མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་ནི་བོད་ཀྱི་རིག་གནས་པའི་ཐད་ནས་ངོམ་རུང་བའི་ཚབ་མཚོན་གྱི་མི་སྣ་རླབས་ཆེན་ཞིག་ཡིན་ལ། ཁོང་གི་གཏམ་རྒྱུད་གསེར་ཐང་ནི་སུས་ཀྱང་ཀློག་སྤྲོ་ལ་ཕན་རླབས་ཆེ་བའི་བོད་སྐད་དག་མའི་ལམ་ནས་བྲིས་པའི་འབོལ་རྩོམ་ཞིག་སྟེ། ཡུལ་སྐོར་རིག་གནས་དང་འབྲེལ་བའི་གཏམ་རྒྱུད་ཟིན་ཐོ་ལེགས་པོ་ཞིག་ཡིན་པ་སྨྲས་ཅི་དགོས། དེའི་ཕྱིར་བོད་ཀྱི་མཁས་བླུན་ཚང་མས་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ནི་མཁས་དབང་དགེ་ཆོས་ཀྱི་གསུང་རྩོམ་ཁྲོད་འབོལ་རྩོམ་གྱི་ལམ་ནས་བྲིས་པའི་ཡུལ་སྐོར་ཟིན་ཐོ་ལེགས་གྲས་ཤིག་ཡིན་པའི་ངོས་འཛིན་ཀྱང་གནང་གིན་ཡོད་པས། འདི་ཁྲིད་མཁན་ཞིག་ལ་མཚོན་ནའང་ཕྱོགས་སྣ་སྒོར་མོ་ནས་གོ་ཐོས་རིག་གསུམ་གང་ལེགས་ཡོད་པའིཤེས་རབ་ཅན་གྱི་སྐྱེས་བུ་ཞིག་ཡིན་དགོས་པ་སྨྲས་མེད་རེད།

སྤྱིར་ཁོ་བོ་ནི་མི་སྒྱིད་ལུག་ལ་ཞེན་མཁན་ཞིག་ཡིན་པའི་ཆ་ནས་སམ། གང་ལྟར་དེང་གི་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟ་བུའི་དཔེ་དེབ་དག་ཀློག་འདུན་གཏན་ནས་སྐྱེ་གིན་མི་འདུག་མོད། འོན་ཀྱང་། འདས་མ་ཐག་པའི་ལོ་མཇུག་འདིར་བོད་ཁུལ་ཡོངས་སུ་མཚན་སྙན་ཆེ་བའི་རིགས་པ་སྨྲ་བ་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱི་དཔེ་དེབ་གསར་བ«ཧི་མ་ལ་ཡའི་ཕར་ཚུར»ཟེར་ཞིག་སླེབས་འདུག་ཅེས་དྲ་ཐོག་ག་ས་གང་དུ་སྒྲོག་གིན་པ་ཐོས་མོད། ཉོ་རྒྱུ་མ་རེག་པར་ལུས་པའི་སྐབས་སུ། གྲོགས་པོ་ཨ་ནོར་ལགས་ནས་ཐེངས་གཅིག་བཀླགས་པ་ཡིན་ཟེར་ཞོར་ཁོ་བོ་པེ་ཅིན་ནས་ཟི་ལིང་དུ་འབྱོར་མ་ཐག་སྤྲད་བྱུང་བས་དགའ་བས་བླངས་པ་ཡིན་མོད། ད་བར་དུ་བཀླགས་སྐལ་མ་བྱུང་བར་ལུས་ཏེ། ད་ནི་ཉིན་གཉིས་རིང་ཞིབ་བཀླགས་བྱས་པ་ཡིན།

མགོ་བཙུགས་པ་ནས་བཟུང་སྟེ་རིགས་པ་སྨྲ་བ་སྒོ་ཤེས་རབ་ལགས་ལ་ཆེ་བསྟོད་ཅིག་འབུལ་གྱིན་ཡོད་པ་ལྟ་བུར་སྣང་མོད། འོན་ཀྱང་དངོས་གནས་བཤད་ན། ཁོང་ནི་དེང་གི་སྐྱ་སེར་ཤེས་ཡོན་པའི་ཁྲོད་དུ་བསྔགས་འོས་པའི་མང་ཐོས་ཤེས་རབ་ཀྱིས་ཕྱུག་པའི་གྲྭ་བཙུན་རུས་པ་ཅན་ཞིག་ཡིན་ལ། ད་ཐེངས་ཁོས་འཆད་ཁྲིད་བགྱིས་པའི་སྒྲ་ཕབ་ཟིན་པོད«ཧི་མ་ལ་ཡའི་ཕར་ཚུར»(སྐྱེས་སར་འཕྲིན་ལས་ཀྱིས་ཡི་གེར་ཕབ) བཀླགས་སྐལ་བྱུང་བས་བློ་སྐྱེད་མང་བོ་ཐོབ་པས་དགའ་བོ་བྱུང་ཡོད།

གཞན་དཔོད་དེབ་འདིར་གསེར་ཐང་གི་ལེའུ་དང་བོ་ལས་སོང་མེད་ནའང་མགོ་འབུས་པ་ཙམ་ནས་རིགས་པ་སྨྲ་བ་ཁོང་གིས་རྣམ་དཔྱོད་ཀྱི་ཟིལ་ཤུགས་རེ་རེ་མངོན་པར་བྱས་ཏེ། འཆད་ཁྲིད་གནང་ཡོད་ལ། ཁྲིད་ཞོར་དུ་རྒྱ་བོད་ཀྱི་ཡི་གེ་མང་བོ་གཟིགས་ཞིབ་གང་མང་དགོས་ཀྱིན་ཡོད་པས་སློབ་ཁྲིད་འདིའི་མཇུག་ཡོངས་སུ་གྲུབ་པ་ལ་དུས་ཚོད་མང་བོ་དགོས་པར་མ་ཟད། དེབ་ཕྲེང་ཀྱང་གང་འཚམ་ཞིག་ཡོད་སྲིད་པས་ཁྲིད་མཁན་དང་ཡིག་འབེབ་པ་རྣམ་གཉིས་ལའང་སྐུ་ངལ་ཧ་ཅང་ཆེ་བ་ཞུ་མ་དགོས་མོད། འོན་ཀྱང་ཀློག་མཁན་བདག་གིས་མཚོན་པའི་ཕྱི་རབས་གཞོན་སྐྱེས་དག་ལ་སྨན་པའི་སླད་དུ་ཐུགས་བསྐྱེད་ཀྱི་གོ་ཆ་ཕྲག་ཏུ་ལེན་དགོས་པའི་རེ་བ་སྙིང་ནས་ཞུ།

«ཧི་མ་ལ་ཡའི་ཕར་ཚུར»བཀླགས་པའི་ཁྲོད་ནས་ཅི་ཞིག་མཐོང་སོང་ཞེ་ན། ཁོང་གིས་གཏམ་རྒྱུད་གསེར་ཐང་རང་ལས་བརྒལ་བའི་བོད་ཀྱི་དགོན་སྡེ་རིག་གནས་ཀྱིས་མཚོན་པའི་ཉེ་རབས་རིག་གནས་ལོ་རྒྱུས་ཀྱི་ཟུར་མང་པོ་ཞིག་ཁ་གསལ་ཁུངས་ཐུབ་ཀྱི་སྒོ་ནས་གསལ་བཤད་གནང་ཡོད་པས། ང་དང་ང་ལྟ་བུའི་དེང་གི་དཔེ་ཀློག་ལ་ཡིད་སུན་པའི་སྒྱིད་ལུག་མཁན་དང་ཤེས་རབ་དང་བརྩོན་སེམས་ཀྱིས་དབུལ་བའི་ཀློག་པ་བོ་གང་མང་ཞིག་ལ་བློ་སྐྱེད་མང་པོ་རེག་ཐུབ་པའི་ཡིད་ཆེས་ཡོད།

གོང་དུ་སོང་བ་བཞིན་གཏམ་རྒྱུད་གསེར་ཐང་འདི་ནི་མི་རང་ག་བ་ཞིག་གིས་འཆད་ཁྲིད་ལེགས་པོ་ཞིག་བགྱིད་མི་ཐུབ་པ་གཏན་ཁེལ་བྱས་ཆོག དེང་སང་གི་དགེ་རྒན་ཀློག་འགྲེལ་བྱེད་མཁན་ཚོས་མིང་ཚིག་མཆན་འགྲེལ་ལྟ་བུས་གར་ཡང་མི་ཕྱིན་པས། གནད་དུ་ཐིངས་པའི་འཆད་ཁྲིད་ཚད་ལྡན་ཞིག་གནང་མཁན་ཞིག་དེང་སང་དཀོན་པའི་ཚད་དུ་སྣང་ངོ་། ། དེའི་ཕྱིར་རིགས་པ་སྨྲ་བ་སྒོ་ཤེས་རབ་ལགས་ལྟ་བུས་ཐུགས་བརྩོན་ཆེན་པོས་འཆད་ཁྲིད་བགྱིས་པར་ཉན་རྒྱུ་དང་ལྟ་རྒྱུ་ཡོད་ལ། རྗེས་སོར་ཀྱང་ཤེས་བརྩོན་གཉིས་ལྡན་གྱི་རྒན་ཁོང་ལྟ་བུས་ཁྲིད་ན་མ་གཏོགས་ཐོས་ཆུང་ཤེས་དམན་གྱི་མི་རང་ག་བ་ཞིག་གིས་ཁྲིད་མི་ཐུབ་པར་མངོན་པས། ཟིན་དེབ་འདི་ལ་སྐྱ་སེར་གཞོན་སྐྱེས་དག་གིས་ཞིབ་མཇལ་ཡག་པོ་རེ་བྱེད་རྒྱུའི་རེ་སྐུལ་ཀྱང་ཞུ་འདུན་བྱུང་སོང་།

སྒོ་ཤེས་རབ་ལགས་ཀྱི་དཔོད་དེབ་འདི་ལ་དཔོད་དེབ་གཞན་དག་དང་མི་འདྲ་བའི་ཟུར་མང་སྟེ། ཡིག་ནོར་ཧ་ཅང་ཉུང་བ་དང་ལུང་སྐད་ཀྱིས་མ་སྦགས་པའི་ཡིག་སྐད་རང་དུ་ཡོད་པ་སོགས་ནི་གཙོ་བོ་སྐྱེས་སར་འཕྲིན་ལས་ལགས་ཀྱི་མཛད་བཟང་དུ་ཤེས་ཡོད། རྗེས་ཕྱོགས་ཀྱང་རིགས་པ་སྨྲ་བ་སྒོ་ཤེར་ལགས་ནས་གསེར་ཐང་གི་འཆད་ཁྲིད་འདིའི་མཇུག་ལེགས་པོར་བསྐྱངས་ཏེ། ཡིག་འབེབ་པ་སྐྱེས་སར་འཕྲིན་ལས་མཆོག་ནས་དེ་ལུགས་ཐུགས་ཁུར་བརྩོན་སེམས་ཕྲག་ཏུ་བཞེས་ཏེ་ཟིན་དེབ་དག་རིམ་བཞིན་ཀློག་པ་བོ་དག་གི་སྤྱན་ལམ་དུ་འགྲེམ་ཐུབ་པའི་གསོལ་བ་ལན་བརྒྱར་འདེབས་པའོ། །

ཞེས་སྒང་བ་བོད་ཀྱི་མྱི་ཆེན་གྱིས་རྒྱ་ནག་པེ་ཅིན་དུ་ཟིན་ཐོར་བཀོད།