ཕྱི་རྐང་གཉིས་ཀྱིས་ཞྭ་ཆེན་མ་སྐྲག།།
ནང་རང་སེམས་ཀྱི་གཏི་མུག་མ་ཞེད།།
དོན་འགྲོ་ཕན་གྱི་བདེན་གཏམ་དཀར་པོ།།
གོ་འདོད་པ་ཚོའི་རྣ་ལ་བསྒྲག་ཡ།།

ད་ཕལ་ཆེར་གདོད་མའི་སྤྱི་ཚོགས་དེ་འཇའ་ལྟར་ཡལ་ཏེ། ཉེར་གཅིག་དྭངས་གསལ་གྱི་དཀྱོག་མཚམས་ལ་༼དུང་ཕྱུར་དྲུག་ཅུ་༽ཚང་མ་སྔོན་ཐོན་གི་ལམ་ལ་རྡོག་ཐོན་བྱེད་པས་སྐབས་འདིར། ང་འབྲོག་འཐོམ་ཡང་རང་གར་མ་བསྡད་པ་ནོར་ནག་གི་རྨིག་རྗེས་སྐྱུར་ཏེ་འཕྲུལ་འཁོར་གྱི་ཁ་ལོ་བྱས།སྦྲ་ནག་གི་སྒོ་ཐེམ་བརྒལ་ཏེ་ཁང་བཟང་གི་རྩེ་མོར་འགྱིང་།ལུང་ཁུག་ལ་བསྡད་འཕྲོ་བཞག་སྟེ་ཕྱོགས་མེད་ཀྱི་རྒྱལ་ཁམས་འགྲིམས་སོང་།༼ཐོས་སོང་༽༼མཐོང་སོང་༽༼རྟོགས་སོང་༽མ་ཚད་ངས་ཕྱིར་མིག་ལྟ་ས་༼རྩམ་ཟན་༽ཚང་ལོས་ཡིན།འོན་ཀྱང་༼འུ་ཚང་ལ་༽ཨ་ཕས་དོན་མ་རྟོགས་ཨ་མས་བཤད་མ་ནུས་པས་རྗེས་ལུས་ཀྱི་བྱ་བ་ཁ་ཤས་ངས་མཐོང་དེས།ངས་ཤེས་སོང་།

ཤེས་པ་ཙམ་མ་ཚད་ངོས་དེ་རིང་ནས་བཟུང་ཁྱབ་བསྒྲག་བྱེད།དེ་ཡང་ངེས་མེད་ཀྱི་རྣམ་ཤེས་འཁྱམ་པོ་འགའ་དེ་སྔོན་དམ་པའི་སྐུ་སྐྱེ་རེད་ཞེས་པའི་སྤྲུལ་རྫུན་འཆལ་པོ་དང་གཅིགམི་ཚེ་གྲོང་ཆོག་ལ་འགྲིམས་པའི་སེར་གཟུགས་ཚོང་དཔོན་རབ་བྱུང་གི་མིང་རོ་སྟོང་པ་ཁྱེར་པའི་ཞབས་འདྲེན་རེ་ཟུང་དང་གཉིས།བུད་མེད་ཞང་འཚོང་མཁའ་འགྲོ་དང་འདས་ལོག་གི་མིང་ཁྱེར་མཁན་དང་གསུམ།སྔགས་ཤི་དཀོར་ཟན་དགེ་བསྙེན་སྣ་གཅིག་གི་སྡོམ་པ་ཙམ་མེད་པའི་རྒྱན་འཛུགས་དང་དུ་ཆང་དགའ་མཁན་འདི་ཚོས་ལྷད་མེད་པའི་༼ནང་ཆོས་༽ལ་གཏོར་བཤིགས་གཏོང་མཁན། དད་ཆེ་པའི་༼མི་རིགས་༽ཞིག་འདུན་ལམ་བརླགས་མཁན།ཕྱི་དགྲ་ལྕགས་ནག་གི་སེར་བ་ལས།།ནང་དགྲ་ཁང་རུལ་གྱི་ཐིག་པ།། འདི་ཚོ་སྡུག་པ།

༼དཔེར་ན་སྤྲུལ་རྫུན་ཚོའི་སྤྱོད་པ། ནང་ཆོས་ཀྱི་གོ་རྟོགས་མེད་པ་གསོན་པོ་ཚོ་སྐྱབས་འཇུག།བསྐྱེད་རྫོགས་ཀྱི་གོམས་འདྲིས་མེད་པ་གཤིན་པོ་ལ་འཕོ་འདེབས།གཟིམ་ཤག་རེ་རེའི་རྒྱ་ཁྱོན་སྟོང་ལུག་གི་ལྷས་རྒྱ།རླངས་འཁོར་རེ་རེའི་གོང་ཚད་ཁྲི་ནག་མང་པོ། ད་དུང་ནད་བཅོས་གདོན་འདུལ་ལ་ཁ་གཡར་ཏེ་སྦྱིན་བདག་མོ་རྣམས་གཡེམ་མཁན། གསང་སྔགས་ཐབས་ལམ་ལ་ལོག་བཤད་བྱས་ཏེ་བཙུན་མ་རྣམས་ཕབ་མཁན། དུ་ཆང་གི་ལོགས་སྤྱོང་ཇི་ལྟར་བྱས་ཡང་ངོ་མཚར་རུ་རྩིས།

མ་ཚད་གྲིབ་ནག་གི་སྡུག་རྐང་དེ་༼མི་བུ་༽དབུ་སྟེང་ལ་བཞག་མཁན།བག་མེད་ཀྱི་སྐྱག་གཅིན་ཡང་དད་ལྡན་ཚོའི་ཞལ་ལ་བླུད་མཁན།ཐར་ལམ་གྱི་སྣེ་ཁྲིད་གང་ཡང་མེད་པའི་མ་ཚད་རྣམ་རྟོག་སློངས་ཏེ་ཁོར་ཡུག་ལ་ཟང་ཟིང་བཟོ་མཁན་བཅས་དང་། ༼བསྟན་འཛིན་རབ་བྱུང་གི་མིང་རོ་ཁྱེར་པས་སེར་གཟུགས་རེ་ཟུང་ཞིག་གིས།དད་ལྡན་སྦྱིན་བདག་ གིས་གསོན་པོ་ཚོས་ཟ་མ་ནུས།གཤིན་པོ་ཚོས་ཟ་མ་ཐུབ་པའི་འབུལ་པ་དག།ཁྲེལ་མེད་དེ་ཚོས་མར་སྦྱིན་བདག་ཚོ་སྐྱེད་ཆེན་དངུལ་བུལ་བཏང།

རྒྱན་འཇོག་བག་མེད་དང་རྟ་ཉོ་ནོར་འཚོང་གི་ལས་ལ་ཞུགས།ལྐོག་ཏུ་དགའ་རོགས་སྒྲིག་སྡུག་ན་དགའ་རོགས་དེ་བཙུན་མ་དཀར་རྩི་བྱུགས་མཁན་ཞིག་ཡིན་འགྲོ།དེ་ལས་སྡུག་ན་བཙུན་མ་དེ་ཉེ་རིང་ཡིན་འགྲོ།དགོས་པ་ཤེས་རིག་གི་ལག་ཁྱེར་མེད་པ་མི་དགོས་པ་རླངས་འཁོར་གྱི་ལག་ཁྱེར།རྩོད་པ་ལུང་རིག་གི་བརྡར་ཤ་མེད་པ་མི་དགོས་ལྷ་མིན་འདྲེ་མིན་གྱི་སྲུང་མ་ཁྲམ་རྒན་ཚོའི་གཏོར་འབུལ་རྒྱུན་ཁྱེར།      མཁའ་འགྲོ་ཚོས་རང་ཁྱིམ་གྲུ་བཞི་མ་ཟིན་པ་ད་དུང་བསྟན་པ་ཟིན་མདོག།

མཎིའི་ཕན་ཡོན་མ་ཤེས་ཡང་ད་དུང་མདོ་སྔགས་མཁྱེན་མདོག།རྨོངས་རྒན་ཚོས་བསགས་པའི་དངུལ་ལོ་འབུལ་ས།བླུན་རྒན་ཚོས་འདི་ཕྱིའི་ཕུགས་རེ་བཅོལ་ཐུབ་པས་སྐད་ཆ་སྙན་པོ་འགའ་བཤད།སྔགས་རོ་ཚོ་དགེ་བསྙེན་གྱི་སྡོམ་པ་མེད་རྐྱེན་ཆང་རག་འཐུང་སྟེ་གྲོངས།ཆོ་ག་ཕྱག་ལེན་མེད་རྐྱེན་མདོས་གཏོར་གང་བྱུང་འཕངས།སྒོར་མོའི་དོན་དུ་ཡིན་པས་རང་གནང་གང་ཤར་བཤད།ད་ཨ་ཁ་ཁ་ཇི་ལྟར་བྱེད།བགྲང་བྱ་སྟོང་གཉིས་ལྷག་གི་སྔ་རོལ་གཤེགས་པའི་ཟས་གཙང་བུ་ཆུང་དེ་ཤིན་དུ་དྲན་བྱུང་།ཁོང་ད་ལྟ་ཞལ་བཞུགས་ཡོད་ན་སྙིང་རྗེ་ཆེ་པོ་ཡིན་པས་ཉམ་ཆུང་ངའི་རྒྱབ་ལ་ལངས་པར་ངེས་སོ།དེ་ཡང་གུས་པ་ནི་ཐོས་རྒྱ་ཆུང་ལ་ལུང་ཁུག་གི་མི་དང་།ལྷག་སེམས་དཀར་ཡང་ཤེས་ལྡུམ་མ་འགྲིམ་པའི་རྐྱེན་གྱི་ངས་ལབ་ཕྱོགས་ལོག་ཀྱང་ཁྱེད་ཚོ་བསྟན་འཛིན་གྱི་བླ་གྲྭ་སེར་སྐྱ་ཚུལ་ལྡན་ཀུན་གྱིས་གསན་ཕྱོགས་མ་ལོག་པ་མཁྱཻན།ཡིན་ན་བསྟན་བཤིག་དེ་ཚོ་ལ་གོ་བརྡ་ཞིག་མ་སྤྲད་ན།ང་ཚོ་མི་བུ་ཞིག་ཡིན་པའི་ཆ་ནས་ཕ་པའི་ངལ་བ་དེ་དོན་མེད་དང་ཨ་མའི་འོ་དཀར་དེ་འཕྲོ་བརླག་འགྲོ་རུ་བཅུག་ན་ང་ཚོས་ཡབ་ཡུམ་གྱི་ཞལ་རས་ཇི་ལྟར་མཇལ།ཡང་དགོས་ང་ཚོ་ནང་པ་ཞིག་ཡིན་པའི་ཆ་ནས་རང་གི་གྲུབ་མཐའ་གཙང་མ་ལ་ལྷད་ངན་འདི་འདྲ་འོངས་དུས་འདི་ལ་དཀར་འདོན་ཞིག་མེད་ན། ང་ཚོ་འཛམ་གླིང་གི་ཆོས་ལུགས་གཞན་དག་མདུན་ལ་མགོ་བོ་བཀྱག་ག་ལ་ནུས།དུས་རབས་ཡར་རྒྱས་ཀྱི་ཁུག་སོ་ལ་སླེབས་རུང་ང་ཚོ་ད་དུང་རྨོངས་རྒན་ཁ་ཤས་ཀྱི་འོག་ལ་མགོ་ཤོར་བ་ཡིན་ན།སྔོན་ཐོན་མི་རིགས་གཞན་དང་ལྷན་དུ་ནམ་སླེབས་སམ།ཚང་མའི་བསམ་བློ་ཡག་པོ་ཞིག་ཐོངས་དང་ང་ཚོ་མི་ཨེ་རེད།ཚོར་བ་ཨེ་འདུག་རང་ཙམ་མ་ཚད་མི་རབས་རྗེས་མ་ཚོ་ཡང་བཟང་པོའི་ལམ་དུ་ཕེབས་ཐུབ་ན་ལེགས་པ་ཡང་མི་མཁྱེན་ནམ། ང་ཚོ་ངེས་པར་དུ་ཡིད་སྐྱོ་པའི་བྱེད་ལུགས་འགའ།

བློ་གཅིག་སེམས་གཅིག་མཆོག་གསུམ་ལ་སྐྱབས་བཅོལ་མེད་པ་ལྷ་འདྲེ་ལ་ཡིད་གཏོད། ལས་འབྲས་ལ་ཡིད་ཆེས་མེད་པ་མོ་རྩིས་ལ་བློ་འགེལ།དྲང་དེན་གྱི་ལམ་བསྐྱོད་མེད་པ་རྣམ་རྟོག་གི་རྗེས་འབྲངས།རང་བྱས་ཀྱི་གནས་ལུགས་མ་རྟོགས་མི་གཞི་ལ་དམའ་འབེབ།བསྟན་པ་དང་མི་རིགས་ལ་ཤ་ཚའི་སྐད་ཆ་གླེང་མཁན་ཡོད་ན་ལྟ་ལོག་གི་ཞྭ་ཆེན་འཛེམ་མེད་དུ་གཡོགས་ཕོད་མཁན།བསྟན་པ་དང་སེམས་ལ་མགོ་སྐོར་བྱེད་པས་བསྟན་བཤིག་ཟོག་པོ་ཚོ་མཐོང་དུས་སངས་རྒྱས་ཀྱི་ཆོ་ལོ་འབུལ་ཕོད་མཁན།

མདོར་ན་བཟང་དཔྱད་ཀྱི་རྟགས་ཙམ་མེད་པ་རང་འཕུང་ཡུལ་བརླག་གི་རོ་སྙིང་དང་།ཤེས་རིག་གི་ཁ་ཕྱོགས་ཞན་སའི་ཡུལ་གྲུ་ཞིག་ལ་ངས་འདི་ལྟར་བཤད་དགོས་ཁེལ་སོང་།གུས་པའི་ལྟོ་གོས་གཏམ་གསུམ་དང་མིང་སྙན་གྲགས་སོགས་ཀྱི་ཆེད་དུ་མིན་པས་མ་ཚད།མཐའ་ན་བླུན་པོ་ཨུ་ཚུགས་ཅན་ཚོས་འཇིགས་སྐུལ་ལ་དོག་བཞིན་དུ་༼ནང་ཆོས་དང་མི་རིགས་༽ཀྱི་ཆེད་དུ་ཡིན་ལགས།ད་ནི་ཚིག་ཉོག་གི་ཟིང་ཆ་མི་སློང་པར་དོན་དངོས་ཀྱི་གནས་བབ་རེ་གླེང་ན།ཆོས་ལུགས་ལ་ཁ་གཡར་པས་རྫུན་མ་དེ་ཚོའི་སྤྱོད་པ།༼བྱེད་པོས་མིག་གིས་བཟོད་ཀྱང་།ཉན་པོས་རྣ་བས་མ་བཟོད་པར།༽བོད་ཀྱི་ཆོས་རྫུན་ཚོས་བྱེད་སྟངས་སམ་མཛད་སྤྱོད་དེས་བསྟན་པ་རྨང་ནས་བཤིག་པའམ་ནག་ཉེས་ལ་མཚང་འབྱིན་དང་།  བསྟན་པ་རང་འདོད་ཀྱིས་མ་བཙོངས་ན་ཞེས་པའི་མིག་གསལ་བཤད་ཅན་གྱི་འཁྲབ་སྟོན་དེ།༼སྤྲུལ་རྫུན་དང་༽༼གཙུན་པ་ཕོ་མོའི་ཁྲེལ་ཟད་༽༼མཁའ་འགྲོ་རྫུན་མ་དང་འདས་ལོག་༽༼སྔགས་རྫུན་དཀོར་དད་༽ཅན་ཚོས་འཁྲབས་པའི་སྨྱོ་གར་སོགས་ཡོད།༽འབོད་བརྡ་ཐེངས་གཅིག་བཏང་ཡང་མི་གཟུགས་ཀྱི་གླང་རྒན་ཚོས་སྒེར་གཅོད་ཀྱི་ཆོ་ལོ་དེའི་ལྟག་རྒྱབ་ནས་མ་གོ་ན་ཆོག།གནས་ལུགས་དང་བདེན་དོན་གྱི་སྐད་ཆ་རེ་ཟུང་བཤད་མཁན་ཚོ་ལ་བསྟན་དགྲ་དང་དམ་ཉམ་སོགས་ཀྱི་ཞྭ་མོ་རེ་བསྐོན་བཞིན་རང་གི་ཉེ་འཁོར་ཚོར་མི་ཆོག་པའི་བཀའ་དང་མི་རུང་པའི་དམ་ཚིག་རེ་ཡོད་རབས་བཤད་པ་དེ་ཁོར་ཡུག་གི་ལུགས་སྲོལ་ཙམ་ཡིན་ན་ཆོག།ཡིན་ན་ད་ནི་རྫུན་མས་དབང་བསྒྱུར་འོག་གི་ཁོར་ཡུག་འདི་ནས།གཉོམ་ཆུང་བདེན་པའི་གཏམ་ལ་རྣ་བ་གཡར་མཁན་ཉུང་ཡང་།ཕམ་རྒྱལ་གྱི་གཡུལ་ས་ཞིག་ནས། ཤི་གསོན་གྱི་དུར་ས་དེ་ནས།དགག་སྒྲུབ་གཉིས་ཀྱི་ཐག་གཅོད་ཅིག་བྱེད་པར་འདོད་དོ།།

ཞེས་བོད་རབ་ལོ ༩༨༨, ༦, ༤ ཉིན་ལ་ཟས་གཙང་སྲས་པོས་ཡང་བདེན་བཞི་ཐོག་མར་གསུང་པས་དུས་བཟང་དང་བསྟུན་ཏེ། བྱང་ཐང་འབྲོག་འཐོམ་གསེར་ས་འོག་གིས་བདེན་པའི་སྙིང་གཏམ་འདི་ལྷ་ལྡན་དག་པའི་ཞིང་གི་བླ་མཁར་དམར་པོའི་འདབས་ནས་ཤར་མ་བྲིས་སོ།།

སད་པར་ཤོག། སད་པར་ཤོག། སད་པར་ཤོག།