རོའོ་སུ་ཡིས་བརྩམས། ས་བུ་ཆེ་ཡིས་བསྒྱུར།

ངོས་ཀྱིས་གཙུག་ལག་སློབ་ཆེན་ནང་ཏུ་སློབ་གླིང་ཚན་ཁག་གི་དབྱེ་བ་དེར་དགོས་པ་ཆེན་པོ་མཐོང་གིས་ཡོད། འོན་ཀྱང་དེའི་མཇུག་འབྲས་ནི་སྐྱོ་བོར་ཆགས་ཡོད།  སྤྱིར་ན་མི་ཚོས་གཏན་ཚིགས་བྱ་བ་དེ་ཤེར་རྟོགས་རིག་པའི་ཡན་ལག་ཞིག་ཏུ་བརྩི་སྲོལ་ཡོད།  ཨ་རེས་ཏོ་ཏལ་གྱིས་དེ་ལྟར་གསུངས་མྱོང་ཡོད་པས།  མི་ཚོས་ཀྱང་རིག་ཚན་འདི་གྲྀ་སི་སྐད་ཡིག་མཁྱེན་མཁན་གྱིས་ཁོ་ནར་བགྲོ་གླེང་འོས་པར་བརློམ་ཡོད།  མཐའ་མར།  རྩིས་རིག་དེ་གཏན་ཚིགས་ལ་རྒྱུས་མངའ་མེད་པ་བདག་ལྟ་བུ་དག་གིས་གླེང་བྱར་འགྱུར་བ་རེད་ལ།  ཨ་རེས་ཏོ་ཏལ་དང་ཨུ་ཁེ་ལིད་ཞལ་བཞུགས་བྱེད་དུས་ནས་དེང་གི་དུས་རབས་འདིའི་བར་ཏུ།  ཁ་ཐོར་དེ་འདྲ་ཞིག་གིས་གནོན་འཚེ་ཆེན་པོ་བཟོས་སོང་བ་རེད།  

གཅིག་སྟོང་དགུ་བརྒྱ་ལོའི་རྒྱལ་སྤྱིའི་ཤེར་རིག་ཚོགས་འདུ་ཕཱ་རེས་ནས་འདུ་སྐབས། ངོས་ཀྱིས་གཏན་ཚིགས་རིག་པའི་ལེགས་བཅོས་དེ་རྩིས་རིག་ཤེར་རྟོགས་རིག་པ་ལ་གལ་གནད་ཤིན་ཏུ་ཆེ་བ་ཐོག་མར་མཐོང་སོང་།  དེ་ཡང་།  ངོས་ཀྱིས་ཐུ་རེན་ཡུལ་གྱི་མཁས་པ་ཕི་ཨེ་ནོ་དང་ཤེར་རིག་སྨྲ་མཁན་གཞན་དག་བར་གྱི་བགྲོ་གླེང་ལས་གནད་དོན་དེ་གསར་རྟོགས་བྱུང་བ་ཡིན།  དེ་སྔོན་དུ།  ངས་ཁོང་གི་མཛད་པ་ལ་རྒྱུས་མངའ་གང་ཡང་མེད།  འོན་ཀྱང་ཁོང་རྣམས་པས་བགྲོ་གླེང་མཛད་སྐབས་ཁོང་ཉིད་ནི་གཞན་པ་ཀུན་ལས་གནད་ཁེལ་དུ་གླེང་ཐུབ་མཁན་ཞིག་ཡིན་འདུག་ལ།  ཁོང་གི་གཏན་ཚིགས་ནི་གཞན་ལས་ཚགས་དམ་པོར་ཆགས་པའི་སྣང་བ་བྱུང་།   ང་ཁོང་ལ་བཅར་ནས་ ་་ང་རང་གིས་ཁྱེད་ཀྱི་བརྩམས་ཆོས་ཡོད་ཚད་ཀློག་འདོད་སྐྱེས་སོང་།  ཁྱེད་ཀྱིས་ད་ལྟ་དེ་དག་གནང་ཐུབ་པ་ཡིན་ནམ་་ ཅེས་ཞུས་པ་ཡིན།  ཁོང་གིས་བརྩམས་ཆོས་དེ་དག་འཁྱེར་ཡོད།  ངས་དེ་མུས་སུ་ཁོང་གི་བརྩམས་ཆོས་དག་བཀླགས་པ་ཡིན།  བརྩམས་ཆོས་འདི་དག་གིས་ཏག་ཏག་པོར་ངོས་ཀྱི་རྩིག་རིག་རྩ་ཚིག་སྐོར་གྱི་ལྟ་བ་གོང་འཕེལ་དུ་བཏོང་ཐུབ་སོང་།  

རྩིས་རིག་གཏན་ཚིགས་ནི་རིག་ཚན་གསར་བ་ཞིག་མིན།  ལཻ་པ་ནི་ཟི་ཡིས་སྔོན་མ་དེ་ལྟར་ཚོད་ལྟ་བྱས་ཡོད་རེད།  འོན་ཀྱང་ཨ་རེས་ཏོ་ཏལ་ལ་བརྩི་འཇོག་དགོས་པས་རྐྱེན་གྱིས་ལས་དེ་མཚམས་འཇོག་བྱས་པ་རེད།  པུ་ཨར་གྱིས་གཅིག་སྟོང་བརྒྱད་བརྒྱ་ང་བཞི་ལོར་ཁོང་གི་བརྩམས་ཆོས་བསམ་བློའི་རྩ་ཁྲིམས་བྱ་བ་དེ་བཀྲམ་པ་རེད།  དེ་ལས་ཁོང་གིས་རྩིས་ཐབས་ཆ་ཚང་ཞིག་གཏོད་ཅིང་རིགས་ཀྱི་བསྡུས་གཏོགས་བྱ་བ་གཙོ་བོར་བརྗོད་ཡོད་རེད།  པི་ཨེར་སི་ཡིས་དེ་སྔོན་འབྲེལ་ལམ་གཏན་ཚིགས་ཞེས་པ་ཞིག་གསར་གཏོད་བྱས་ཡོད།  ཥི་ཏེ་ལྲྀ་གྱིས་མཛད་པའི་པོད་ཆེན་གསུམ་གྱི་བདག་ཉིད་ཅན་གྱི་བསྟན་བཅོས་དེའི་ནང་།  སྔོན་རབས་པའི་གྲུབ་འབྲས་བསྡུས་ནས་གསལ་བཤད་བྱས་ཡོད།  འོ་ཏུ་ཧེལ་གྱིས་ཁོང་གི་ཚབ་རྩིས་ཕལ་མོ་བ་བྱ་བའི་བསྟན་བཅོས་དེའི་ལེའུ་དང་པོའི་ནང་པུ་ཨར་གྱི་རྩིས་ཐབས་ལ་མཐའ་དཔྱད་བརྒྱབ་ཡོད།  གོང་ནས་དྲངས་བའི་བརྩམས་ཆོས་འདི་དག་ལ་ངོས་ཀྱིས་སྔ་མོ་ནས་རྒྱུས་ལེན་བྱས་མྱོང་ནའང་།  ངས་འདི་དག་གིས་རྩིས་རིག་གི་གཞི་འགྱུར་རྩ་དོན་གསལ་བ་ལ་ཕན་ནུས་གང་ཡང་སྒྲུབ་མི་ཐུབ་པ་འདོད་ཡོད།  དེ་ཡང་ཐེངས་འདིའི་ཕཱ་རེས་ཀྱི་འགྲུལ་བཞུད་མ་བྱས་པའི་སྔོན་དུ་ངོས་ཀྱིས་བརྗོད་བྱང་འདི་ལ་བྲིས་པའི་མ་རྩོམ་ཞིག་ཏེ།  ད་ལྟའང་ཉར་ཚགས་བྱས་ཡོད་པ་དེ་ལ།  ངོས་ཀྱིས་ཡང་བསྐྱར་ཐེངས་གཅིག་བཀླགས་པ་ཡིན།  འོན་ཀྱང་ངས་གསར་རྟོགས་བྱུང་བ་ནི།  རྩོམ་འདི་ཡིས་རྩིས་རིག་གིས་གཏན་ཚིགས་ལ་དྲི་རྩད་བྱས་པའི་གནད་དོན་དེ་དག་ལ་རྨང་གཞིའི་དཔྱད་འགྲོལ་ཞིག་ཀྱང་ཕོག་མི་འདུག  

ཕི་ཨེ་ནོ་ཡིས་ང་ལ་བློ་འབྱེད་བྱས་པ་ནི་གཙོ་བོ་ཡང་དག་རིག་རྩལ་གྱི་སྟེང་གི་གོང་འཕེལ་སྣ་གཉིས་ཡིན།  གལ་ཏེ་སུ་ཞིག་གིས་ངོས་ཀྱིས་སྒྲུབ་མྱོང་བ་ལྟར་རྩིས་རིག་ལ་ལོ་མང་རིང་དུ་དུས་དང་བསམ་བློ་བཏོང་མེད་པ་ཡིན་ན།  གང་དེས་གོང་འཕེལ་འདི་གཉིས་ཀྱི་གལ་ཆེའི་རིང་བཞིན་རྟོགས་ཁག་པོ་རེད།  མ་གཞི་གོང་འཕེལ་འདི་གཉིས་ནི་སྔོན་ཚེ་ཧྥོ་རེ་ཀི་ཡིས་བླངས་བ་ཞིག་རེད།  ཕི་ཨེ་ནོ་ཡིས་ལོ་རྒྱུས་དེ་ལ་གསལ་བོ་ཡིན་མིན་གྱི་ཐེ་ཚོམ་བྱེད་འོས།  ངོས་ཀྱིས་ཀྱང་རྗེས་སོར་ད་གཟོད་ཤེས་པ་ཡིན།  དཀའ་ཁག་ལ་འཕྲད་སྲིད་པ་ཡིན་ཡང་།  ངོས་ཀྱིས་གོང་འཕེལ་འདི་གཉིས་ལ་རང་ནུས་ཅི་འཇོན་གྱིས་འགྲེལ་བཤད་ཞིག་རྒྱག་འདོད་ལ།  དེ་གལ་ཆེན་ཡིན་པའི་རྒྱུ་མཚན་ཡང་འདི་ནས་དཀྲལ་འདོད།  དེ་ལ་ཐོག་མར་ངོས་ཀྱིས་གོང་འཕེལ་དེ་གཉིས་གང་ཡིན་པ་བརྗོད་པར་བྱའོ། །

གོང་འཕེལ་དང་པོ་ནི།  ་་ སོ་ཀུ་ར་ཏུ་འཆི་བ་ལས་མི་འདའ ་་ཅེས་པ་ལྟ་བུའི་རྣམ་པའི་དམ་བཅའ་དང་ ་་ གྲྀ་སི་པ་ཐམས་ཅད་འཆི་བ་ལས་མི་འདའ ་་ ལྟ་བུའི་རྣམ་པའི་དམ་བཅའ་ཁ་ཁར་བྱེད་པ་འདི་ཡིན།  ཨ་རེས་ཏོ་ཏལ་དང་ཀུན་གྱིས་ཚད་མར་འཛིན་པའི་སྒྲུབ་ངག་ཡན་ལག་གསུམ་ལྡན་གྱི་རྣམ་བཞག་དེ་ཡིས་དམ་བཅའ་རྣམ་པ་འདི་གཉིས་ལ་ཁྱད་པར་ཡོད་པ་མི་འདོད།  ཁཱན་ཐ་ཡིས་རྣམ་བཞག་དེ་ནི་རྩེ་མོར་ཟིན་ཡོད་པས་དེ་ལ་གོང་འཕེལ་གསར་བ་གང་ཡང་ཡོད་མི་སྲིད་པ་འདོད།  འོན་ཀྱང་།  དོན་དམ་པར།  རྣམ་པ་དེ་གཉིས་ཀྱི་ཁྱད་པར་ཆེན་པོ་མ་མཐོང་ན།  གཏན་ཚིགས་རིག་པ་དང་རྩིས་རིག་གང་ཡིན་ཡང་ཡར་རྒྱས་འཕེལ་དཀའ་བ་རེད།  ་་ སོ་ཀུ་རཱ་ཏུ་འཆི་བ་ལས་མི་འདའ་་ ཟེར་བ་དེ་ནི་རྗོད་ཚིག་ཞིག་རྗོད་བྱ་མི་ཡི་མིང་ཡིན་པ་ཞིག་ལ་སྦྱར་བ་རེད།  ་་གྲྀ་སི་པ་ཐམས་ཅད་འཆི་བ་ལས་མི་འདའ་་ བྱ་སྐབས་ནི་རྗོད་ཚིག་གཉིས་ཀྱི་འབྲེལ་བ་སྟོན་པ་ཙམ་ཡིན།  རྗོད་ཚིག་གཉིས་པོ་ནི་ ་་ གྲྀ་སི་པ ་་ དང་ ་་འཆི་བ་ལས་མི་འདའ་་ ཡིན་ལ།  ་་གྲྀ་སི་པ་ཐམས་ཅད་འཆི་བ་ལས་མི་འདའ་བ་ཡིན་པ་་ ཇི་བཞིན་དུ་བརྗོད་པ་འདི་ཡིས་ ་་xནི་འབྱུང་རུང་གི་གྲངས་གཞི་ཡོད་ཚད་ཡིན་པར་ཆ་བཞག་ནས་བཤད་ན།  གལ་ཏེ་xནི་གྲྀ་སི་པ་ཡིན་ན།  xནི་འཆི་བ་ལས་མི་འདའ་བ ་་  འི་དོན་བསྟན་ཡོད་རེད།  འདི་ནི་བརྗོད་བྱ་དང་རྗོད་ཚིག་གི་དམ་བཅའ་ཞིག་མིན་པར།  དམ་བཅའི་སྒྲུབ་ཆ་གཉིས་སྦྲེལ་བ་བྱས་པ་རེད།  གལ་ཏེ་འགྱུར་བའི་ཆ་xལ་གྲངས་གཞི་ཞིག་ངེས་གཏན་བྱས་ན།  དམ་བཅའི་སྒྲུབ་ཆ་གཉིས་པོ་བརྗོད་བྱ་དང་རྗོད་ཚིག་གི་འབྲེལ་བ་ལྡན་པའི་དམ་བཅའ་སོ་སོར་འགྱུར་ཐུབ་པ་རེད།  ་་ གྲྀ་སི་པ་ཐམས་ཅད་འཆི་བ་ལས་མི་འདའ ་་  ཞེས་པའི་དམ་བཅའ་འདི་ཡིས་གྲྀ་སི་པའི་ཁྱད་ཆོས་ཁོ་ན་བརྗོད་བཞིན་མེད་པར།  དེ་ནི་འཇིག་རྟེན་ཆེན་མོའི་དངོས་པོ་ཐམས་ཅད་བརྗོད་ཡོད་པའི་དམ་བཅའ་ཞིག་ཡིན།    གལ་ཏེ་xགྲྀ་སི་པ་ཡིན་ན།  ་་གལ་ཏེ་xནི་གྲྀ་ས་པ་ཡིན་ན།  xནི་འཆི་བ་ལས་མི་འདའ་་ ཞེས་པ་དེ་དམ་བཅའ་ཡང་དག་ཏུ་ཚུགས་ཐུབ་པ་ཡིན།  གལ་ཏེ་xདེ་གྲྀ་སི་པ་མིན་ན།  དམ་བཅའ་དེ་ཡང་སྔར་བཞིན་ཚུགས་ཐུབ་པ་ཡིན།   དོན་དམ་པར།  གྲྀ་སི་པ་བྱ་བ་ཞིག་གཏན་ནས་མེད་རུང་།  དམ་བཅའ་དེའི་སྒྲུབ་བྱ་ཚུགས་ཐུབ་པ་ཡིན།  ་་མིའུའི་རྒྱལ་ཁབ་ཀྱི་མི་ཐམས་ཅད་འཆི་བ་ལས་མི་འདའ་་ ལྟ་བུ་ཡང་ཚུགས་ཐུབ་སྟེ།  མིའུའི་རྒྱལ་ཁབ་ཟེར་བ་ཞིག་མེད་རུང་ཆོག་པ་ཡིན།  ་་གྲྀ་སི་པ་ཐམས་ཅད་འཆི་བ་ལས་མི་འདའ ་་ ཟེར་བ་འདི་ ་་སོ་ཀུ་རཱ་ཏུ་འཆི་བ་ལས་མི་འདའ ་་  ཟེར་བའི་དམ་བཅའ་དེ་དང་མི་འདྲ་དོན་ནི།  སྔོན་མ་དེས་སྐྱེས་བོ་ངེས་གཏན་ཞིག་བསྟན་མེད་པས་རེད།  དེ་ཡིས་བསྟན་པ་ནི་རྗོད་ཚིག་དང་རྗོད་ཚིག་གི་སྦྲེལ་བ་ཁོ་ན་ཡིན།   དེ་ཚུགས་ཐུབ་པ་ལ་དཔེ་འདྲེན་བདེན་སྐྱེལ་དགོས་པ་མིན།  རྒྱུ་མཚན་ནི།  xལ་བྱ་བ་དེ་ནི་གྲྀ་སི་པའི་ཁྱབ་ཚད་ཀྱིས་འཐུས་པའི་xདག་མིན་པར་དེ་ནི་འཇིག་རྟེན་ཡོངས་སུ་ཁྱབ་ཡོད་པས་ཕྱིར་རོ།  །  འོན་ཀྱང་།   སྒྲུབ་ངག་འདི་ལ་དཔེར་འདྲེན་གྱི་བདེན་སྐྱེལ་ཐུབ་པ་མིན་རུང་།  དེ་ནི་མི་ཡིས་གོ་ཐུབ་པ་ཞིག་ཡིན།  ངོས་ཀྱིས་གཤོག་པ་ཅན་གྱི་རྟ་ཡོད་མིན་མི་ཤེས།  རྟ་དེ་འདྲ་བ་ཞིག་ནི་ནམ་ཡང་མཐོང་མ་མྱོང་།    འོན་ཀྱང་ངོས་ཀྱིས་གཤོག་པ་ཅན་གྱི་རྟ་ཐམས་ཅད་ནི་རྟ་ཡིན་པ་ཤེས་ནུས།   མདོར་བསྡུས་ནས་བཤད་ན།   ་་ ཐམས་ཅད ་་ ཀྱི་སྒྲ་སྦྱར་བའི་དམ་བཅའ་ཡོད་ཚད་ནི་སྒྲུབ་ཆ་ཚུད་ཐུབ་ཀྱི་དམ་བཅའ་ཡིན།  འོན་ཀྱང་དེ་ཡིས་སྒྲུབ་ཆའི་གྲངས་གཞི་དམིགས་བསལ་བ་གང་ཡང་ཚུད་ཐུབ་བྱས་ཡོད་པ་མ་རེད། །

ངོས་ཀྱིས་ཕི་ཨེ་ནོའི་མདུན་ནས་ཐོས་པའི་གོང་འཕེལ་གཉིས་པ་ནི།  ཆ་ཤས་གཅིག་གིས་གྲུབ་པའི་རིགས་དང་ཆ་ཤས་དེ་ཉིད་ནི་གཅིག་མཚུངས་མ་ཡིན་པ་ཤེས་པ་དེ་རེད།  དཔེར་ན།  ་་སའི་གོ་ལའི་འཁོར་སྐར་་ ནི་རིགས་ཞིག་ཡིན།  དེ་ལ་ཆ་ཤས་གཅིག་ཁོ་ན་ཡོད་དེ་དེ་ནི་ཟླ་བ་རེད།  འོན་ཀྱང་རིགས་ཞིག་དང་དེའི་ཆ་ཤས་ཁོ་ན་བ་དེ་ཉིད་གཅིག་མཚུངས་བྱས་པ་ཡིན་ན།  ཚོགས་སྤྱིའི་གཏན་ཚིགས་ཁྲོད་ནས་འགྲོལ་ཐབས་མེད་པའི་དཀའ་ཁག་བཟོ་སྲིད་པ་རེད།  དེ་བས།  རྩིས་ཀྱི་གཏན་ཚིགས་ནང་ཏུའང་འགྲེལ་ཐབས་མེད་པའི་དཀའ་ཁག་བཟོ་བ་ཡིན་ཏེ།   གྲངས་ལ་འོས་པ་ནི་ཚོགས་སྤྱི་ཡིན་པས་ཕྱིར་རོ།  །   དེ་ལྟར་བསྟན་པ་ཙམ་གྱིས།  ་་སའི་གོ་ལའི་འཁོར་སྐར་་ དང་ཟླ་བ་གཉིས་གཅིག་མཚུངས་མི་རུང་བ་ཤེས་ཐུབ།  གལ་ཏེ་སའི་གོ་ལ་ལ་འཁོར་སྐར་གཉིས་པ་ཞིག་ཡོད་ན།  ་་སའི་གོ་ལའི་འཁོར་སྐར་་ ཞེས་པའི་ཚིག་ཐུང་འདིའི་སྔར་ཡོད་དོན་སྙིང་འགྱུར་ཐུབ་པ་མིན།  གནམ་རིག་ལ་རྒྱུས་མངའ་ཞིང་སའི་གོ་ལ་ལ་འཁོར་སྐར་ཡོད་པ་མི་མཁྱེན་མཁན་ཞིག་ཡོད་ན།  ཚིག་ཐུང་འདི་ཡི་དོན་སྙིང་ཡང་གོ་ཐུབ་པ་ཞིག་ཡིན།   ཕྱོགས་གཞན་ཞིག་ནས་བཤད་ན།  གལ་ཏེ་ང་ཚོས་ཟླ་བ་ཞེས་པའི་སྒྲ་དེ་མིང་ཞིག་ཏུ་གོ་བར་བྱས་ན།  ཟླ་བ་དང་འབྲེལ་བའི་དམ་བཅའ་འདིས།  ཟླ་བ་ཤེས་མཁན་གྱི་མི་ལས་གཞན་ལ་ནི་དོན་སྙིང་སྤྲོད་པ་མི་ནུས།  ཟླ་བ་མི་ཤེས་མཁན་གྱི་མི་ལ་ ་་ཟླ་བ་་ ནི་ ་་སའི་གོ་ལའི་འཁོར་སྐར་ཁོ་ན་བ་་ དེ་ཡིན་པ་མ་འགྲེལ་ན།  ་་ཟླ་བ་་ ཞེས་པ་ནི་དོན་སྟོང་གི་སྒྲ་ཙམ་ལས་གང་ཡང་ཡིན་མི་འགྱུར། །

གལ་ཏེ་འགྲེལ་བ་དེ་བརྗེ་ཚབ་བྱས་ན།  ཟླ་བའི་སྐོར་གྱི་དམ་བཅའ་འདི་ལ་ང་ཚོས་ ་་དོ་དགུང་གི་ཟླ་བ་ཤིན་ཏུ་གསལ ་་  ཞེས་བརྗོད་པའི་སྐབས་ཁྱོད་དང་ང་ཡིས་གོ་ཐུབ་པའི་དོན་སྙིང་དེ་ཡོད་པ་མི་འགྱུར།  མི་ཞིག་གིས་ ་་ཟླ་བ་ནི་སའི་གོ་ལའི་འཁོར་སྐར་ཞིག་ཡིན་་ ཅེས་བརྗོད་སྐབས།  མི་ཞིག་གི་དངོས་བྲིས་བྱེད་ཀྱིན་མེད།  ཁོང་གིས་བྱས་པ་ནི་དོན་རྟོག་ཕན་ཚུན་སྦྲེལ་བ་བྱས་པ་དེ་རེད།  ཚོར་ངོས་ཀྱི་འཇིག་རྟེན་དང་ཐད་ཀར་མྱོང་ཚོར་བྱེད་ཀྱིན་མེད།   མི་ཞིག་གིས་ ་་ཟླ་བ་གསལ་་ ཞེས་བརྗོད་སྐབས།    ད་གཟོད་ཁོང་གིས་ཚོར་ངོས་ཀྱི་འཇིག་རྟེན་ལ་འབྲེལ་བ་བྱས་པ་རེད།  གནད་དོན་འདིའི་ཐོག་ལ།  ང་ཚོས་ད་ལྟ་བགྲོ་གླེང་བྱེད་བཞིན་པའི་ཁྱད་པར་དང་།  དེ་སྔོན་ང་ཚོས་གླེང་ཟིན་པའི་ ་་སོ་ཀུ་རཱ་ཏུ་འཆི་བ་ལས་མི་འདའ་་  ཅེས་པ་དང་ ་་གྲྀ་སི་པ་ཐམས་ཅད་འཆི་བ་ལས་མི་འདའ་་ ཅེས་པའི་ཁྱད་པར་དང་འདྲ་བ་ཡིན།  

ཀློག་པ་པོ་རྣམས་ཀྱིས་གོང་གི་ཁྱད་པར་དེ་དག་ནི་དཔེ་ཆ་བས་མཁས་མདོག་ཚ་བོ་བྱེད་ཁུལ་ཡིན་པར་འདོད་ན་ཐང་།  ངོས་ཀྱིས་དེ་ལྟར་མ་ཡིན་ཞེས་ནན་བརྗོད་བྱེད་པ་ཡིན།  །

ཧྥོ་རེ་ཀོའི་སྔོན་གྱི་རྩོམ་མཁན་རྣམས་ཀྱིས་རྩིས་ཀྱི་ཤེར་རིག་སྐོར་ལ་ནོར་འཁྲུལ་བྱུང་ཡོད།  དེ་དག་གིས་ཤོར་བའི་ནོར་འཁྲུལ་ནི་རང་བྱུང་ཅན་གྱི་ནོར་བ་ཞིག་ཡིན།  ཁོ་ཚོས་གྲངས་ཀ་ནི་ཨང་ཀི་རྩིས་པ་ལས་བྱུང་བར་དགོངས་ཡོད།  ཁོ་ཚོ་འགྲོལ་ཐབས་མེད་པའི་དཀའ་ཁག་གི་རྟིངདུ་ལྷུང་བ་རེད།  རྒྱུ་མཚན་ནི་གཅིག་ཉིད་དུ་རྩི་ཆོག་པའི་དངོས་པོ་དེ་ནི་དེ་བཞིན་སྣ་ཚོགས་ཞིག་ཏུའང་རྩི་ཆོག་པ་རེད།  དྲི་བ་འདི་འདྲ་ཞིག་ལ་གཞིག་ནས་བསམ་བློ་བྱོས་དང་།  ་་དབྱིན་རྒྱལ་མོའི་ཁབ་ཏུ་རྐང་རྩེད་སྤོ་ལོའི་སྐྱིད་སྡུག་ག་ཙམ་ཡོད་དམ། ་་   དྲི་བ་འདི་ལ་ལན་འདེབས་སྐབས་ཁྱོད་ཀྱིས་སྐྱིད་སྡུག་ཚོགས་པ་རེ་རེ་གཅིག་ཉིད་དུ་ལྟ་ཆོག་པ་རེད།  འོན་ཀྱང་ཁྱོད་ཀྱིས་འདི་ལྟར་ཀྱང་འདྲི་ཆོག་པ་རེད་དེ།  ་་རྐང་རྩེད་སྤོ་ལོའི་སྐྱིད་སྡུག་ག་གེ་མོ་ཞིག་ལ་ཚོགས་མི་ག་ཚོད་ཡོད་དམ།་་ དེ་ལྟར་བྱས་ན།  ཁྱོད་ཀྱིས་སྐྱིད་སྡུག་བྱེ་བྲག་དེ་སྣ་ཚོགས་ཞིག་ཏུ་རྩིས་ཡོད་པ་རེད།   མ་ཟད།  གལ་ཏེ་སྐུ་ཞབས་ཀ་པ་ནི་སྐྱིད་སྡུག་དེ་ཡི་ཚོགས་མི་ཡིན་པའི་དབང་དུ་བཏང་ན།  དེ་སྔོན་དེ་གཅིག་ཉིད་དུ་རྩིས་ཡོད་རེད།  འོན་ཀྱང་ཁྱོད་ཀྱིས་འདི་ལྟར་གྱིས་ནས་དྲི་འོས་ཏེ།  ་་སྐུ་ཞབས་ཀ་པ་ལ་འདུས་རྡུལ་ག་ཚོད་ཡོད་དམ།་་  དེ་ལྟར་དྲིས་ན་སྐུ་ཞབས་ཀ་པ་དེ་སྣ་ཚོགས་ཏུ་འགྱུར་བ་རེད།  དེ་བས་འདི་ལས་གསལ་བོ་མཐོང་ཐུབ་པ་ནི།  རྩིས་ཀྱི་མཐོང་ཕྱོགས་ནས་བཤད་ན།   དངོས་པོ་ཞིག་གཅིག་ཏུ་བཏགས་པ་དེ་ནི་དངོས་པོའི་རྒྱུ་རྫས་ཆགས་སྟངས་ལ་རག་ལས་པ་མིན་པར།  དེ་ནི་ ་་དེ་ནི་གང་ཞིག་གི་བྱེ་བྲག་ཚབ་བྱེད་གཅིག་ཡིན་པ་་  འདྲི་བ་དེ་ལ་རག་ལས་ཡོད་རེད།   ཁྱོད་ཀྱིས་རྩིས་ཞིང་ཐོབ་པའི་གྲངས་ཀ་དེ་ནི་གྲངས་ཀའི་ཚོགས་ལྟ་བུ་ཞིག་ཡིན།  ཁྱོད་ཀྱིས་ཚོགས་པ་དེ་མ་རྩིས་པའི་སྔོན་དུ།  དེ་ལ་གྲངས་གང་རུང་ཞིག་ཡོད་པ་རེད།   འོན་ཀྱང་གང་ཞིག་གི་བྱེ་བྲག་དངོས་སུ་བྱས་ནས་བཤད་སྐབས།  ཚོགས་པ་དེ་ད་གཟོད་སྣ་ཚོགས་ཅན་ཏུ་འགྱུར་བ་རེད།  ཚོགས་པ་དེ་འདྲ་བ་ཞིག་ནི་དེ་མིན་ཞིག་གི་བྱེ་བྲག་དངོས་ཚབ་ཡིན་སྲིད།  གྲངས་ཏུ་རྩི་བའི་སྐབས་སུ་དངོས་ཚབ་དེ་གཅིག་ཏུ་བགྲངས་བ་ཡིན།  དེ་ཡིན་ན་ང་ཚོས་གནད་དོན་འདི་འདྲ་ཞིག་ལ་ངོས་ལེན་མི་བྱེད་ཀ་མེད་ཡིན་ཏེ།  ་་ཚོགས་པ་གཅིག་ཟེར་བ་དེ་ཅི་ཡིན་་  ་་དངོས་ཚབ་གཅིག་ཟེར་བ་དེ་ཡང་གང་ཡིན་ནམ། ་་   གལ་ཏེ་དམ་བཅའི་སྒྲུབ་ཆ་ཡི་སྒོ་ནས་མ་བཤད་ན།  དྲི་བ་འདི་གཉིས་ཀ་རྟོགས་དཀའ་རྒྱུ་རེད།  དམ་བཅའི་སྒྲུབ་ཆ་གཅིག་ནི་རྩིས་ཀྱི་སྙོམ་འགྲོས་གཅིག་ཡིན།  བསྒྱུར་མཆན། སྙོམ་འགྲོས་ནི་རྩིས་རིག་གི་རྟགས་ཀྱི་ཚོགས་པ་དོན་ལྡན་ཞིག་ལ་གོ་སྟེ།  དེ་ཡིས་རྩིས་བྱ་དག་གི་འབྲེལ་བ་སྙོམ་ཚུལ་མཚོན་ནུས་པ་ཡིན།  སྙོམ་འགྲོས་ནི་གྲངས་ངེས་ཅན་ཡིན་རུང་ཆོག་ལ་མིན་རུང་ཆོག དཔེར་ན། 3+4=7དང་S=πr2ལྟ་བུ]སྙོམ་འགྲོས་དེ་འདྲ་རེ་རེ་ལ་འགྱུར་རུང་གི་ཆ་རེ་རེ་ཡོད།  འགྱུར་ཆ་དེ་ལ་ངེས་གཏན་གྱི་གྲངས་གཞི་གཏན་ཁེལ་བྱས་པ་ཡིན་ན།  སྙོམ་འགྲོས་འདི་དམ་བཅའ་ཞིག་ཏུ་འགྱུར་འགྲོ་བ་ཡིན། [བསྒྱུར་མཆན། རྩིས་རིག་གི་ཁྲོད་ནས་འདི་ལ་y=f(x)ལྟར་དུ་མཚོན་ཆོག xནི་ལྟོས་མེད་འགྱུར་རུང་གི་གྲངས་གཞི་ཡིན།  yནི་xལ་ལྟོས་ཏེ་འགྱུར་བའི་འགྱུར་རུང་ཅན་ཡིན།] དཔེར་ན།  ་་xནི་མི་ཞིག་ཡིན་་ ལྟ་བུར་མཚོན་ན་དེ་ནི་དམ་བཅའི་སྒྲུབ་ཆ་ཞིག་ཡིན།  གལ་ཏེ་ང་ཚོས་སོ་ཀུ་རཱ་ཏུའམ་མི་གང་རུང་བ་ཞིག་གིས་xབརྗེ་ཚབ་བྱས་པ་ཡིན་ན།  ང་ཚོས་དམ་བཅའ་ཞིག་རག་ཐུབ་པ་རེད།  དེ་བཞིན་ང་ཚོས་མི་མ་ཡིན་པའི་དངོས་ཟོག་ཞིག་གིས་xབརྗེ་ཚབ་བྱེད་ཆོག་པ་ཡིན།  ང་ཚོས་བསླར་ཡང་དམ་བཅའ་ཞིག་རག་ཐུབ་པ་རེད།   ཡིན་ཡང་སྐབས་འདིའི་དཔེ་བརྗོད་ཀྱིས་བསྟན་པའི་དམ་བཅའ་ནི་ཚུགས་ཐུབ་པ་མིན།  དེ་བས་དམ་བཅའི་སྒྲུབ་ཆ་ཞིག་ནི་སྙོམ་རྟགས་འབའ་ཞིག་ཏེ། དེ་རང་ཉིད་ཀྱིས་གང་ཡང་མཚོན་ནུས་པ་མིན།  དེ་ཉིད་བརྗོད་ཚན་ཞིག་གི་ཆ་ཤས་སུ་འཇོག་ཆོག་པ་ཡིན།  བརྗོད་པ་དེ་ཡིས་དམ་བཅའི་སྒྲུབ་ཆ་དེ་ཚུགས་ཐུབ་མིན་ཐག་གཅོད་བྱེད་པ་ཡིན།  ་་xནི་རྗེས་འཛིན་ཕོ་ཉ་བ་ཞིག་ཡིན་་ ཟེར་བ་དེ་ལ་དོན་སྙིང་ལྡན་པ་མིན།  འོན་ཀྱང་ ་་xལ་གྲངས་གཞི་བཅུ་གཉིས་ཡོད།[བསྒྱུར་མཆན། ཡེ་ཤུ་ཆོས་ལུགས་ཀྱི་ཆོས་འབྱུང་ཁྲོད་དུ་སྟོན་པ་ཡེ་ཤུ་ལ་ཐུགས་སྲས་བཅུ་གཉིས་ཡོད་པ་དང་དེ་དག་ལ་རྗེས་འཛིན་ཕོ་ཉོ་བ་བཅུ་གཉེས་ཞེས་བྱ]དེ་བས་ ་xནི་རྗེས་འཛིན་ཕོ་ཉ་བ་ཞིག་ཡིན་ ཅེས་པ་དེ་ཚུགས་ཐུབ་་ ཅེས་པ་ནི་བརྗོད་པ་ཆ་ཚང་ཞིག་ཡིན།  དེ་ལྟ་བའི་བརྗོད་སྟངས་དེ་དངོས་ཚབ་ཀྱི་སྒྲ་རྟོག་དེ་ལའང་བཀོལ་ཆོག་པ་ཡིན།  ང་ཚོས་དངོས་པོ་ཞིག་གཞན་གྱི་བྱེ་བྲག་ཚབ་མཚོན་ཞིག་ཏུ་ངོས་བཟུང་ཚེ། ང་ཚོས་དེ་ཉིད་དམ་བཅའི་སྒྲུབ་ཆའི་ནང་གི་འགྱུར་བའི་ཆ་དེའི་འབྱུང་རུང་གི་གྲངས་གཞི་ལ་ངོས་འཛིན་བྱས་པ་རེད།  གལ་ཏེ་ངོས་ཀྱིས་ ་་སོ་ཀུ་རཱ་ཏུ་ནི་མིའི་དངོས་ཚབ་ཞིག་རེད་་ ཅེས་སྨྲས་པ་ཡིན་ན། ངས་དོན་དུ་སོ་ཀུ་རཱ་ཏུ་ནི་xཡི་གྲངས་གཞི་ཞིག་ཡིན་པ་བསྟན་གྱིན་ཡོད།  དེ་བས་ ་་xནི་མི་ཞིག་ཡིན་་ ཅེས་པའི་དམ་བཅའ་ཚུགས་ཐུབ་རེད།  དགོན་སྡེའི་ཤེར་རིག་སྨྲ་བོ་དག་ལ་གདམས་ངག་ཞིག་ཡོད།   དེའི་ནང་དོན་དུ་གཅིག་ཉིད་དང་བདེན་གྲུབ་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན་པ་བརྗོད་ཡོད།   སྐད་ཆ་འདི་ལ་ཚང་མས་བདེན་པར་བཟུང་ན།  1་གི་དོན་སྙིང་ལ་གསལ་བོ་ཞིག་ལོན་ཐུབ་ཀི་མ་རེད།  དོན་དམ་པའི་བདེན་པ་ནི་གང་རེད་ཟེར་ན།  བདེན་གྲུབ་ནི་གོ་ནུས་མེད་པའི་ཐ་སྙད་ཞིག་ཡིན།  མ་ཟད།  ཐ་སྙད་འདི་ལོག་བཀོལ་བྱེད་མཁན་དག་གིས་སྦྱར་ཡུལ་གྱི་དངོས་པོ་དེ་དག་ནི་གཅིག་ཉིད་ཡིན་ཆོག་ལ།  སྣ་ཚོགས་ཀྱང་ཡིན་ཆོག  གཅིག་ཉིད་ནི་དངོས་པོའི་ངོ་བོ་མ་ཡིན་པར།  དེ་ནི་དམ་བཅའི་སྒྲུབ་ཆ་ཁ་ཤས་ཀྱི་ངོ་བོ་ཡིན།  གང་དག་ཟེར་ན།  འོག་གི་ཁྱད་ཆོས་ལྡན་པའི་དམ་བཅའི་སྒྲུབ་ཆ་ཁག་སྟེ།   xཞིག་ཡོད་ཀྱང་དེ་ཡིས་སྒྲུབ་ཆ་དེ་བདེན་སྐྱེལ་ཐུབ།  མ་ཟད་xདེ་ནི་འདི་ལྟ་སྟེ།  གལ་ཏེ་yཡིས་སྒྲུབ་ཆ་དེ་བདེན་པར་སྐྱེལ་ཐུབ་ན།  yདང་xནི་གཅིག་མཐུན་དུ་འགྲོ་ངེས་པ་ཡིན།  དེ་ནི་རྒྱུ་གཅིག་བྱེད་རྩིས་ཀྱི་མཚན་ཉིད་རེད།  1བྱ་བའི་གྲངས་ཀ་ནི་རྒྱུ་གཅིག་གི་ཁྱད་ཆོས་ཡིན།   ཁྱད་ཆོས་འདི་ནི་བྱེད་རྩིས་ཁག་གཅིག་ལ་ལྡན་པ་ཡིན།  དེ་བཞིན།  གྲངས་སྟོང་བྱེད་རྩིས་ནི་xཡི་གྲངས་གཞི་ཡོད་ཚོད་ཀྱི་ངོས་ནོར་བའི་བྱེད་རྩིས་ཞིག་ཡིན།  གྲངས་སྟོང་བ་བྱེད་རྩིས་སུ་འགྱུར་དགོས་ན།  དེ་ཡི་ཁྱད་ཆོས་ནི་0ཡིན།

གྲངས་ཀྱི་རྣམ་བཤད་རྙིང་བ་དག་ལ་མཚོན་ན།  0དང་1གི་ཡན་ནས་ཁོ་ཚོ་དཀའ་ཁག་འཕྲད་ངེས་པ་རེད།

ཆེས་ཐོག་མའི་དུས་ནས།  ངོས་ལ་སེམས་ཚོར་དྲག་པོ་ཐེབ་པར་བྱེད་མཁན་ནི་ཕི་ཨེ་ནོ་ཡིས་དཀའ་ཁག་དེ་དག་ངོས་ལེན་བྱེད་པའི་ཐབས་ཚུལ་དེ་ཡིན་ནོ། །

འོན་ཀྱང་དེ་རྗེས་ཀྱི་ལོ་མང་པོ་འཕྲོས་ནས་ད་གཟོད་ངོས་ཀྱིས་ལྟ་བ་གསར་བ་དེ་ཡི་བསྡོམ་ཚིག་ཡོད་ཚད་རག་པ་ཡིན།    དུས་ཡུན་རིང་པོ་ཞིག་ཏུ།  ངོས་ཀྱིས་རིགས་དང་དམ་བཅའི་སྒྲུབ་ཆ་ཁ་ཁར་བྱེད་པ་དེ་དགོས་ངེས་ཞིག་ལ་ངོས་འཛིན་བྱས་པ་ཡིན།  འོན་ཀྱང་།  ཆེས་མཐར་ཐུག་ཏུ་ངོས་ཀྱིས་བསྡོམ་ཚིག་ལོན་པ་ནི།  རིག་རྩལ་གྱི་ཐབས་ཤེས་ཞིག་ཡིན་ན་མ་གཏོགས།  དབྱེ་འབྱེད་དེ་དགོས་ཡོད་ཞིག་མ་ཡིན་པ་ཤེས་བྱུང་།   ་་དམ་བཅའི་སྒྲུབ་ཆ་་ ལྟ་བུའི་རྗོད་སྟངས་འདི་རིགས་ནི་འཇིགས་རུང་བ་ཞིག་ཡིན་ནའང་ཐང་།  འོན་ཀྱང་འཇིགས་པ་སྐྱེ་བའི་དགོས་པ་མེད།  སྐབས་མང་པོར་ང་ཚོས་ ་་ཁྱད་ཆོས་་ ཅེས་པའི་ཐ་སྙད་དེས་ཚབ་བྱས་ན་ཆོག་གི་རེད།  དེ་བས་ང་ཚོས་འདི་ལྟར་ལབ་ཆོག་པ་ཡིན་ཏེ།  གྲངས་ཀ་སོ་སོའི་ཁྱད་ཆོས་ནི་ཁྱད་ཆོས་ཀྱི་རིགས་ཞིག་ཡིན།  འོན་ཀྱང་།  ཆེས་མཐར་ཐུག་གི་དཔྱད་ཞིབ་བྱེད་ན་མ་གཏོགས།  ་་རིགས་་ ཅེས་པའི་ཐ་སྙད་དེ་བཀོལ་ན་དེ་བས་སླ་བོ་ཡིན་རྒྱུ་རེད།

གོང་གི་རྒྱུ་མཚན་དེ་དག་ལས་ངོས་ཀྱིས་ཐོབ་པར་བྱས་པའི་གྲངས་ཀྱི་མཚན་ཉིད་དེ།  ཧྥོ་རེ་ཀོ་ཡིས་ལོ་བཅུ་དྲུག་གི་སྔོན་ནས་ཐོབ་ཚར་ཡོད་པ་རེད།  འོན་ཀྱང་ལོ་རྒྱུས་དེ་འདྲ་ཞིག་ཡིན་པ་དེ་ངོས་ཀྱིས་མཚན་ཉིད་གལ་ཆེན་འདི་རྙེད་ནས་ལོ་འཁོར་གཅིག་ལྷག་ཕྱིན་རྗེས་ད་གཟོད་གསར་དུ་ཤེས་པ་ཡིན།  ངོས་ཀྱིས་2ལ་བཞག་པའི་མཚན་ཉིད་ནི་ཆ་ཅན་གྱི་རིགས་ཡིན། 3ནི་ཆ་ཤས་གསུམ་ལྡན་གྱི་རིགས་དེ་དག་ཡིན།  དེ་བཞིན་གྲངས་ཀ་རྗེས་མ་རྣམས་དེ་ལྟར་དེད་ཆོག  ཆ་གཅིག་གི་མཚན་ཉིད་ནི་རིགས་གཅིག་ཡོད་ལ།  རིགས་འདི་ལ་གྲངས་གཞི་xདང་yགཉིས་ཡོད་པ་རེད།  xདང་yགཉིས་འདྲ་མཚུངས་མ་ཡིན།  མ་ཟད།  གལ་ཏེ་zནི་རིགས་འདི་ཡི་གྲུབ་ཆ་ཞིག་ཡིན་ན།  zདེ་ཡང་ན་xཡང་ན་yདང་གཅིག་མཚུངས་ཡིན་དགོས།  སྤྱིར་བཏང་ནས་བཤད་ན།  གྲངས་ཀ་ཞིག་ནི་ཚོགས་པའི་རིགས་ཞིག་ཡིན།  རིགས་ཚོགས་འདི་ལ་ཁྱད་ཆོས་ཞིག་ཡོད་དེ།  ཁྱད་ཆོས་དེ་ལ་ ་་ཆར་འདྲ་་ ཟེར།

དེ་ལའང་འོག་གི་ངེས་བཤད་བྱུང་ཆོག་སྟེ།  གལ་ཏེ་ཐབས་ཤེས་ཞིག་བཀོལ་ནས་རིགས་གཉིས་ཀྱི་གྲུབ་ཆ་རེ་རེ་བཞིན་ལྟོས་བཅས་སུ་མཐུན་པར་བྱེད་ཐུབ་ན།  རིགས་དེ་གཉིས་ནི་ཆར་འདྲ་བ་ཡིན།  དཔེར་ན།  བཟའ་ཟླ་རྐྱང་བསྟེན་ཁོ་ན་བྱེད་པའི་མི་རིགས་ཞིག་ཏུ། ཁྱོད་ཀྱིས་བཟའ་རོགས་བཙལ་བའི་ཕོའི་གྲངས་ཀ་དེ་དང་མོའི་གྲངས་ཀ་དེ་གཉིས་ཆར་འདྲ་བ་ཤེས་ཐུབ་ཏེ།  དེ་ལྟར་ཤེས་པ་ལ་ཕོ་མོའི་གྲངས་ཀ་ཏག་ཏག་དེ་ཤེས་དགོས་དོན་མེད།  འདིར་ངོས་ཀྱིས་ཡུགས་མོ་ཡུགས་ཕོ་དག་རྩིས་མེད་པ་ཡིན) ད་དུང་ཡང་།  གལ་ཏེ་མི་ཞིག་གི་རྐང་པ་ཆ་འཛོམས་ཡིན་ན།  ཁྱོད་ཀྱིས་མི་དེའི་གཡས་ལྷམ་གྱི་གྲངས་ཀ་ནི་གཡོན་ལྷམ་གྱི་གྲངས་ཀ་དང་ཆར་འདྲ་ཡིན་པ་ཤེས་ཐུབ་ཟེར་ཆོག་པ་ལྟ་བུ་རེད།    

སྟོན་མོ་ཞིག་གི་སྐབས་སུ།   གལ་ཏེ་མི་རེ་རེའི་གྲངས་ཀ་བལྟར་རྐུབ་སྟེགས་རེ་ཡོད་ཀྱང་།  རྐུབ་སྟེགས་སྟོང་བར་ལུས་པ་གཅིག་ཀྱང་མེད་ན།  རྐུབ་སྟེགས་ཀྱི་གྲངས་ཀ་དང་སྟོན་ཞུགས་ཀྱི་མི་གྲངས་གཉིས་ནི་འདྲ་མཚུངས་ཡིན། ཆར་འདྲ་ནི་དེ་ལྟ་བུ་ཞིག་རེད། 

རིགས་ཀྱི་གྲངས་ཀ་གང་ཡིན་ཡང་།  དེ་ནི་དེ་དང་ཆར་འདྲ་བའི་རིགས་ཡིན་ཅེས་བརྗོད་ཆོག

ངེས་ཚིག་འདི་ལ་ཡོན་ཏན་མང་པོ་ཞིག་ཡོད།  དེ་ཡིས་སྔོན་ཆད་0དང་1གི་ཐོག་ནས་འཕྲད་པའི་དཀའ་གནད་ཐམས་ཅད་སེལ་ཐུབ།  0ནི་ཆ་ཤས་མེད་པའི་རིགས་དེ་དག་གི་རིགས་ཡིན།  ཡང་ན།  དེ་ནི་རིགས་ཞིག་ཡིན། དེའི་རིགས་གཏོགས་ཀྱི་ཆ་ཁོ་ན་བ་དེ་ནི་ཆ་མེད་ཀྱི་རིགས་དེ་ཡིན་ཅེས་བརྗོད་ཆོག  1ནི་རིགས་ཁ་ཤས་ཀྱི་རིགས་ཡིན།  རིགས་དེ་དག་གི་ཁྱད་ཆོས་ནི།  དེ་དག་ནི་ཆ་ཤས་xདང་གཅིག་མཚུངས་ཡིན་པའི་དངོས་པོ་དག་གིས་གྲུབ་པ་ཞིག་ཡིན།  ངེས་ཚིག་འདི་ཡི་ཡོན་ཏན་གཉིས་པ་ནི།  དེ་ཡིས་གཅིག་ཉིད་དང་སྣ་ཚོགས་ཀྱི་དཀའ་ཁག་གྲོལ་ཐུབ་ཡོད་པ་ཡིན། 

རྩིས་བྱའི་ཆ་དེ་ནི་དམ་བཅའི་སྒྲུབ་ཆ་ཡི་དཔེ་མཚོན་ཞིག་ལ་བལྟས་ནས་རྩི་བཞིན་ཡོད་པ་རེད།  གཏོགས་པའི་ཆ་གཅིག་དེ་ནི་དམ་བཅའི་སྒྲུབ་ཆ་ཅན་གྱི་གཅིག་དེ་ཡིན།  དམ་བཅའི་སྒྲུབ་ཆ་ཅན་གྱི་གཅིག་ཉིད་འདི་དང་དཔེ་མཚོན་དངོས་ཡོད་ཀྱི་སྣ་ཚོགས་གཉིས་འགལ་བ་ཕྱིན་གྱི་མ་རེད།  འོན་ཀྱང་ཡོན་ཏན་འདི་གཉིས་ལས་ཀྱང་གལ་ཆེ་བ་ནི།  ངེས་ཚིག་འདི་ཡོད་ཕྱིན།  ད་ལྟ་ང་ཚོས་རྩིས་དེ་གཟུགས་འདས་རིག་པའི་ཡུལ་དམ་པ་ཞིག་ཏུ་ལྟ་དགོས་པ་མ་རེད།   དོན་དངོས་སུ།  རྩིས་དེ་སྐད་བརྡའི་ཐབས་རྩལ་སྟབས་བདེ་ཞིག་ཏུ་ཆགས་པ་དང་།  དེ་ནི་ ་་ ལ་སོགས་པ་་ ་་དེ་བཞིན་་ སོགས་ལས་ཀྱང་དོན་སྙིང་ཆེ་བ་མ་ཡིན།  ཁུ་རཱོ་ནེག་གིས་རྩིས་ལ་ཞིབ་འཇུག་བྱས་པའི་མཚན་ཉིད་སྨྲ་སྐབས།  ་་ལྷ་ཆེན་པོས་ཧྲིལ་གྲངས་གསར་བཟོ་བྱས་པ་རེད་ལ།  རྩིས་རིག་མཁས་ཅན་ཚོས་རྩིས་རིག་གི་སྒྲིག་གཞི་གཞན་མིན་དག་གསར་གཏོད་བྱས་པ་རེད་་ ཅེས་གསུངས་ཡོད།  ཁོང་གི་གསུང་བཤད་འདིའི་ནང་དོན་ནི།  ཧྲིལ་གྲངས་རེ་རེ་པོ་ལ་རེ་རེའི་སྲིད་པ་རང་ཚུགས་ཅན་རེ་ཡོད་ངེས་པ་དང་།  གྲངས་ཀྱི་རིགས་གཞན་དག་ནི་དེ་ལྟར་མ་ཡིན་ཅེས་པ་དེ་རེད།  གོང་དུ་བཞག་པའི་རྩིས་ཀྱི་ངེས་ཚིག་དེ་ཡོད་པས་ན།  ཧྲིལ་གྲངས་ཀྱི་དམིགས་བསལ་ཐོབ་ཐང་དུ་ད་ལྟ་རྩ་མེད་བྱས་པ་རེད།  རྩིས་རིག་པ་ཡི་གཞི་རྩའི་ལག་ཆ་དེ་དག་ ་་ཡང་ན་་ ་་ཐམས་ཅད་་ ་་ཁ་ཤས་་ སོགས་དང་འདྲ་བའི་ཐ་སྙད་རང་ག་བར་གྱུར་ཡོད་པ་རེད།   ཤེས་རིག་གི་སྡེ་ཚན་གཅིག་གི་ནང་ཏུ་མཁོ་བའི་བརྡ་དོན་མི་གསལ་བའི་ཐ་སྙད་དང་བདེན་སྐྱེལ་ཁུངས་དག་མ་བྱས་པའི་དམ་བཅའ་ཡོད་ཚད་ངོས་ཀྱིས་ཇེ་ཉུང་དུ་བཏང་བ་ཡིན། དེ་ནི་ངོས་ཀྱིས་ཨོ་གྷ་མུ་རྟགས་ཅན་གྱི་སྤུ་གྲི་ལ་ནུས་པ་གང་ཡོད་ཤེས་པའི་ཐོག་མ་ཡིན།  །[བསྒྱུར་མཆན། ཨོ་གྷ་མུ་སྤུ་གྲི་ཡིས་མ་མཁོ་བའི་ཁ་སྤུ་དག་རྩ་ེམད་བྱེད་ཐུབ་པ་ནང་བཞིན་རྩིས་རིག་གིས་གནའ་བོའི་ཤེར་རིག་སྲོལ་རྒྱུན་ཁྲོད་ཀྱི་དགོས་མེད་ཀྱི་སྐད་བརྡ་དང་སྐད་བརྡ་དེ་འདྲས་སློང་བས་རྙོག་དོན་སེལ་ཐུབ་པ་ཡིན་པའི་དཔེ།

གོང་གི་རྩིས་ཀྱི་སྐོར་ལ་བཞག་པའི་ངེས་ཚིག་དེ་ལ་ད་དུང་ཡོན་ཏན་གཞན་ཞིག་ཡོད་དེ།  དེ་ནི་ཤིན་ཏུ་གལ་ཆེ་བ་ཞིག་རེད།  གང་ཡིན་ཟེར་ན།  ངེས་ཚིག་འདི་ཡིས་ཚད་མེད་གྲངས་ཀྱི་དཀའ་ཁག་དེའང་སེལ་ཐུབ་པ་བྱུང་ཡོད།  ཇི་སྲིད་དུ་གྲངས་དེ་རྩིས་བྱ་རེ་རེ་བཞིན་རྩིས་ནས་ཐོབ་པར་ཡིན་པ་འདོད་པ་དེ་སྲིད་དུ།  རྫོགས་མེད་དུ་རྩི་ཆོག་པའི་ཚོགས་སྤྱི་ཞིག་གི་རྣམ་གྲངས་བྱུང་ཐུབ་ཀི་མ་རེད།  དཔེར་ན།  ཁྱོད་ཀྱིས་ཚད་ཡོད་ཀྱི་ཨང་ཀི་ཞིག་རྩི་ཐུབ་རྒྱུ་མིན་ཏེ།  ཁྱོད་ཀྱིས་ག་ཙམ་ཏུ་རྩིས་རུང་དེ་ཡི་རྗེས་སུ་ད་དུང་དེ་བས་ཆེ་བའི་ཨང་ཀི་ཡོད་ངེས་རེད།  དེ་བས།  གྲངས་ནི་གྲངས་ཀ་རྩིས་ནས་ཐོབ་པ་ཡིན་ཟེར་ན།  ཚད་ཡོད་ཀྱི་ཨང་ཀི་ཞིག་རྦད་དེ་ཐོབ་རྒྱུ་མེད་པར་སྣང་།   འོན་ཀྱང་གྲངས་ཀ་རྩི་བ་ནི་ཚོགས་སྤྱི་ཞིག་གི་ཆ་ཤས་ག་ཚོད་ཡོད་པ་རྩི་བའི་ཐབས་ཤེས་ཞིག་ལས་མ་འདས།  མ་ཟད་ཚད་ཡོད་ཀྱི་ཚོགས་སྤྱི་ཁོ་ན་ལ་དེ་ལྟར་རུང་བ་ཡིན།  བཤད་ཚུལ་གསར་བ་འདི་དང་མཐུན་པའི་གྲངས་ཀ་རྩི་བའི་གཏན་ཚིགས་ནི་འདི་ལྟ་སྟེ།  དཔེར་ན།  ཁྱོད་ལ་ཤོག་དངུལ་ཊམ་གང་རུང་ཞིག་ཡོད་པ་ཡིན་ན།  ཁྱོད་ཀྱིས་བསམ་བློ་བཏང་ནས་ཤོག་དངུལ་འདི་དག་དང་1་ 2་ 3་ལ་སོགས་པའི་ཨང་ཀི་དང་རེ་རེ་བལྟོས་འབྲེལ་དུ་བྱེད་པ་རེད།  དེ་ནས་ཤོག་དངུལ་ཡོད་ཚད་བགྲངས་ཚར་བ་ན།  ང་ཚོས་ངེས་ཚིག་བཞག་པ་ལྟར།  ཁྱོད་ཀྱིས་ཤོག་ དངུལ་གྱི་གྲངས་ཀ་ནི་ཁྱོད་ཀྱིས་རེ་རེ་བཞིན་འདོན་པའི་ཨང་ཀི་དང་གཅིག་མཚུངས་ཡིན་པ་ཤེས་རྒྱུ་རེད།

མ་ཟད།  གལ་ཏེ་ཁྱོད་ཀྱིས་1ནས་མགོ་བརྩམས་ཏེ་བགྲངས་བ་ཡིན་ཞིང་བར་ནས་ཆད་ལྷག་བྱུང་མེད་པ་ཡིན་ན།  ཁྱོད་ཀྱིས་འདོན་མྱོང་བའི་ཨང་ཀའི་ཁ་གྲངས་ནི་ཁྱོད་ཀྱིས་ཆེས་རྗེས་མར་འདོན་པའི་ཨང་ཀི་དེ་དང་འདྲ་བ་ཡིན།  ཐབས་ཤེས་འདི་ཁྱོད་ཀྱིས་ཚད་མེད་ཀྱི་ཚོགས་སྤྱི་ཞིག་ལ་བཀོལ་ཐུབ་ཀི་མ་རེད།  རྒྱུ་མཚན་ནི་མེ་ཚེ་ལ་རྫོགས་མཐའ་ཡོད་པས་སོ། །  འོན་ཀྱང་ད་ནས་བཟུང་གྲངས་ཀ་རྩི་བ་ནི་དེ་འདྲ་གལ་ཆེ་བ་མིན་པས།  དོན་འདི་ལ་ཁྱོད་ཀྱིས་སེམས་ཁུར་དགོས་པ་མ་རེད། 

དེ་ཡང་ཧྲིལ་གྲངས་ཀྱི་ཁྱོན་ལ་ངེས་བཤད་གོང་ལྟར་བྱས་པ་ཡིན་ཙང་།  དོན་དེ་ལྟར་ཏུ་རྩིས་ཀྱི་དགོས་པ་ལ་བསྟུན་ནས་ནང་འདྲེན་བྱེད་དགོས་ན་དོགས་གནས་ཡོད་མ་རེད།  ལུགས་ལྡན་ཆ་རྩིས་ནི་བསྒྱུར་གྲངས་ཀྱི་ཧྲིལ་གྲངས་བར་གྱི་ཆ་བསྡུར་ལས་བྱུང་བ་ཡིན།  དངོས་གྲངས་ནི་ལུགས་ལྡན་གྲངས་ཀྱི་ཚོ་ཁག་རེ་རེ་ཡིན།   

ལུགས་ལྡན་གྲངས་འདི་དག་ནི་ཀླད་ཀོར་ཡན་ནས་ཚེག་གང་རུང་གི་བར་གྱི་གཏོགས་བྱ་ཐམས་ཅད་ཀྱིས་འགྲུབ་པ་ཡིན།  དཔེར་ན།  གཉིས་ཀྱི་རང་བསྒྱུར་རྩ་གྲངས་ནི་རང་བསྒྱུར་གྲངས་གཉིས་ལས་ཉུང་བ་དག་གི་གྲངས་ཡོད་ཚད་ཡིན།   ངོས་ཀྱིས་ངེས་ཚིག་འདི་ངོས་རང་ཉིད་ཀྱིས་ཐོག་མར་གསར་གཏོད་བྱས་པ་ཞིག་ཡིན་རྒྱུར་ཡིད་ཆེས་ཡོད།  དེ་ཡིས་གསང་བ་འདི་འདྲ་ཞིག་བརྟོལ་ཐུབ་ཡོད་དེ།  གསང་བ་འདི་ལ་མཚོན་ན།  ཕེ་ཏཱ་གོ་རཱ་སིའི་དུས་རབས་ནས་ད་བར་གྱི་རྩིས་རིག་མཁས་པ་ཐམས་ཅད་ཀྱིས་བརྟོལ་ཐུབ་མེད་པ་ཞིག་རེད།  སྤྲོས་མེད་ཆ་གྲངས་རྣམས་དངོས་ཡོད་གྲངས་ཆ་གཅིག་ལ་ལྟ་ཆོག  ་་ཆ་་ ཞེས་པའི་དོན་ནི།  གྲངས་དེ་ལ་ཆ་ཤས་དང་པོ་བ་དང་ཆ་ཤས་གཉིས་པ་བ་ཞིག་ཡོད་པ་བསྟན་ཐུབ།    ཡང་ན།  དེའི་ཆ་ཤས་ཀྱི་བསྟར་རིམ་ནི་ཤིན་ཏུ་གལ་ཆེ་བ་ཡིན་པའི་དོན་རེད།

ངོས་ཀྱིས་བསྟན་པའི་དོན་དག་ལས་མ་ཚད་པར།  ཕི་ཨེ་ནོ་དང་ཁོང་གི་སློབ་མ་དག་གི་ལས་ཀའི་ནང་ན་ད་དུང་ངོས་ཀྱི་བློ་སེམས་འགུལ་ནུས་པ་ཁ་ཤས་ཡོད།  ངོས་ཀྱིས་ཁོ་ཚོས་དབྱིབས་རྩིས་རིག་པའི་འཕེལ་རྒྱས་ལ་གཟུགས་དབྱིབས་མ་བཀོད་པའི་ཐབས་ཤེས་དེར་དགའ་པོ་ཡོད།  དེ་འདྲ་ཡིན་ན་ཁཱན་ཐ་ཡི་ཚོར་བ་ཐད་བྱུང་དེ་དགོས་མེད་དུ་བྱས་སོང་བ་རེད།  ངོས་ཀྱིས་ད་དུང་ཕི་ཨེ་ནོའི་འཁྱོག་ཐིག་ལ་སེམས་འགུལ་བྱེད་བཞིན་ཡོད།  འཁྱོག་ཐིག་དེ་ཡུལ་ཧྲིལ་པོ་ཞིག་ཏུ་ཁྱབ་པར་བྱས་ཡོད།  ངོས་དང་ཕི་ཨེ་ནོ་གཉིས་མ་འཕྲད་པའི་སྔོན་ནས།  ངོས་ཀྱིས་འབྲེལ་བ་འདི་ཡི་གལ་ཆེའི་རང་བཞིན་རྟོགས་ཀྱིན་ཡོད།  དེ་བས་ངོས་ཀྱིས་དེ་མ་ཉིད་ནས་ཡིག་རྟགས་ལ་བརྟེན་ནས་འབྲེལ་བའི་གཏན་ཚིགས་ཐག་གཅོད་བྱས་པ་ཡིན།  དེ་ལ་བརྟེན་ནས་ཕི་ཨེ་ནོའི་ལས་ཀའི་སྐྱོན་ཆ་སེལ་ཐུབ་འབད་པ་རེད།  ངོས་ནི་ཟླ་བ་བདུན་པའི་སྐབས་སུ་ཁོང་ལ་འཕྲད་པ་ཡིན།  ཟླ་བ་དགུ་བའི་སྐབས་སུ་ངོས་ཀྱིས་འབྲེལ་བ་བརྗོད་པའི་གཏན་ཚིགས་སྐོར་ལ་དཔྱད་རྩོམ་ཞིག་བྲིས་པ་དང་ཁོང་གི་རིག་གཞུང་དུས་དེབ་ནང་སྤེལ་ བ་ཡིན།  ལོ་དེའི་ཟླ་བ་བཅུ་བ།  བཅུ་གཅིག་པ་དང་བཅུ་གཉིས་པར་ངོས་ཀྱིས་རྩིས་རིག་གི་རྩ་དོན་ཅེས་པ་དེ་འབྲི་ཁུལ་བྱས།  ད་ལྟ་དེབ་དེ་ཡི་ལེའུ་གསུམ་པ།  བཞི་བ།  ལྔ་བ་དང་ས་བཅད་དྲུག་པ་དག་ནི་སྐབས་དེའི་མ་ཡིག་ཇི་མ་བཞིན་བསྒྱུར་བཅོས་བྱས་མེད།  འོན་ཀྱང་ལེའུ་དང་པོ།  གཉིས་པ་དང་ས་བཅད་བདུན་པ་ལ་ངོས་ཀྱིས་བསྐྱར་བཅོས་བརྒྱབ་པ་ཡིན།  དུས་རབས་བཅུ་དགུ་བའི་ཉིན་མཐའ་མ་སྟེ་གཅིག་སྟོང་དགུ་བརྒྱ་ལོའི་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན་ལ་ངོས་ཀྱིས་རྩིས་རིག་གི་རྩ་་དོན་གྱི་མ་ཡིག་དང་པོ་འབྲི་རྫོགས་པ་ཡིན།  ངོས་རང་ཉིད་ལ་མཚོན་ན་ལོ་དེའི་ཟླ་བ་དྲུག་པའི་རྗེས་ཀྱི་ཟླ་བ་དེ་དག་ནི་རིག་པའི་སྦྲང་རྩི་མྱོང་ཐུབ་པའི་དུས་ཚོད་ཞིག་ཡིན།  དེ་སྔོན་དང་དེ་རྗེས་ཀྱི་དུས་གང་ཞིག་བགྲངས་རུང་།  རིག་པའི་སྤྲང་རྩི་དེ་འདྲ་བ་ཞིག་བདག་གིས་ཚོར་མྱོང་མེད།  སྐབས་དེར།  ངོས་ཀྱིས་ཉིན་རེ་བཞིན་ཤེས་བྱ་གསར་བ་རེ་ཐོབ་ཐུབ་པ་ཡིན།  ངོས་ཀྱིས་གནད་དོན་ཐམས་ཅད་གྲོལ་ཚར་བ་དང་དཀའ་ཁག་ཐམས་ཅད་སེལ་ཚར་བ་འདོད་ཀྱིན་ཡོད།  འོན་ཀྱང་སྤྲང་རྩི་དེ་ཡུན་རིང་མྱོང་རྒྱུ་མ་རག་པར།  ལོ་གསར་བ་ཚེས་ནས་བཟུང་།  ངོས་ཀྱི་རིག་པའི་ལས་འགུལ་གྱི་སྡུག་བསྔལ་ཡོད་ཚད་བདག་གི་མགོ་ལ་ལྷུང་བ་ཡིན་ནོ། །    ། །