ཐོག་མར་གཞན་རྟེན་དང་གཞན་བསྟུན་ཞེས་པའི་ཐ་སྙད་འདི་གཉིས་ལ་ཅུང་ཟད་དཔྱད་དགོས་ཡོད་དེ། དེ་ལས་གཞན་རྟེན་ནི་རང་འཚོ་བའམ་བྱ་བའི་ལས་ཅི་རིགས་སྒྲུབ་པ་ལ་རང་གི་སྟོབས་སམ་ནུས་པས་མ་འདང་བར་གཞན་ཞིག་གྲོགས་སུ་བརྟེན་དགོས་བྱུང་པ་དང་། ཡང་ན་ནི་གཞན་ཞིག་གི་དབང་དུ་གྱུར་ནས་དེའི་བཀོད་པ་ལྟར་ལས་བྱེད་པ་སྟེ་མདོར་ན་རང་རྐྱ་ཐུབ་པར་གནས་མ་ཐུབ་པ་ལ་བྱའོ།། གཞན་བསྟུན་ཞེས་པ་ནི་ཕྱི་རོལ་ཡུལ་གྱི་བཀག་རྒྱ་ལ་མ་ལྟོས་པར་ནང་བསམ་པའི་ཐོག་གི་ཕྱི་སྣུར་དང་གཙོ་ཆེར་རང་གི་འདུ་ཤེས་དང་དྲན་རིགས་གཙོར་མི་བྱེད་པར་གཞན་གྱི་འདོད་པ་དང་འཚམས་པར་བྱས་ནས་རང་ལྟ་འདོར་བའི་ལས་ལ་བྱའོ།།

གཞན་རྟེན་ནི་ཕྱིའི་ཆ་རྐྱེན་དང་ཁོར་ཡུག་སོགས་ཡུལ་དུས་ཀྱི་རྐྱེན་དང་སྐྱེ་བོ་དག་གི་ཤེས་ཡོན་བློ་སྦྱོང་དང་རྩལ་ནུས་འཇོན་གསུམ། བརྩོན་སྙེག་གསར་སྤེལ་སོགས་ཀྱི་རྒྱུ་ལ་ལྟོས་པ་དང་། ཡང་གཞན་བསྟུན་ནི་ཕྱི་ཆ་རྐྱེན་དང་གནས་བབས་ཀྱིས་རྐྱེན་བྱས་སླར་ཡང་རང་ཉིད་སྐྱོད་པའི་ལམ་བུ་གསར་དུ་མི་འདེམས་པ་དང་རང་གི་ལས་སྐལ་ལ་ཕྱིར་རྟོག་མི་བྱེད་པ་ཡིན་པས། ཕྱི་གཤོལ་དང་། བཟོད་བསྲན། སྒྱིད་ལུག་གི་རྣམ་པའི་སེམས་ཁམས་ཅན་དུ་ཆགས་ནས། མཐར་འཚོ་གནས་ཀྱི་ནུས་པ་ཉམས་ཞན་པར་འགྱུར་རོ།།

གཅིག གཞན་རྟེན་དང་གཞན་བསྟུན་གྱི་ནང་གནས་འབྲེལ་བ།

ཐ་སྙད་འདི་གཉིས་འབྲེལ་མེད་སོ་སོར་གནས་པ་ཞིག་མིན་པར་རྒྱུ་འབྲས་རྟེན་འབྲེལ་གྱི་རྣམ་བཞག་ལ་གནས་པ་དང་། གཅིག་གིས་གཅིག་ལ་གྲོགས་བྱེད་པ་དང་། ནུས་པ་འདོན་ཅིང་། གཞན་བརྟེན་གྱི་དགོས་པ་ཅི་ཙམ་ཆེ་བ་དེ་ཙམ་གྱིས་། གཞན་བསྟུན་གྱི་བབས་ལྕི་བར་འགྲོ་ཞིང་། རང་ཚུགས་ཐུབ་པ་ཅི་འདྲ་ན་གཞན་བསྟུན་གྱི་གནས་སྐབས་དེ་ལྟར་ཆུང་བར་འགྱུར།

དེས་ན་འདི་ཕ་མ་བུ་ཕྲུག་གི་ངོས་ནས་གླེངས་ན། བུ་ཕྲུག་ནར་མ་སོན་པའི་གོ་རིམ་ཁྲོད་དུ་བུ་ཕྲུག་ནི་ཕ་མ་ལ་མ་བརྟེན་པར་རང་གཅིག་པུར་འཚོ་བའི་ནུས་པ་མེད་པ་དེ་ནི་གཞན་བརྟེན་ཡིན། གཞན་བརྟེན་ཡིན་ཕྱིར་བུ་ཕྲུག་གི་སྤྱོད་ལམ་དང་འགྲོ་འདུག་ཉལ་འཆག་ཀུན་ཕ་མ་ལ་བསྟུན་དགོས་པ་དང་། ཐ་ན་སློབ་གསོ་ཅི་ཞིག་དང་ལེན་བྱེད་པ་དང་མི་ཚེའི་ལམ་བུ་ཅི་འདྲ་འདེམས་པ་སོགས་ཀྱང་རང་གི་ཕ་མའི་བསམ་བློ་ལ་བསྟུན་དགོས་ཡོད། ཐ་ན་བུ་ཕྲུག་གི་གཉེན་དོན་ཡང་ཕ་མས་ཐག་གཅོད་བྱེད། འདི་གཞན་བསྟུན་ཡིན། དེ་བས་ཐོག་མར་གཞན་བརྟེན་ཡིན་པ་ལས་དེ་ནས་གཞན་བསྟུན་བྱེད་དགོས་བྱུང་། གཞན་ལ་བརྟེན་མི་དགོས་པའི་སྐབས་སུ་དེ་ལ་བསྟུན་དགོས་པའི་ངེས་པ་ཡང་མེད་དེ། བུ་ཕྲུག་ནར་སོན་ན་རང་ཐག་རང་གཅོད་བྱེད་ལ། མཐར་ཕ་མ་དག་རྒས་ཤིང་འཁོགས་ནས་ཕར་བུ་ཕྲུག་ལ་བརྟེན་ཞིང་བསྟུན་དགོས་པའི་དུས་ཤིག་འོང་།

གཉིས། གཞན་རྟེན་དང་གཞན་བསྟུན་གྱི་སྣང་ཚུལ།

ང་ཚོ་རིམ་གྱིས་རང་གི་ཀླད་པ་ལ་བརྟེན་ཏེ་བསམ་བློ་གཏོང་བར་མི་དགའ་བའི་མི་རིགས་ཤིག་ཆགས་ཏེ། ཅི་དང་གང་ཡང་གཞན་ལས་ལེན་དགོས་པ་ཆགས། དེ་བས་ན་རང་ཤུགས་ཀྱིས་གཞན་གྱི་ཡོད་ཚད་མཆོག་གྱུར་དང་རང་གི་ཡོད་ཚད་དམན་པར་ལྟ། བོད་མི་རེ་རེ་བཞིན་རང་དང་རིགས་འདྲའི་ཁྲོད་ནས་རང་མཐོང་ཆེ་བར་མངོན་མོད། རིག་གནས་གཞན་པ་ཞིག་སྤྱོད་མཁན་གྱི་སྔུན་ནས་དེ་མ་ཐག་གཉའ་ཆག་འགྲོ། ༼ འདིར་གླེང་གིན་མེད་པ་ནི་ལྷ་དང་མིའི་འབྲེལ་བའི་སྐོར་ཡིན། འདི་ལ་བྲན་གཤིས་སུ་སྨྲ་བའང་འདུག་མོད། མིའི་འདོད་མོས་སུ་གྱུར་མ་གྱུར་གྱི་ཆ་ནས་མི་འདྲ།༽གཞན་གྱི་མི་ལ་བསྟུན་མཁས་བྱེད་པ་དེ་འདྲ་ནི་བོད་མི་ཚོར་རང་ཆས་སུ་སོང་བ་ཞིག་ཡིན་ནམ་ཡང་ན་ནི་སྟོབས་དང་ནུས་པ་ཅི་ཞིག་གིས་འདང་གིན་མེད་པ་ཡིན། རིག་པའི་གནས་ལ་ཅུང་ཟད་སྦྱངས་བ་ཚོ་ལའང་རིག་གནས་དང་རིག་གནས་ཀྱི་བར་ནས་རང་ཉིད་དམན་པར་འཛིན་པའི་འདུ་ཤེས་ཤིག་དང་། མི་རིགས་ཀྱང་རང་རྟོགས་ཀྱི་སྒོ་ནས་དམན་པར་བལྟས་འདུག དེ་ཡང་རིགས་ཀྱི་དུང་ཞེན་ཙམ་ལས་རིགས་ཀྱི་ང་རྒྱལ་མི་འདུག རིག་གནས་གཞན་པ་ལ་ཞུགས་པ་ཚོས་ལྷག་ཏུ་ཁ་ཕྱིར་འཁོར་ནས་རང་གི་རིགས་དེ་དམན་པར་ལྟ།

བསམ་བློའི་བག་ཆགས་འདི་རིགས་ཀྱིས་རྐྱེན་བྱས། སྦྱོར་བའི་ཐོག་ཏུའང་ཅི་ཐུབ་ཏུ་གཞན་ལ་བསྟུན་ཐབས་བྱེད་པས་ན། མཐར་ན་རང་གི་སྐད་ཡིག་ཀྱང་རང་ས་ནས་བེད་མེད་དུ་ལུས་ཏེ་གཞན་གྱི་སྐད་ཡིག་སྤྱོད་དགོས་བྱུང་། བོད་ཀྱི་ལས་བྱེད་པ་ཚོས་རྩ་ཁྲིམས་དང་བཅའ་ཁྲིམས་སོགས་ན་ཅི་ཞིག་གཏན་ལ་ཕབ་ཡོད་པར་ཅི་ཡང་མི་བསམ་པར། རང་རྟོགས་ཀྱི་སྒོ་ནས་རྒྱ་ཡིག་རྒྱ་སྐད་སྤྱད་ནས་གཞན་ལ་བསྟུན་གང་ཐུབ་བྱེད། འདི་ནི་མི་གཤིས་ཐོག་གི་ཞན་ཆ་ཞིག་རེད་ལ། རང་རྩིས་བོར་བའི་མངོན་སྟངས་ཤིག་ཀྱང་རེད། ལག་རྩལ་སོགས་ཀྱི་ངོས་ནས་བསྟུན་དགོས་པ་བཤད་མ་དགོས་པར། ལས་སླ་བོའི་ལས་ཀ་ཞིག་ལའང་རང་གི་ཀླད་པ་དང་ལག་པ་མི་འགུལ་བར་གཞན་ལ་མགོ་འདོགས་རྐྱང་བྱེད། ནམ་ཞིག་ཁྱོད་ལ་ཆེས་མ་མཐའི་འཚོ་གནས་ཀྱི་ནུས་པ་ཅི་རིགས་ཀྱིས་སྟོང་ཚེ་གཞན་ཞིག་ཡོང་ནས་བཀོད་པ་འཐེན་ངེས་ལ། དེ་ལ་བརྟེན་དགོས་པ་དང་བསྟུན་དགོས་པའང་གནས་ལུགས་རང་ག་བ་ཞིག་ཆགས།

གསུམ། གཞན་བརྟེན་དང་གཞན་བསྟུན་གྱི་རྒྱུ་ལ་དཔྱད་པ།

ང་ཚོ་གང་གིས་རྗེས་ལུས་ཐེབས་ཤེ་ན་རིག་གནས་ཀྱིས་རྗེས་ལུས་ཐེབས། རིག་གནས་ལ་མ་སྦྱངས་བས་བསམ་བློ་རྗེས་ལུས་ཐེབས། བསམ་བློའི་སྣེ་ཁྲིད་མེད་པས་འཕེལ་མེད་སོར་གནས་ཆགས། བོད་མི་རེ་འགས་ཀྱང་། རང་ཅག་ནི་བཀས་བཀོད་རྒྱུད་འཛིན་དང་ཐ་ན་བྲན་གཡོག་སྤྱི་ཚོགས་ནས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་སུ་མཆོང་བགོམ་བྱས་པས་གཞན་གྱིས་ལོ་ངོ་སྟོང་ལ་བརྒྱུད་དགོས་པའི་ལམ་བུ་ང་ཚོས་གོམ་པ་གཅིག་གིས་ཐོན། དེ་བས་བསམ་བློའི་འདུ་ཤེས་སོགས་ཀྱི་ངོས་ནས་གཞན་རྗེས་མི་ཆོད་པར་འདོད། ལྟ་ཚུལ་འདི་ལ་ང་རང་འཐད་པ་མིན། གལ་སྲིད་བོད་མི་བྱིངས་ལ་ད་ལྟའི་དུས་ཀྱི་རིག་གནས་སློབ་གསོ་ལེགས་པོ་ཞིག་ཐོབ་པ་ཡིན་ན། དེའི་བསམ་བློའི་འདུ་ཤེས་སོགས་དེང་གི་མི་དང་ཁྱད་མེད་དུ་འགྲོ་སྟེ། དེང་བོད་ཀྱི་བུ་ཕྲུག་མང་པོ་ཞིག་ལ་རྒྱའི་རིག་གནས་ཀྱི་སློབ་གསོ་རྐྱང་བ་ཐོབ་ཡོད་ལ། ཁོ་ཚོར་རྒྱ་རིགས་སློབ་མ་ཚོར་བསམ་པའི་འདུ་ཤེས་ཅི་ཆགས་དེ་ཡོད་ཡིན་པ་མངོན་སུམ་མོ།། དེས་ན་རྒྱུ་གཙོ་བོ་ནི་ང་ཚོ་ལེ་ལོ་དང་སྒྱིད་ལུག་ལ་དགའ་བའི་མི་རིགས་ཤིག་རིམ་གྱིས་ཆགས་པ་དང་། རང་ངོས་སུ་གསར་བཏོད་མེད་པར་གཞན་ལ་ལད་ཟློས་བྱེད་པར་དགའ་བ་སྟེ་། འདི་རིག་གནས་དང་། སྲོལ་ལུགས། ལག་རྩལ་སོགས་གང་ཆ་ན་མངོན། རིག་གནས་སློབ་གསོའི་ཐོག་གི་ཁྱད་འཕགས་ཀྱི་ཆ་ཉམས་པས་ན། འཚོ་གནས་ཀྱི་ནུས་པ་ལེགས་པོ་བསྐྱེད་མ་ཐུབ། དེས་ནི་སྐྱེ་བོའི་རྒྱུད་ཀྱི་རང་རྩིས་དམའ་རུ་བཏང་ཏེ་གཞན་བསྟུན་གྱི་ལམ་ཁ་འདེམ་དགོས་བྱུང་། འདི་བཙོག་པ་འཁོར་རྒྱུག་བྱས་པས་འགའ་ཞིག་རིག་གནས་ཀྱི་ར་བ་འདི་ལས་འབུད་པར་བརྩམས། དེ་ནི་མཐིལ་ཕྱིན་པའི་བབས་བསྟུན་རང་ཆགས་སོ།།
ལོ་རྒྱུས་སུ་ང་ཚོས་ཕྱིའི་རིག་གནས་ནང་འདྲེན་བྱས་པ་ནས་བཟུང་། གཞན་བརྟེན་གྱི་མགོ་བརྩམས་པ་ལྟ་བུར་སྣང་། རང་གི་བསམ་པ་ལ་བརྟེན་ནས་དེ་ལ་འདོར་ལེན་གྱིས་རང་གི་ཁྱད་ཆོས་ཅན་དང་། རང་གི་བདག་ཉིད་ཅན་དུ་བསྒྱུར་མ་ཐུབ་པར་གཞན་བརྟེན་གྱི་སྣེ་རིང་མོ་ཞིག་དྲངས་ཏེ་ལུས་པས་ན། མཐར་རང་ཆོས་བོར་བའི་རྐྱེན་དུ་སོང་། ད་ནི་བོད་མིའི་རེ་རེ་བའི་རྒྱུད་ལ་ངེས་པར་དུ་སུ་ཞིག་ལ་བརྟེན་ཞིང་འཚོ་དགོས་པ་ལྟ་བུའི་བག་ཆགས་བསྒོས་ནས། རང་གི་ཕྲག་པར་ཐོགས་པའི་མགོ་བོ་འདི་བེད་མེད་དུ་བཏང་། འདི་ནི་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་ལ། བོད་མི་རེ་རེའི་གཤིས་ཀའི་ཐོག་གི་ཞན་ཆ་ཞིག་ཀྱང་རེད། དེ་བས་བོད་མི་དག་ནི་སྒེར་གཤིས་མེད་པའི་སྤྱི་གཤིས་ཅན་དང་། ཐུན་མོང་གི་བསམ་བློ་ཞིག་གཞི་འཛིན་པ་ལས་རང་ངོས་ནས་རྟོག་དཔྱོད་བྱེད་པར་མི་སྤྲོ་བ་དེའོ།།

བཞི། གཞན་བརྟེན་དང་གཞན་བསྟུན་ཀྱི་ལྟོས་བཅས་རང་བཞིན།

དེང་འཛམ་བུ་གླིང་འདི་ཡང་གཅིག་ལ་གཅིག་བརྟེན་དང་། ཐ་ན་གོ་ལ་གཅིག་ཅེས་ཧྲིལ་བོ་གཅིག་རང་ཆགས་ཀྱིན་པས་ན། རིག་གནས་དང་འཚོ་གནས་གང་ཆ་ནས་རྦད་དེ་གཞན་དང་མི་འདྲེས་པ་སུ་ཡང་དཀའ་ལ། སུ་ཡང་གཞན་གྱི་རིག་གནས་ཀྱི་ལེགས་ཆ་ལེན་པ་དང་། རང་གཞན་གཉིས་ཕན་གྱི་མཉམ་གནས་ཤིག་ལ་བརྩོན་གྱིན་མཆིས། དེ་ལྟ་བུའི་གནས་བབས་ཀྱི་འོག་ཏུ། ང་ཚོས་ཀྱང་རང་ཉིད་ཀྱི་གནས་བབས་ལ་འགྱུར་བ་གཏོང་དགོས་པ་ཁ་ཚ་དགོས་གཏུག་ཆགས་ཡོད་པ་དང་། གཙོ་ཆེར་རང་གི་ཀླད་པར་བརྟེན་ནས་དངོས་ཡོད་དང་མཐུན་ཞིང་། ཕུགས་རྒྱང་རིང་བ། རང་གི་ཁྱད་ཆོས་ཀྱིས་ཕྱུག་པའི་ལམ་ཁ་ཞིག་འཚོལ་རྒྱུ་ལས། སླར་ཡང་གཞན་གྱི་རིག་གནས་གང་ཞིག་འདོར་ལེན་མེད་པར་ཧྲིལ་གྱིས་ལེན་པ་ནི་ཡང་དག་པའི་ཐབས་སུ་མ་མཐོང་ངོ་།།

འདིར་སྐབས་ཐོག་གི་དཔེ་ཞིག་འགོད་པར་བྱ་སྟེ། མི་རིགས་འདི་ལ་སྲོལ་རྒྱུན་དུ་གུས་བརྩིའི་རིག་གནས་ལེགས་པོ་ཡོད་པར་སྨྲ་ལ། དེང་དེ་དག་ཉམས་བཞིན་པར་རྒན་པ་རྣམས་བློ་འཚབ་སྐྱེ་བཞིན་འདུག་མོད། སྤྱིར་ན་འདི་ནི་དུས་ཀྱི་འགྱུར་བ་ཞིག་གི་དབང་གིས་ཏེ། ལོ་ཆུང་རྣམས་གནས་པའི་ད་ལྟའི་སྤྱི་ཚོགས་སྔོན་དང་བསྡུར་ན་ལྟོས་བཅས་སུ་མི་རྣམས་རང་ཚུགས་ཅན་ཡིན། དེ་ཡང་མིའི་བློ་དེ་སྔོན་ཆད་ལྟ་བུའི་ཁ་རུབ་ཅན་མིན་པར། དོན་མང་པོ་ཞིག་ལ་སྐྱེ་བོ་སྒེར་པ་རང་ངོས་ནས་བསམ་བློ་གཏོང་བཞིན་ཡོད། དེ་བས། ན་ཆུང་སྐོར་ཞིག་གིས། གལ་སྲིད་རང་རྩིས་དགོས་ཚེ་གཞར་ཡང་མི་ལ་གུས་བརྩི་དགོས་དོན་མེད་སྙམ། སྔོན་ཆད་དགེ་རྒན་ཞེ་ན་༼བླ་མའི་ཅི་གསུང་ཆོས་ཡིན་༽མོད། དེང་གཞོན་ནུ་མང་པོ་ཞིག་གིས་དེ་མ་འདོད། ཁོ་ཚོས་ཐོག་མར་དགེ་རྒན་མིའི་གོ་གནས་སུ་ཕབ། ༼དགེ་རྒན་ཡང་མི་ཡིན་པ།༽དེ་ནས་མི་དང་མི་འདྲ་མཉམ་གྱི་འདུ་ཤེས་བསྐྱེད། མཐར་དགེ་རྒན་ཡང་ང་ཚོའི་སྒོར་གྱིས་གླས་པའི་ལས་ཀ་བ་བྱིངས་དང་འདྲ་བར་མཐར་ཐུག་རང་གི་ཁེ་ཕན་ལས་འདའ་བ་མེད་པས། དེས་ན་དགེ་རྒན་ལ་བརྩི་དགོས་པའི་ངེས་པ་མེད་སྙམ། འདི་ལྟར་སློབ་མའི་བསམ་བློ་དེ་རིམ་གྱིས་ཐལ་མཐར་ཕྱིན། དེས་ན་གཞན་བསྟུན་ཞེས་པ་འདི་ཡང་ལྟོས་བཅས་ཀྱི་ཁྱབ་ཁོངས་སུ་བསྡུ་དགོས་པ་དང་། རང་ཅག་གིས་གུས་སྲོལ་རིག་གནས་སོགས་དོར་ནས་རང་ཚུགས་སྲོང་དགོས་པ་མ་ཡིན། དགེ་རྒན་ནི་གཅིག་ན་ཁྱོད་ལས་ཡོན་ཏན་མཐོ་བས་ཤེས་ཡོན་གྱི་ངོས་ནས་གུས་བརྩི་བྱེད་དགོས་པ་དང་། གཉིས་སུ་ཁྱོད་ལ་རིག་གནས་སློབ་པའི་དཀའ་དྲིན་གྱི་ངོས་ནས་དྲིན་བཟོའི་འདུ་ཤེས་དགོས་པ་ལྟ་བུའོ།།

མཇུག་གི་ཞུ་མཆིད། ང་ཚོའི་རྒྱུད་ན་ནད་ཡམས་ལྟ་བུའི་སྐྱོན་ཞིག་མཆིས་པ་ནི་སྔར་བཞིན་རང་གི་རིགས་པས་སྒྲོ་འདོགས་མི་གཅོད་པར་ཅི་དང་གང་ཡང་གཞན་གྱི་ཟེར་རྗེས་འབྲངས་བ་དང་། ཧྲིལ་གྱིས་ལེན་པ་དང་ཧྲིལ་གྱིས་འདོར་བ་སྟེ། ཡང་ན་དགྲ་རུ་འཛིན་པ་དང་ཡང་ན་གྲོགས་སུ་ལྟ་བ་ལས། གཟུ་བོར་གནས་པའི་བློ་ཡིས་དཔྱོད་མི་ཐུབ་པ་དེའོ།། རྩ་བ་དེད་ན་ང་ཚོས་རང་གི་ཤེས་རབ་དང་བློ་གྲོས་ཆུད་ཟོས་སུ་གཏོང་བཞིན་པ་དང་། རང་གི་བསམ་གཞིག་གི་སྒོ་མོ་འབྱེད་ཀྱིན་མེད་པ་དང་། གསར་བཏོད་ཀྱི་ལམ་བུ་འཚོལ་ཀྱིན་མེད་པ་དེའོ།། བློ་སྦྱོང་གི་ངོས་ནས། ང་ཚོས་ཤེས་བརྩོན་ཟུང་འབྲེལ་དང་། འཆད་རྩོད་རྩོམ་གསུམ། ཐོས་བསམ་སྒོམ་གསུམ་སོགས་ཟེར་མོད། འདི་དག་གང་ཡང་གྲུབ་ཟིན་པའི་ར་བ་དེ་ལས་བརྒལ་མི་ཐུབ་པ་དེའོ།། རི་བོང་ལ་རྭ་ཡོད་མེད་རྩོད་པ་ནི་རི་བོང་ལ་རྭ་ཡོད་མེད་མ་ཤེས་པར་རྩོད་པ་མིན་པར་དེ་ལ་བརྟེན་ནས་རིགས་ལམ་སྦྱོང་བ་ཡིན་ཟེར་མོད། སླར་ཡང་རིགས་ལམ་སྦྱོང་བ་དེ་ལྟ་བུའི་ཁྲོད་མགོ་བོ་འཁོར་བར་གྱུར། རིག་གནས་ལེགས་པོ་ཞིག་སྦྱོང་བ་ནི་བསམ་གཞིག་ལེགས་པོ་ཞིག་བྱེད་ཐུབ་པའི་སྔོན་འགྲོ་ཡིན་ཞིང་། བསམ་གཞིག་ལེགས་པོ་ཞིག་བྱེད་པ་ནི་རང་ལྟ་རྣལ་མ་ཞིག་སྐྱེ་པའི་ཉེར་ལེན་ཡིན། རང་ལྟ་རྣལ་མ་ཞིག་ཆགས་པ་ནི་རང་ཚུགས་ལེགས་པོ་ཞིག་སྲོང་བའི་གཞི་རྩ་ཡིན་ནོ།།

༢༠༡༦ལོའི་ཟླ་༤བར།