(དགེ་རྒན་ཆེན་མོ་རྨེ་རུ་ཡུལ་ལྷ་ཐར་གྱི་ “དེང་རབས་བོད་མིའི་ཤེས་རིག་བསྐྱར་སྐྲུན་” ཟེར་བའི་བསམ་ཚུལ་རྩོམ་ཡིག་དེ་བཀླགས་རྗེས)

ཉིན་ཤས་སྔོན་ལ། ལྷ་སྒྲོལ་སྐྱབས་ལགས་བརྒྱུད་ནས་རྨེ་རུ་ཡུལ་ལྷ་ཐར་གྱིས་བྲིས་བའི་ “དེང་རབས་བོད་མིའི་ཤེས་རིག་བསྐྱར་སྐྲུན་” ཟེར་བའི་རྩོམ་ཞིག་ང་ལ་འབྱོར་སོང། བམ་ཀློག་ཐེངས་གཅིག་བྱས་བ་ཡིན། བམ་ཀློག་དེས་འདོད་པ་མ་ཚིམས་ནས་བསྐྱར་དུ་ཞིབ་ཀློག་ཐེངས་གཅིག་བྱས། ཞིབ་ཀློག་དེ་གྲུབ་རྗེས་དོགས་སློང་གི་བསམ་ཚུལ་འགའ་ཁོང་ལ་འབུལ་འདོད་བྱུང་། འདི་རུ་གང་བྲིས་བ་དེ་ངེད་རང་སྒེར་གྱི་དོགས་སློང་ཡིན་མ་གཏོགས། ཁོང་ལ་དགག་པ་དང་མཐོང་ཆུང་། ཁྱད་གསོད་སོགས་རྩ་བ་ནས་མིན། དེ་ཐུགས་ལ་འཇོག་རོགས་ཞུ།

ཁོང་གི་རྩོམ་དེ་ལ་ས་བཅད་གཉིས་འདུག ས་བཅད་དང་པོ་ “འཛམ་གླིང་གི་ཤེས་རིག་སྒྲིག་གཞིའི་ངོས་འཛིན་” དང་ས་བཅད་གཉིས་པ་ “དེང་རབས་བོད་མིའི་ཤེས་རིག་བསྐྱར་སྐྲུན་” ཟེར་བ་གཉིས་རེད། ངེད་ཀྱི་དོགས་སློང་གཙོ་བོ་དེ་ས་བཅད་གཉིས་པའི་ཁོངས་ཀྱི་ལེའུ་ལྔ་བ་ “དེང་རབས་བོད་མིའི་ཤེས་རིག་བསྐྱར་སྐྲུན་གྱི་ནང་དོན་དང་ཐབས་ཤེས་” ཟེར་བ་དེའི་སྒང་ལ་ཡིན། གཞན། ཚིག་འབྲུ་རེ་རེ་ལ་དོགས་སློང་བྱས་ན་རྩོད་པ་འདི་རིང་མོ་ཆགས་རྒྱུ་ཡིན་པ་འདྲ།

ཁོང་གིས་གླེང་བཞིན་པའི་ “འཛམ་གླིང་གི་ཤེས་རིག་སྒྲིག་གཞིའི་ངོས་འཛིན་” ཟེར་བའི་ཚན་པ་དེའི་ཁོངས་ཀྱི་གནད་དོན་ཕལ་ཆེ་བ། ཨ་རིའི་ཆབ་སྲིད་ཚན་རིག་མཁས་པ་ས་མོལ་ ཧང་ཀྲིན་ཁྲོན་(Samuel P. Huntington)གྱིས་བརྩམས་པའི་ “ཤེས་རིག་གི་གདོང་ཐུག་དང་འཇིག་རྟེན་གོ་རིམ་བསྐྱར་སྐྲུན” (The Clash of Civilization and the Remaking of World Order)ཟེར་བའི་དེབ་དེའི་ཁོངས་ནས་ཐད་ཀར་བླངས་བ་དང་ནང་དོན་མདོར་བསྡུས་སུ་བཀོད་པ། སོ་སོའི་བསམ་ཚུལ་ཅུང་ཟད་རེ་ཁ་སྣོན་བརྒྱབ་པ་ལྟ་བུ་ཤ་སྟག་རེད་འདུག དཔེར་ན། རིག་གནས་ཕུང་གཟུགས(Cultural entities)་དང་ཆབ་སྲིད་ཕུང་གཟུགས(political entities)ཟེར་བ་སོགས་རྩོམ་པ་པོ་ས་མོལ་ཧང་ཀྲིན་ཁྲོན་གྱི་དེབ་དེའི་ལེའུ་གཉིས་པ་ “ལོ་རྒྱུས་ཁྲོད་ཀྱི་ཤེས་རིག་དག་དང་དེ་རིང་”(Civilizations in History and Today)ཟེར་བ་དེའི་ཁོངས་སུ་ཡོད་པ་མ་ཟད་། “ཤེས་རིག་ནི་རིག་གནས་ཕུང་གཟུགས་ཤིག་ལས་ཆབ་སྲིད་ཕུང་གཟུགས་ཤིག་མིན་པས། དེས་ཐད་ཀར་སྤྱི་པའི་སྒྲིག་སྲོལ་མི་འཛུགས་པ་སྟེ། སྲིད་ཁྲིམས་དང་ཁྲལ་བསྡུ་བ། དམག་འཁྲུག་རྒྱག་པ། ཆིངས་འཇོག་པ་སོགས་ཀྱི་དོན་བྱ་ཤེས་རིག་རང་ངོས་ནས་མི་སྒྲུབ། འོན་ཀྱང་། མི་མཐོང་ཕག་གི་སྟོབས་ཤུགས་ནི་ཀུན་ལས་ཆེ་བའོ་” ཟེར་བའི་ཚིག་གྲུབ་ཧྲིལ་བོ་འདི་ཤོག་ངོས་༤༤སྟེང་ན་ཉལ་ནས་འདུག
(ཁུངས། “Since civilizations are cultural not political entities, they do not, as such, maintain order, establish justice, collect taxes, fight wars, negotiate treaties, or do any of the other things which government do”) འདིའི་སྐབས་ཀྱི་མི་མཐོང་ཕག་གི་སྟོབས་ཤུགས་ཟེར་བ་འདི། དབྱིན་ཡིག་གི་ཁུངས་ལ་གཏུགས་ན་རྒྱལ་ཁབ་(government)ཀྱི་གོ་དོན་རེད། འོན་ཀྱང་། དགེ་རྒན་རྨེ་རུ་ཡུལ་ལྷ་ཐར་ལགས་ཀྱིས་འདི་རྒྱ་འགྱུར་ལས་བླངས་ཡོད་ལས་ཆེ།

དེ་བཞིན། ཡོངས་ཁྱབ་ཤེས་རིག་ཁོངས་ཀྱི་སྐད་ཆ་(language) དང་ཆོས་ལུགས(religion)ཟེར་བ་སོགས་ཀྱང་དེབ་དེའི་ལེའུ་གསུམ་པ་ “ཡོངས་ཁྱབ་ཤེས་རིག་ཨེ། དེང་རབས་ཅན་དུ་སྒྱུར་བ་དང་ནུབ་ཕྱོགས་ཅན་དུ་སྒྱུར་བ” (A Universal Civilazation? Modernazation and Westernization)ཟེར་བ་དེའི་ཁོངས་ནས་ཡིན་ལ། གཞན། ལྟེ་བའི་རྒྱལ་ཁབ་(Core countries)དང་སེམས་མཐུན་སྐོར་ཚོགས་(Concentric circles)ཟེར་བ་སོགས་ཀྱང་དེ་བཞིན་ནོ། དཔེར་ན། “དོན་ལ། ཡོངས་ཁྱབ་ཤེས་རིག་ནི་ནུབ་གླིང་རིག་གནས་ཀྱིས་བསྐྱེད་པ་ཞིག་རེད་ལ། ནུབ་གླིང་རིག་གནས་གླིང་གཞན་ལ་དར་བའི་མཇུག་འབྲས་ཤིག་ཀྱང་རེད།” ཟེར་བ་འདི་ཤོག་ངོས་༥༨སྟེང་ན་འདུག (ཁུངས། “The idea is advanced that the spread of Western consumption patterns and popular culture around the wourld is creating a universal civilazation”)

འོན་ཀྱང་། འདི་རུ་ངེད་ཀྱིས་ “འཛམ་གླིང་གི་ཤེས་རིག་སྒྲིག་གཞིའི་ངོས་འཛིན་” གྱི་ཚིག་འབྲུ་རེ་རེ་ལ་རྗེས་འདེད་བྱེད་རྒྱུ་མིན་ལ་དེ་ནི་དོགས་སློང་རྩོམ་ཡིག་དེའི་དགོས་དམིགས་ཀྱང་མིན།

ས་མོལ་ ཧང་ཀྲིན་ཁྲོན་(Samuel P. Huntington)ནི་ཆབ་སྲིད་ཚན་རིག་པ་ཞིག་ཡིན། ཁོང་གི་ཆེད་ལས་རྒྱལ་སྤྱིའི་འབྲེལ་ལམ་རིག་པ་(International Relations)ཡིན། ཁོང་གི་དེབ་དེ་ཡང་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་ལྟ་གྲུབ་རྨང་གཞིར་བཞག་ནས་བྲིས་པ་ཞིག་རེད། རྒྱལ་སྤྱིའི་འབྲེལ་ལམ་རིག་པ་ནི་ནུབ་ཕྱོགས་སུ་རིག་གནས་ཀྱི་ཁྱབ་ཁོངས་(Academic desciplines) མང་པོ་ཡོད་པའི་ཁོངས་ཀྱི་གཅིག་རེད། དེ་ཡང་། ཁོང་གིས་ཕྱི་ལོ་༡༩༩༣ལོར་ཕྱི་འབྲེལ་(Foreign Affair)ཟེར་བ་དེའི་སྟེང་དུ་ “ཤེས་རིག་གི་གདོང་ཐུག་ཨེ་” (The Clash of Civilazations?)ཟེར་ནས་རྩོམ་ཡིག་ཞིག་སྤེལ། དེའི་རྗེས་སུ་ཕྱི་ལོ་༡༩༩༦ལོར་རྩོམ་དེ་རྒྱ་ཆེ་རུ་བཏང་ནས་ “ཤེས་རིག་གི་གདོང་ཐུག་དང་འཇིག་རྟེན་གོ་རིམ་བསྐྱར་སྐྲུན་” (The Clash of Civilization and the Remaking of World Order)ཟེར་བའི་དེབ་འདི་བཏོན་པ་རེད། དེབ་འདི་གཙོ་བོ་ཁོང་གི་སློབ་མ་ཧྤུའུ་ཁུའུ་ཡ་མ་(Fukuyama)ལགས་ཀྱིས་བརྩམས་པའི་ “ལོ་རྒྱུས་ཀྱི་མཐའ་དང་མཐའ་མཇུག་གི་མི་” (The End of History and the Last Man) ཟེར་བ་དེ་ལ་ལན་གྱི་ཚུལ་དུ་བྲིས་པ་ཞིག་རེད། དེར་བརྟེན། ས་མོལ་ཧང་ཀྲིན་ཁྲོན་གྱི་དེབ་དེ་ངོ་ཡག་པོ་ཞིག་འཕྲོད་པ་ལ་ཁོང་གི་སློབ་མ་ཧྥུའུ་ཁུའུ་ཡ་མ་(Fukuyama)ཡི་དེབ་དེ་ཀློག་རྒྱུ་ཡང་གལ་ཆེ། ཧྥུའུ་ཁུའུ་ཡ་མ་ཡི་ཆེད་ལས་ཀྱང་ཆབ་སྲིད་ཚན་རིག་རེད། ལྷག་པར་དུ། ཁོང་གཉིས་ཀྱི་གླེང་བཞིན་པ་འདི་གྲང་དམག་གི་རྗེས་(Post-Cold War)ཀྱི་རྒྱལ་སྤྱིིའི་འབྲེལ་ལམ་རིག་པའི་ཁྱབ་ཁོངས་ཀྱི་རྩོད་པ་ཞིག་རེད་མ་གཏོགས། རིག་གནས་ཀྱི་ཁྱབ་ཁོངས་གཞན་པ་ཚང་མར་འབྲེལ་བ་རྒྱ་ཆེར་ཡོད་པ་ཞིག་མ་རེད།

ནུབ་ཕྱོགས་ཀྱི་རིག་གནས་ཁྱབ་ཁོངས་སུ། ཆེད་མཁས་པ་གང་གི་བརྩམས་ཆོས་དེ་ལ་ཤུགས་རྐྱེན་འཇོག་མཁན་དང་དེས་ཤུགས་རྐྱེན་འཇོག་ས་གཉིས་ལ་རྒྱུན་དུ་བལྟ་གི་རེད། ས་མོལ་ཧང་ཀྲིན་ཁྲོན་གྱི་དེབ་འདི་ལ་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་ཁྱབ་ཁོངས་སུ་བགྲོ་གླེང་ཤུགས་ཆེ་བྱུང་བ་མ་ཟད་། རིག་གནས་ཀྱི་ཁྱབ་ཁོངས་གཞན་པ་འགའ་ནས་དགག་རྒྱག་ཤུགས་ཆེར་བྱེད་མཁན་ཡང་བྱུང་ཡོད། དཔེར་ན། “ཤར་ཕྱོགས་རིག་པའི་” (Orientalism)རྩོམ་པ་པོ་ཨེ་སྒྲི་བེར་སྒྲི་ ས་ཡིས་སྒྲི(Edward Said)ཡིས་ “གཏི་མུག་གི་གདོང་ཐུག་” (The Clash of Ingornance) ཟེར་ནས་དགག་རྩོམ་སྤེལ་ཡོད། ཨེ་སྒྲི་བེར་སྒྲི་ ས་ཡིས་སྒྲི་(Edward Said)ཡི་ཆེད་ལས་ལོ་རྒྱུས་དང་རྩོམ་རིག་ཡིན། ནོམ་ ཆོམ་སུ་ཁེས་(Noam Chomsky) ལགས་ཀྱིས་ཀྱང་དགག་རྩོམ་སྤེལ་ཡོད། ཁོང་གི་ཆེད་ལས་གཙོ་བོ་སྐད་བརྡ་རིག་པ་ཡིན། གཞན། དཔལ་འབྱོར་ལོ་རྒྱུས་སྨྲ་བ་ཧན་རིས་ རོ་སུ་ཁེས (Henry Rosovsky)ལགས་ཀྱིས། ས་མོལ་ཧང་ཀྲོན་ཁྲོན་ནི་འདས་པའི་ལོ་ངོ་ལྔ་བཅུའི་ཁྲོད་ཀྱི་ཆབ་སྲིད་ཚན་རིག་པ་གྲགས་ཆེ་ཤོས་གཅིག་ཡིན་ཞེས་བསྔགས་བརྗོད་ཀྱང་མཛད་ཡོད།

གོང་གི་ཆེད་ལས་པ་འདི་དག་གི་ཁོངས་སུ། ས་མོལ་ཧང་ཀྲོན་ཁྲོན་གྱི་དེབ་འདི་ལ་དགག་རྒྱག་དང་བསྟོད་བསྔགས་གནང་མཁན་གཉིས་ཀ་ཡོང་རྐྱེན་གཅིག་ནི། ཁོང་ཚོའི་རིག་གནས་ཀྱི་ཁྱབ་ཁོངས་ཁ་ཁ་ཡིན་པ་མ་ཟད་ཆེད་ལས་ཀྱང་ཁ་ཁ་རེད། རིག་གནས་ཀྱི་ཁྱབ་ཁོངས་ཁ་ཁ་ཡིན་ན་ཆེད་ལས་ཀྱི་བལྟ་སྟངས་ཀྱང་ཁ་ཁ་ཆགས་ཀྱི་ཡོད་པ་རེད། ནུབ་ཕྱོགས་སུ་ཆེད་ལས་དང་རིག་གནས་ཀྱི་ཁྱབ་ཁོངས་ཟེར་བ་འདི་གཉིས་ཧ་ཅང་གལ་ཆེ། རྒྱུ་མཚན། འཛམ་གླིང་གི་གནད་དོན་བྱེ་བྲག་པ་གང་ཞིག་ལ་ཞིབ་འཇུག་དང་བགྲོ་གླེང་སོགས་གང་བྱས་རུང། མཁས་པ་སོ་སོའི་ཆེད་ལས་མི་གཅིག་ཙང་རིག་གནས་ཀྱི་ཁྱབ་ཁོངས་མི་འདྲ་བའི་སྒོ་ནས་བལྟ་གི་རེད། རིག་གནས་ཀྱི་ཁྱབ་ཁོངས་རེ་ལ་སོ་སོའི་ལྟ་གྲུབ་(Theory)ཡོད་པ་རེད། དཔེར་ན། ལོ་རྒྱུས་རིག་པ་དང་དཔལ་འབྱོར་རིག་པ། མིའི་རིགས་རིག་པ། སྐད་བརྡ་རིག་པ། རྒྱལ་སྤྱིའི་འབྲེལ་ལམ་རིག་པ། ཆབ་སྲིད་ཚན་རིག་རིག་པ་སོགས་ཚང་མ་རིག་གནས་ཀྱི་ཁྱབ་ཁོངས་མི་འདྲ་བ་རྐྱང་རེད། རིག་གནས་ཀྱི་ཁྱབ་ཁོངས་མི་འདྲ་བ་འདི་དག་གི་ཁོངས་སུ་ཡོད་པའི་མཁས་པ་ཚོའི་ཆེད་ལས་ཀྱང་ཁ་ཁ་རེད། ཆེད་ལས་ཁ་ཁ་ཡིན་རྐྱེན་ཁོང་ཚོའི་བལྟ་སྟངས་ཀྱང་ཁ་ཁ་ཆགས་ཀྱི་ཡོད་པ་རེད། གནད་དོན་འདི་འུ་ཚོས་མཁྱེན་རྒྱུ་ཧ་ཅང་གལ་ཆེ། གནད་དོན་འདི་མ་མཁྱེན་ནས་ནུབ་ཕྱོགས་ཀྱི་མཁས་པ་གྲགས་ཆེན་ཞིག་ཡིན་ན་དེའི་བརྩམས་ཆོས་བོད་ཀྱི་ཁ་སྣ་ཚང་མར་བེད་སྤྱོད་བཏང་ན་འགྲིག་གི་འདུག་བསམ་མཁན་ཡོང་བཞིན་འདུག གང་ལྟར། རྨེ་རུ་ཡུལ་ལྷ་ཐར་ལགས་ཀྱི་ “འཛམ་གླིང་གི་ཤེས་རིག་སྒྲིག་གཞིའི་ངོས་འཛིན་” ལྟ་བུར་མཚོན་ན་ཡང་། ང་ཚོས་དེ་རྩོམ་པ་པོས་ཆེད་ལས་དང་རིག་གནས་ཀྱི་ཁྱབ་ཁོངས་གང་གི་ཁོངས་ནས་བལྟ་གི་ཡོད་མེད་ཤེས་རྒྱུ་ཧ་ཅང་གལ་ཆེ།

ད་ནི་ “དེང་རབས་བོད་མིའི་ཤེས་རིག་བསྐྱར་སྐྲུན་གྱི་ནང་དོན་དང་ཐབས་ཤེས་” ཟེར་བའི་གནད་དོན་དེའི་སྒང་ལ་འབབ་པར་བྱ། སྐུ་ཉིད་ཀྱིས་ “ཤེས་རིག་བསྐྱར་སྐྲུན་བྱེད་ན། ཐོག་མར་མ་ནོར་བའི་ཤེས་རིག་གདམས་གསེས་ཤིག་ནི་ངེས་པར་དགོས་ཤིང་། རིག་གནས་གདམས་གསེས་ཡོད་སོང་ཚེ། མི་རིགས་ཀྱི་ཁ་ཕྱོགས་གཏན་འཁེལ་སོང་བ་རེད།” ཟེར། ད་དུང་ཁྱེད་ཀྱིས “འཛམ་གླིང་ཤེས་རིག་གི་རྦ་ཀློང་ཁྲོད་གསོན་ཤུགས་ལྡན་པའི་རང་སྡེའི་ཤེས་རིག་ཅིག་ངེས་པར་བསྐྱར་སྐྲུན་བྱེད་དགོས་པ་དེའི་སྙམ་” ཟེར། འདྲི་རྒྱུར། མ་ནོར་བའི་ཤེས་རིག་གདམས་གསེས་དེ་གང་དག་ཡིན་ནམ། ང་ཚོར་རིག་གནས་ཀྱི་གདམས་གསེས་ཡོད་དམ། མི་རིགས་ཀྱི་ཁ་ཕྱོགས་ཟེར་ན་གང་རེད་དམ། འཛམ་གླིང་ཤེས་རིག་གི་རྦ་ཀློང་དེ་གང་རེད་དམ། ངེད་རང་སྒེར་གྱི་བསམ་ཚུལ་དང་ཉམས་མྱོང་ལ། ཤེས་རིག་གི་གདམས་གསེས་ཟེར་དུས་ཧ་ཅང་རྒྱ་ཆེན་པོ་རེད། རྒྱུ་མཚན། ཤེས་རིག་གི་བརྗོད་བྱའི་ཁྱབ་ཁོངས་རྒྱ་ཆེན་པོ་རེད། འདིའི་ཁོངས་སུ་ལོ་རྒྱུས། དཔལ་འབྱོར། ཆོས་ལུགས། ཚན་རིག། རྩོམ་རིག སྒྱུ་རྩལ། ཆབ་སྲིད། དམག་དོན་སོགས་སྣ་ཚོགས་པ་ཞིག་ཡོད་པ་རེད། འདི་དག་གི་ཁྲོད་ནས་ཅི་ཞིག་ཁྱེད་ཀྱིས་གདམས་གསེས་བྱེད་ཀྱི་ཡིན་ཟེར་གི་ཡོད་དམ། ད་དུང་མི་རིགས་ཀྱི་ཁ་ཕྱོགས་གཏན་འཁེལ་སོང་བ་རེད་ཟེར། མི་རིགས་ཀྱི་ཁ་ཕྱོགས་ཟེར་བ་འདི་མི་སྒེར་གཅིག་དང་ཁྱིམ་ཚང་གཅིག་གི་དོན་དག་ཞིག་མ་རེད། བོད་མི་རིགས་ལ་མཚོན་ན་ཡང་ཁྱིམ་ཚང་འབུམ་ཕྲག་འགའ་ཤས་ཡོད་པའི་མི་རིགས་ཤིག་རེད། དེ་ཚོ་ཚང་མའི་ཁ་ཕྱོགས་ཇི་ལྟར་གཏན་འཁེལ་བྱེད་ཐུབ་བམ།

ཨ་རི་ལྟ་བུ་ནུབ་ཕྱོགས་ཀྱི་སྟོབས་ཆེན་རྒྱལ་ཁབ་ཚོར་མཚོན་ན་ཡང་། རང་སོ་སོའི་ཆབ་སྲིད་དང་དཔལ་འབྱོར། དམག་དོན། ཕྱི་འབྲེལ་སྲིད་ཇུས་སོགས་ལོ་ངོ་བཞི་ལྔ་ཡི་དབར་ནས་གཏན་འཁེལ་མེད་པར་འགྱུར་བཞིན་ཡོད་པ་རེད། འདི་དག་ཚང་མ་ཤེས་རིག་གི་མ་ལག་རྐྱང་རེད། ཁ་ཕྱོགས་གཏན་འཁེལ་ཟེར་བ་འདི་ཡིག་ཐོག་ནས་ཡོང་སྲིད་མོད། ལག་ལེན་ལ་ཡོང་རྒྱུ་ཞིག་དཀའ་མོ་མ་རེད་དམ། ད་འུ་ཚོས་ཤེས་རིག་གི་གདམས་གསེས་ཟེར་བའི་སྐད་ཆ་ཚོན་པོ་དེ་ཕར་བཞག་ནས། བོད་ནང་གི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ཀློག་དེབ་ལ་གདམས་གསེས་ཤིག་བྱེད་ཨེ་ཐུབ་བལྟ། ལྷག་པར་དུ། འུ་ཚོར་དེ་ཆ་ཚང་ཞིག་གདམས་གསེས་དང་བཀོད་སྒྲིག གཏན་འབེབས་བྱེད་པའི་འཇོན་ནུས་དང་དབང་ཆ་ཆ་ཚང་ཞིག་ཡོད་དམ། དཔེར་ན། ཆུང་ས་ནས་འུ་ཚོས་བོད་རིག་པའི་སྡེ་ཚན་ཡོད་པའི་བོད་ནང་གི་སློབ་ཆེན་དེ་དག་ལ་ད་ཡོད་ཀྱི་ཁྲིད་གཞི་དག་མ་ཡིན་པའི་ཁྲིད་གཞི་གསར་བ་དང་ཀློག་དེབ་གསར་བ་ལྟ་བུ་བོད་ཡིག་ཐོག་བཀོད་སྒྲིག་དང་གཏན་འཁེལ། ལག་ལེན་བྱེད་ཐུབ་བམ། (བོད་ནང་གི་སློབ་གྲྭ་ཆེན་མོ་ཁག་ལ་ངེད་རང་ཆ་རྒྱུས་ཆེན་པོ་མེད།)

ད་དུང་། ཁྱེད་ཀྱིས་ “འཛམ་གླིང་ཤེས་རིག་གི་རྦ་ཀློང་ཁྲོད་གསོན་ཤུགས་ལྡན་པའི་རང་སྡེའི་ཤེས་རིག་ཅིག་ངེས་པར་བསྐྱར་སྐྲུན་བྱེད་དགོས་པ་དེའི་སྙམ་” ཟེར། འཛམ་གླིང་ཤེས་རིག་ཟེར་ན་གང་རེད་དམ། ཁྱེད་ཀྱིས་བྱང་ཨ་རི་ཟེར་གི་ཡོད་དམ། ནུབ་ཡོ་རོབ་ཟེར་གི་ཡོད་དམ། ཡང་ན་རྒྱལ་ཁབ་བྱེ་བྲག་པ་ཞིག་བཤད་ཀྱི་ཡོད་དམ། དཔེར་ན། ཨ་རིའི་ཤེས་རིག་གི་མ་ལག་ཁྲོད་དུ། གསོན་ཤུགས་ལྡན་པའི་བོད་ཀྱི་ཤེས་རིག་ཅིག་ཇི་ལྟར་བསྐྱར་སྐྲུན་བྱེད་དམ། འུ་ཚོས་འཛམ་གླིང་འཛམ་གླིང་ཟེར་བའི་ཆེ་ཆེ་དེ་ཕར་ལ་བཞག་ནས་རྒྱལ་ཁབ་བྱེ་བྲག་པ་དང་ཤེས་རིག་བྱེ་བྲག་པ། ལྷག་པར་དུ་ཤེས་རིག་གི་སྡེ་ཚན་བྱེ་བྲག་པ་ཞིག་ལ་བལྟ། བྱེ་བྲག་པ་དེ་ཡང་གཏིང་ཟབ་པོ་དང་ཞིབ་ཚགས་པོ་ཞིག་ཡོང་མིན་བལྟ། འདི་ལྟར་བྱེད་ཐུབ་ཚེ་ལམ་ཁ་རེ་རྙེད་སྲིད། གཞན་འཛམ་གླིང་འཛམ་གླིང་ལབ་བསྡད་ན་སྟོང་པ་རེད། མ་རེད་དམ།

སྐུ་ཉིད་ཀྱིས “་ང་ཚོས་ངེས་པར་དེང་རབས་བོད་མིའི་སྤྱི་ཚོགས་ལ་འཚམ་པའི་ཤེས་རིག་གི་མ་ལག་འཐུས་ཚང་བ་ཞིག་ཡང་བསྐྱར་བསྐྲུན་དགོས་པ་ཡིན་ཞིང་། དེ་ནི་མི་བྱེད་ཐབས་མེད་ཅིག་ཀྱང་ངོ།”ཟེར། དེས་ན། དེང་རབས་བོད་མིའི་སྤྱི་ཚོགས་འཚམ་པ་ཞིག་བྱེད་པ་ལ། དེང་རབས་བོད་མིའི་སྤྱི་ཚོགས་ཀྱི་དགོས་མཁོ་ཤེས་དགོས། འོན་ཀྱང་། དེང་རབས་བོད་མིའི་སྤྱི་ཚོགས་ཀྱི་དགོས་མཁོ་དག་ཀྱང་ཧ་ཅང་རྒྱ་ཆེན་པོ་རེད། སྤྱི་ཚོགས་ཀྱི་དགོས་མཁོ་རྒྱ་ཆེ་བ་དེ་དག་སྐུང་ཐུབ་པའི་ཤེས་རིག་གི་མ་ལག་འཐུས་ཚང་ཞིག་ཇི་ལྟར་བསྐྱར་སྐྲུན་བྱེད་དམ། འུ་ཚོས་ཤེས་རིག་གི་མ་ལག་འཐུས་ཚང་བ་ཞིག་ཟེར་བའི་སྟོང་བཤད་འདི་ཕར་ལ་བཞག་ནས། མ་ལག་རྐང་གཅིག་བསྐྱར་སྐྲུན་བྱེད་ཐབས་ལ་འབད།

ལྷག་པར་དུ། ཁྱེད་ཀྱིས་ “དེང་རབས་བོད་མིའི་ཤེས་རིག་བསྐྱར་སྐྲུན་བྱེད་པར། རིག་གནས་ཀྱི་རིན་ཐང་མ་ལག་བརྟན་པོར་གཏོང་བ་དང་། བོད་ཀྱི་རིག་གནས་སྙིང་སྟོབས་སླར་གསོ་བ། ཤེས་རིག་སྤྱི་ཚོགས་ཀྱི་སྒྲིག་སྲོལ་མ་ལག་འཛུགས་པ། འཛམ་གླིང་ཡོངས་ཁྱབ་ཤེས་རིག་ལ་སྒོ་བསྟུན་པའི་སྤྱི་ཚོགས་ཀྱི་གླེང་ཕྱོགས་བསྐྲུན་པ་” སོགས་གླེང་འདུག འཛམ་གླིང་ཡོངས་ཁྱབ་ཤེས་རིག་ཟེར་ན་གང་རེད་དམ། ཁྱེད་ཀྱིས་ཨ་རིའི་ཆབ་སྲིད་ཚན་རིག་མཁས་པ་ས་མོལ་ ཧང་ཀྲིན་ཁྲོན་(Samuel P. Huntington)གྱིས་གླེང་བཞིན་པའི་”ཡོངས་ཁྱབ་ཤེས་རིག”(Universal Civilization)་ཟེར་བའི་ལྟ་ཚུལ་དེ་བརྗོད་ཀྱི་ཡོད་དམ། གཞན། འཛམ་གླིང་ཡོངས་ཁྱབ་ཤེས་རིག་གང་ལ་བསྟུན་རྒྱུ་ཡིན་ནམ། ཇི་ལྟར་བསྟུན་རྒྱུ་ཡིན་ནམ།

ངེད་ཀྱིས་མུ་མཐུད་དུ་བསམ་ཚུལ་རྩོམ་ཡིག་འདིའི་ཡིག་ཕྲེང་རེ་རེ་ལ་དོགས་སློང་མི་བྱེད། ངེད་ཀྱི་རེ་བ་ནི། འུ་ཚོས་བོད་ཀྱི་རིག་གནས་དང་སྤྱི་ཚོགས། གནས་བབས་སོགས་གང་ཞིག་ལ་གླེང་སློང་བྱེད་ན་ཡང་། སྟོང་བཤད་དང་སྤྱི་བཤད་ཙམ་གྱི་ངོ་བོ་ནས་མ་བསྡད་པར། གནད་དོན་བྱེ་བྲག་པ་གཅིག་གི་སྒང་ལ་བབས། གནད་དོན་བྱེ་བྲག་པ་དེ་ཡང་ཁ་ཇེ་གསལ་དང་གཏིང་ཇེ་ཟབ་ལ་བཏང་ནས་གླེང་རྒྱུ་གནད་ཀྱི་དམ་པར་མཐོང། གཞན། འུ་ཚོས་ད་དུང་ཡང་འཛམ་གླིང་དང་འཛམ་གླིང་ཞེས་འུ་ཚོ་ཚང་མར་རྒྱུས་མྱོང་མེད་པ་ཞིག་གླེང་བསྡད་ན། འུ་ཚོས་འབབ་ས་ཞིག་རྙེད་རྒྱུ་ཁག་པོ་རེད་འདོད།

མཐར། དགེ་རྒན་ཆེན་མོ་རྨེ་རུ་ཡུལ་ལྷ་ཐར་སོགས་བོད་ནང་གི་ཤེས་ལྡན་པ་ཚོས་བོད་ཀྱི་ཤེས་རིག་ལ་བཅིངས་པའི་སེམས་ཤུགས་དེར་ངེད་ཀྱིས་རྟག་ཏུ་གུས་བཀུར་ཞུ་བཞིན་ཡོད།

མཆན།
༡) ས་མོལ་ ཧང་ཀྲིན་ཁྲོན་(Samuel P. Huntington) ཆབ་སྲིད་ཚན་རིག་པ་དང་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་ཆེད་མཁས། ཕྱི་ལོ་༡༩༢༧ལོར་སྐུ་འཁྲུངས། ཕྱི་ལོ་༢༠༡༤ལོར་སྐུ་གཤེགས།
༢) ཧྤུའུ་ཁུའུ་ཡ་མ་(Fukuyama) ཆབ་སྲིད་ཚན་རིག་པ་དང་ཆབ་སྲིད་དཔལ་འབྱོར་སྨྲ་བ། ཕྱི་ལོ་༡༩༥༢ལོར་སྐུ་འཁྲུངས། ད་ལྟ་འཚོ་བཞུགས་གནང་།
༣) ཨེ་སྒྲི་བེར་སྒྲི་ ས་ཡིས་སྒྲི (Edward Said) ལོ་རྒྱུས་སྨྲ་བ་དང་རྩོམ་རིག་སྨྲ་བ། ཕྱི་ལོ་༡༩༣༥ལོར་སྐུ་འཁྲུངས། ཕྱི་ལོ་༢༠༠༣ལོར་སྐུ་གཤེགས།
༤) ནོམ་ཆོམ་སུ་ཁེས་(Noam Chomsky) སྐད་བརྡ་རིག་པ་བ་དང་ཤེར་རྟོགས་སྨྲ་བ། ལོ་རྒྱུས་སྨྲ་བ་སོགས་ཡིན། ཕྱི་ལོ་༡༩༢༨ལོར་སྐུ་འཁྲུངས། ད་ལྟ་འཚོ་བཞུགས་གནང་།
༥) ཧན་རིས་ རོ་སུ་ཁེས(Henry Rosovsky) དཔལ་འབྱོར་ལོ་རྒྱུས་སྨྲ་བ། ཕྱི་ལོ་༡༩༢༧ལོར་སྐུ་འཁྲུངས། ད་ལྟ་འཚོ་བཞུགས་གནང།