅི་ལ་མིན། འདི་ནི་མི་གཞིའི་འགྲོ་སྟངས་ཤིག་ལས་ཆོས་ལུགས་ཐད་ཀྱི་སྐད་ཆ་ཞིག་གཏན་ནས་མིན།

 

ཞེས་སྒང་བ་བོད་ཀྱི་མྱི་ཆེན་གྱིས་རང་གི་དྲན་ཐོར་བཀོད།