ཉེ་བའི་ཆར། ནུབ་ཕྱོགས་ཀྱི་ཆབ་སྲིད་རིག་པའི་བསྟན་བཅོས་རེ་ཟུང་བོད་འགྱུར་བྱུང་དང་འབྱུང་གི་ཡོད་པ་ནི། སྤྱི་ལྡོག་ནས་བཤད་ན་དགའ་འོས་པའི་གནས་ཤིག་ལོས་ཡིན༑
དེ་ལྟར་ཡང་། འཇིག་རྟེན་མིག་ཏུ་བསྔགས་པའི་ལོ་ཙཱ་བ་དག་གིས་བསྒྱུར་བྱའི་བརྩམས་ཆོས་གང་ཞིག་འདེམས་སྐབས་གཟབ་གཟབ་གནང་གལ་ཅི་བས་ཆེ་སྙམ༑ གང་ཡིན་ཞེ་ན། བོད་པ་དག་ནུབ་ཕྱོགས་ཀྱི་རིག་པ་ཅི་ལའང་ཆ་མེད་རྒྱུས་མེད་ཡིན་ཁར། དགེ་འདུན་ཆོས་འཕེལ་གྱིས་ཇི་སྐད་གསུངས་པ་ནང་བཞིན། “ཧྲིལ་གྱིས་ལེན་པ་དང་ཧྲིལ་གྱིས་འདོར་བ”་བོད་མིའི་གཤིས་སུ་གྲུབ་ཡོད་སྟབས། ནུབ་ཕྱོགས་པའི་བརྩམས་ཆོས་རེ་གཉིས་མ་གཏོགས་བསྒྱུར་ཐུབ་མེད་པའི་དུས་འདིར། ངེད་ཅག་གིས་དུག་ཅན་གྱི་བརྩམས་ཆོས་ལ་དུག་སེལ་ཏེ། བསྲེགས་བཅད་བརྡར་གསུམ་གྱི་ལམ་ནས་སྤང་བླང་བྱེད་མི་ཤེས་པ་གཏན་ཁེལ་ཡིན་པས་སོ། །བརྩམས་ཆོས་དུག་ཅན་ལས་མངོན་པའི་བསམ་བློ་མི་མང་ཤས་ནས་ཧྲིལ་གྱིས་བླངས་པ་ཡིན་ན། སྒྱུར་མཁན་གྱི་ཀུན་སློང་ནི་ཇི་ལྟར་གཙང་ཡང་། སེལ་ཐབས་བྲལ་བའི་གྱོང་གུད་ངེད་ཅག་ཚང་མའི་མགོ་ལ་འབབ་ངེས་ཡིན༑
དེའང་དཔེར་ན། ཨུ་རུ་སུའི་ཤེས་ཡོན་ཅན་ཚོས་ནུབ་ཕྱོགས་ཀྱི་རིག་གནས་ལས་དབང་མཐའ་སྒེར་གཅོད་ཀྱི་ཁུངས་ལུང་དུ་གྱུར་པ་སྟེ། ཕུ་ལ་ཊོ་དང་རུའུ་སོ། མར་ཁེ་སི་རྗེས་འབྲངས་དང་བཅས་པའི་བརྩམས་ཆོས་རང་སྐད་དུ་བསྒྱུར་ནས་ཁོང་ཅག་གི་བསམ་བློ་ཧྲིལ་གྱིས་བླངས་པ་ལས། ཨུ་རུ་སུ་ནི་ཉི་མ་དེ་རིང་ཡང་རང་དབང་དམངས་གཙོ་རྣལ་མ་ལྡན་པའི་རྒྱལ་ཁབ་ཅིག་ཏུ་འགྱུར་ཐུབ་མེད་ཅིང་། ཨུ་རུ་སུ་དགེ་རྒན་དུ་བསྟེན་པའི་རྒྱ་ནག་གིས་ཀྱང་། མཉམ་འབྲེལ་རྒྱལ་ཚོགས་ནས་བཟོས་པའི་འགྲོ་མིའི་རང་དབང་ཐོབ་ཐང་སྐོར་གྱི་ཡིག་ཆ་མི་ཉུང་བ་ངོས་ལེན་གྱིས་དེ་དག་ལ་མིང་རྟགས་བཀོད་ཡོད་རུང་། སྐྱེས་བུ་སྒེར་ལ་ངེས་དོན་གྱི་ཆབ་སྲིད་རང་དབང་དང་ཆབ་སྲིད་ཐོབ་ཐང་ག་ཚོད་ཅིག་མངའ་བ་དེ་རུ་འཚོ་མཁན་ཀུན་པོར་གསལ་ལ། རྒྱལ་ཁབ་དེ་གཉིས་དགེ་རྒན་དུ་བསྟེན་པའི་བྱང་ཁོ་རེ་ཡ་ནི། དངོས་སུ་མཐོང་བ་མེད་ཀྱང་དམྱལ་བ་མངོན་སུམ་ཡིན་ཚུལ་འཛམ་གླིང་ཡོངས་གྲགས་ཡིན་པ་ལྟ་བུ་རེད༑
བོད་ལ་མཚོན་ན། རང་མགོར་སྡུག་བསྔལ་མི་བཟད་པ་ཡོང་མྱོང་བའི་རྐྱེན་གྱིས། མར་ཁེ་སིའི་བསམ་བློར་དགའ་མོས་ཡོད་མཁན་མང་པོ་མི་འབྱུང་ན་ཐང་ཡང་། གཞི་རྩའི་ཆ་ནས་ཁོ་པའི་བསམ་བློ་དང་རོ་གཅིག་ཏུ་སོང་བའི་རུའུ་སོ་ཡི་བསམ་བློས་བོད་ཀྱི་གཞོན་སྐྱེས་ཚོར་ནི་ཤུགས་རྐྱེན་ཐེབས་རུང་ཡིན་ཏེ། ཁོ་པའི་བརྩམས་ཆོས་གལ་ཆེན་གཉིས་(དགུ་རོང་སྤུན་གྲོལ་གྱིས་བསྒྱུར་པའི་«སྤྱི་ཚོགས་གན་ཆིངས»་དང་ར་ས་བསྟན་འཛིན་ཆོས་གྲགས་ཀྱིས་བསྒྱུར་པའི་«མི་དང་མིའི་དབར་འདྲ་མཉམ་མེད་པའི་འབྱུང་རྩ་གླེང་བ»)་བོད་ལ་འགྱུར་ཟིན་པས་སོ། །
སྤྱིར་ན། རུའུ་སོའི་བརྩམས་ཆོས་དག་འཛམ་བུ་གླིང་ལ་སྐད་གྲགས་ཆོད་ཡོད་པར་མ་ཟད། འགྲོ་མིའི་བྱུང་རབས་ལ་ཤུགས་རྐྱེན་ཡང་ཤིན་ཏུ་ཆེན་པོ་ཐེབས་ཡོད་པ་དངོས་ཡོད་གནས་ཚུལ་ཡིན༑ དེ་སྟེ་ངེད་ཅག་ནི་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་མཁན་ཤ་སྟག་ཏུ་སོང་གཤིས། གནའ་ནས་ད་ལྟའི་བར་བཙལ་ནས་མ་རྙེད་པ་དང་བརྩད་ནས་མ་ཐོབ་པ་ནི་བདེ་བ་སྟེ། མི་སྒེར་གྱི་རང་དབང་དང་མི་སྒེར་གྱི་ཐོབ་ཐང་དང་མི་སྒེར་གྱི་རྩིས་ཐང་སོགས་ཡིན་པར་ངེས་ན། བདེ་བ་དེ་རླག་བྱེད་དམ་འཇོམས་བྱེད་དམ་འཕྲོག་བྱེད་དུ་གྱུར་པའི་རིག་པ་དང་བསམ་བློ་དང་རིང་ལུགས་གང་ཡང་ལེགས་པར་ངོས་ཟིན་དགོས་པ་གལ་མི་ཆེའམ?
རང་ངོས་ནས་ཁོང་ཅག་གིས་གྲགས་རྩོམ་དེ་འདྲ་བོད་སྒྱུར་གནང་བ་ལ་རྗེས་སུ་ཡི་རང་འབུལ་བཞིན། ངོ་སོ་གནམ་ལ་བསྟོད་བཞིན། གཞོན་སྐྱེས་རྣམས་ཀྱིས་སྤང་བླང་འཇུག་ལྡོག་མི་ནོར་བ་ཁོ་ནའི་ཆེད་དུ་འདིར་དྲན་སྐུལ་རེ་ཞུས་པ་དང་སྦྲགས། དེབ་དེ་གཉིས་བཀླགས་གྲུབ་རྗེས་གཤམ་འཁོད་དག་བཀླག་རྒྱུའང་མ་བསྙེལ་བ་གནང་རོགས་ཞེས་པ་ཙམ་ལས། དམིགས་ཡུལ་གཞན་ཅི་ཡང་མེད་པ་དགོངས་འཇགས་འཚལ་འཚལ༑
དེ་དག་ལས་དང་པོ་ནི་ཀལ-རེ་མན་ཌ-པོ་པར་(Sir Karl Raimund Popper)་གྱིས་བརྩམས་པའི་«开放社会及其敌人» (The Open Society and its Enemies)(卡尔·波普尔)་དང་། གཉིས་པ་ནི་ཀྲུའུ་ཞུའེ་ཆིན་གྱིས་བརྩམས་པའི་«道德理想国的覆灭»(朱学勤)་དང་། གསུམ་པ་ནི་ཞུའུ་ལིའང་ཡིང་གིས་བརྩམས་པའི་«民主的历史»(许良英)་དང་། བཞི་པ་ནི་ཝང་ཡོན་ཧྭ་ཡིས་བརྩམས་པའི་«卢梭”社会契约论”三篇»(王元化)་བཅས་ཡིན༑