བོད་བཙན་པོའི་རྒྱལ་རབས་ཀྱི་རྒྱལ་པོ་མཐའ་མ་ཞེ་གཅིག་པ་ལྷ་སྲས་དར་མ་ནི་བོད་ཀྱི་ལོ་རྒྱུས་ཁྲོད་དུ་གྲགས་སྐད་ཆེ་བའི་རྒྱུ་མཚན་གཙོ་བོ་གཅིག་ནི་ཁོང་གིས་སངས་རྒྱས་ཀྱི་བསྟན་པ་བསྣུབས་པར་གྲགས་པ་དེའི་དབང་གིས་ཡིན་ངེས་མོད། དེང་སང་ང་ཚོར་ཐོབ་པའི་ཏུན་ཧོང་ཡིག་ཆ་ལྟར་ན་ཁོང་ནི་བོད་ཀྱི་ཆོས་འབྱུང་ཁག་ཏུ་གསལ་བ་ཇི་བཞིན་ཐུགས་སུ་གདོན་གསོལ་བའི་སྐྱེ་བོ་བླུན་པོ་ཞིག་མིན་པར་སྙམ། རྒྱལ་པོ་ལྷ་སྲས་དར་མས་བསྟན་པ་བསྣུབས་ཚུལ་གྱི་ཡིག་ཆ་འཁོད་སྔ་ཤོས་ཀྱི་གྲས་ནི“སྦ་བཞེད”སླད་ཅན་དུ་གྲགས་པའི«ཆོས་འབྱུང་གི་ཡི་གེ་ཞིབ་མོ།»དང་། «སྦ་བཞེད་ཞབས་བཏགས་མ»[1] «ཡེར་པའི་དཀར་ཆག»སོགས་ཡིན་ལ། ལོ་རྒྱུས་འདི་དག་ལ་བརྟེན་ནས་བསྟན་པ་ཕྱི་དར་གྱི་རྗེས་སུ་བྱུང་བའི་ཆོས་འབྱུང་ཕལ་མོ་ཆེར་རྒྱལ་པོ་ཁོང་ནི་སྐྱེ་བོ་སྡིག་ཅན་ཞིག་ཡིན་ཚུལ་བྲིས་པ་རེད། ཏུན་ཧོང་ཡིག་རྙིང་དུ‘‘ལྷ་སྲས་དར་མ་མན་ཅད་དང་། འོད་སུས(སྲུང)དབོན་སྲས་མན་ཅད་དུ’’[2]ཞེས་རྒྱལ་པོའི་མཚན་ལ‘‘ལྷ་སྲས་དར་མ’’ཞེས་འབྱུང་ནའང་། «ལྡེའུ་ཆོས་འབྱུང»ནང‘‘དེ་ནས་ནག་པོ་ཕྱོགས་ཅན་གླང་དར་མ་བྱོན’’[3]ཞེས་དང་། དེའི་རྗེས་ཙམ་གྱི«ས་སྐྱ་བཀའ་འབུམ»དུའང‘‘རལ་པ་ཅན་གྱི་གཅེན་པོ་གླང་དར་ཆུ་མོ་ལུག་ལོ་ལ་སྐྱེས། སུམ་ཅུ་རྩ་དགུ་ལྕགས་མོ་བྱའི་ལོ་གཞུག་ལ་རྒྱལ་སར་བཏོན’’[4]ཞེས་བྲིས་འདུག་པས། ཕྲན་གྱིས་ཞིབ་ཏུ་མ་བཙལ་ཀྱང་ཕལ་ཆེར‘‘གླང་དར་མ’’ཞེས་པའི་མིང་འདི་ཉིད་དུས་རབས་བཅུ་གཅིག་དང་བཅུ་གཉིས་ཀྱི་སྐབས་དེ་ཤེད་ཅིག་ནས་དར་བ་གསལ་པོ་རེད། སྐབས་དེའི་ཆོས་འབྱུང་རྩོམ་མཁན་དག་ནི་ནང་པའི་ཆོས་ལུགས་ལ་དད་ཞེན་ཆེ་བའི་སྐྱེ་བོ་ཤ་སྟག་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྩམས་པ་ཞིག་རེད་སྙམ་མོད། འོན་ཀྱང་རྒྱལ་པོ་དེ་ཉིད་བཀྲོངས་མཁན་ལྷ་ལུང་དཔལ་གྱི་རྡོ་རྗེར་ལོ་རྒྱུས་ཀྱི་ནག་ཉེས་ཡོད་མེད་ལ་དེ་ཙམ་མ་གཟིགས་པར་རྒྱལ་པོ་དེའི་ལོ་རྒྱུས་ཀྱང་རབ་རིབ་དང་གབ་སྦས་ལྟ་བུ་བྱས་འདུག

ལོ་ཤས་ཀྱི་སྔོན་ལ་ཕྲན་གྱིས་ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐོར་ལ་ཞིབ་འཇུག་ཕྲན་བུ་བྱས་པའི་སྡོམ་ཚིག་ཅིག་འདིར་དྲངས་ན‘‘ཀ་ཐོག་ཚང་གིས་གསུངས་པའི་ལོ་ཚིགས་དེའི་དབང་དུ་བྱས་ན། ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་སྤྱི་ལོ་༧༨༤ལོར་འཁྲུངས་པའམ་ཡང་ན་སྤྱི་ལོ་༧༨༦ལོར་གང་རུང་ཞིག་ཏུ་སྐུ་འཁྲུངས་པ་རེད། ང་ཚོས་ཁོང་གི་གཤེགས་ལོ་མི་ཤེས་ཀྱང་། བླ་ཆེན་དགོངས་པ་རབ་གསལ་བསྙེན་པར་རྫོགས་སྐབས་ཁོང་མདོ་སྨད་དུ་བཞུགས་ཡོད་པ་ལ་དོགས་པ་རྣམ་རྟོག་མེད། སྤྱིར་བླ་ཆེན་པོའི་འཁྲུངས་འདས་ཀྱི་ལོ་ཚིགས་སྐོར་ལ་བཞེད་པ་མང་ནའང་། སྐབས་འདིར་རྒྱལ་པོ་ཁྲི་རལ་པ་ཅན་གྱི་སྐྱིད་རྟག་ཅེས་པར་བསྟུན་ནས་བཤད་པའི་བླ་ཆེན་པོའི་འཁྲུངས་ལོ་དེ་སྤྱི་ལོ་༨༩༢ དང་འདས་ལོ་སྤྱི་ལོ་༩༧༥ལ་ངོས་འཛིན་བྱེད་རྒྱུ་ཡིན། དེར་བརྟེན་བླ་ཆེན་པོ་བསྙེན་པར་རྫོགས་དུས་ནི་སྤྱི་ལོ་༩༤༡རེད། དེས་ན་བླ་ཆེན་པོ་བསྙེན་པར་རྫོགས་སྐབས་ལྷ་ལུང་དཔལ་གྱི་རྡོ་རྗེ་དགུང་ལོ་༡༥༧ཡས་མས་ལ་ཕེབས་ཡོད་པ་དང་། སྐབས་དེར་ཁོང་དན་ཏིན་ཕྱོགས་ན་བཞུགས་ཤིང་། དེ་ནས་ཁམས་ཀློང་ཐང་ཕྱོགས་སུ་ཕེབས་པ་སོགས་ལ་རོབ་རྩིས་ཤིག་བརྒྱབ་ན་ལྷ་ལུང་དཔལ་གྱི་རྡོ་རྗེ་དགུང་ལོ་བརྒྱ་དང་དྲུག་ཅུའམ་ཡང་ན་བརྒྱ་དང་བདུན་ཅུ་ལྷག་ལ་བཞུགས་པ་འདྲ་བས། འདི་ན་གསང་བ་ཆེན་པོ་ཞིག་འདུག་ལ། ཕྲན་གྱིས་གོང་དུ་གླེང་ཟིན་པའི་ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐུ་ཚེའི་ལོ་རྒྱུས་འདི་ནི་གང་ཟག་གཅིག་གི་ལོ་རྒྱུས་སམ། ཡང་ན་གང་ཟག་གཉིས་ཀྱི་ལོ་རྒྱུས་ཡིན་མིན་གསལ་པོ་མི་ཤེས་པས་དོགས་པ་ཞིག་རང་ཤུགས་སུ་སྐྱེས་བྱུང་། དོགས་པ་ནི་དོགས་པ་རང་ཡིན་ལ། དོགས་པ་དེ་སེལ་བར་ད་དུང་དཔྱད་གཞིའི་ཡིག་ཆ་ཁུངས་བཙན་མ་རྙེད་པར་བརྟེན་རེ་ཞིག་རྩོམ་ཡིག་འདིའི་མཇུག་བསྡུས་པ་ཡིན་ནོ།’’[5]ཞེས་པ་འདི་ཡིན་ལ། ཁོང་གི་ལོ་རྒྱུས་རྒྱས་པ་དེ‘‘ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐུ་ཚེའི་ལོ་རྒྱུས་འཚོལ་ཞིབ’’ཅེས་པའི་རྩོམ་ཡིག་དེའི་ནང་བྲིས་ཡོད་པས་བསྐྱར་ཟློས་མ་བྱས་སོ།

དེ་ལ་འདིར་རྩོམ་ཡིག་འདིའི་ནང་ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་བསམ་ཡས་ཀྱི་མཁན་པོ་ཞིག་ཡིན་མིན་གྱི་སྐོར་ཏུན་ཧོང་ཡིག་ཆ་[3]ཞིག་ལ་རྐྱེན་བྱས་ཏེ་ཉུང་བསྡུས་ཤིག་གླེང་བར་འདོད། སྤྱིར་བཏང་ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་བསམ་ཡས་ཀྱི་མཁན་པོ་ཞིག་ཡིན་ཚུལ་ལོ་རྒྱུས་རྙིང་པ«སྦ་བཞེད»དང་། «ཡེར་པའི་དཀར་ཆག»གཙོས་པའི་ཕྱིས་བྱུང་གི་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཁག་ཏུ་མི་གསལ་མོད། མཁས་དབང་མཁར་རྨེའུ་བསམ་གཏན་ལགས་ཀྱིས‘‘ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐོར་ཆོས་འབྱུང་སོ་སོ་ནས་བཤད་སྟངས་མི་འདྲ་བ་ཡོད། འགའ་ཤས་ནས་གྲུབ་ཐོབ་ལྟ་བུ་དང་ཡང་འགའ་ཤས་ནས་སྔགས་བཙུན་ལྟ་བུ་ཞིག་ཡིན་པར་བཤད་མོད། ཁོང་ནི་སངས་རྒྱས་ཆོས་ལུགས་ཀྱི་གྲྭ་པ་ཞིག་ཡིན་པར་མ་ཟད་བསམ་ཡས་ཀྱི་མཁན་རབས་དགུ་པ་ཡིན་པ་གནའ་རབས་ཀྱི་ཡིག་ཆ་ཏུན་ཧོང་ཡིག་རྙིང་མའི་གྲས་ནས་བདག་གིས་རྙེད་བྱུང་།’’[6]ཞེས་དང་། ཁོང་གི་རྩོམ་ཡིག་གཞན་ཞིག་ཏུའང‘‘གནའ་བོའི་དཔྱད་ཡིག་ཅིག་ནང་དུ་སྦ་གསལ་སྣང་གིས་གཙོས་པའི་བསམ་ཡས་དགོན་གྱི་མཁན་པོའི་མིང་ཐོ་ཞིག་འདུག་པ་དེའི་ཁྲོད་དུ་ལྷ་ལུང་དཔལ་རྡོར་ཞེས་པའི་མིང་དེ་ཨང་དགུ་པར་བཞག་འདུག་པ་ལས་དེ་པ་ནི་བསམ་ཡས་དགོན་གྱི་མཁན་པོ་སྐུ་ཐོག་དགུ་པ་དེ་ཡིན་ཚུལ་བསྟན་ཡོད་དོ།’’[7]ཞེས་གསུངས་ཡོད། གསུང་བབ་འདི་ལ་བརྟེན་ནས་དེང་སང་ང་ཚོས་ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་བསམ་ཡས་ཀྱི་མཁན་པོ་ཞིག་ཡིན་པར་མ་ཟད་མཁན་རབས་དགུ་པ་ཡིན་པར་འདོད་ཀྱིན་ཡོད་ལ། ཏུན་ཧོང་ཡིག་ཆའི་སྐོར་ལ་ཞིབ་འཇུག་གནང་མཁན་ཕྱི་གླིང་གི་བོད་པ་བ་ Sam Van Schaik ལགས་ཀྱིས་ཀྱང་ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་བསམ་ཡས་ཀྱི་མཁན་རབས་དགུ་པ་ཡིན་ཚུལ་འདི་ལྟར“ Lhalung Palgyi Dorjee was the ninth abbot of Samye, the great temple built in the reign of Trisong Detsen.” [8]ཞེས་གསུངས་འདུག ད་དུང་དུས་དེབ་དང་དྲྭ་ལམ་ཁག་ཏུ་འདི་འབྲེལ་གྱི་རྩོམ་ཡིག་གང་མང་བྲིས་ཡོད་པ་མཐོང་ནའང་། དེ་དག་གིས་བཤད་པའི་ཁུངས་ལུང་ནི་གོང་དུ་དྲངས་པའི་ཚིག་དུམ་འདི་དག་ལ་བཅོལ་ཡོད་པས་འདིར་ལུང་ཚིག་གང་མང་འདྲེན་པའི་དགོས་པ་མ་མཆིས།

དེས་ན། མཁས་དབང་མཁར་རྨེའུ་བསམ་གཏན་ལགས་ཀྱིས་གཟིགས་མྱོང་བའི་ཏུན་ཧོང་ཡིག་ཆ་ནི‘‘ཏུན་ཧོང་ཡིག་ཆ། (ལ་ཝ་ལེ་པུ་སན་1962,No.689/2)’’ཞེས་པ་འདི་ཡིན་པ་འདྲ་ནའང་། ཁོང་གིས་སྤྱི་བམ་ཙམ་གྱིས་ཆོག་པར་གནང་སྟེ་ཏུན་ཧོང་ཡིག་ཆ་དེའི་ཚིག་དུམ་དེ་དག་དངོས་སུ་རྩོམ་ཡིག་ནང་དྲངས་མེད་སྟབས། ང་ཚོས་དོན་དངོས་སུ་ཏུན་ཧོང་ཡིག་ཆ་དེའི་ནང་ག་རེ་བཤད་ཡོད་མེད་ཤེས་ནུས་བྲལ། ཕྲན་གྱིས་ལྷ་ལུང་དཔལ་རྡོར་སྐོར་གྱི་རྩོམ་ཡིག་ཅིག་འབྲི་སྐབས་ཡིག་ཆ་དེར་མཇལ་འདོད་ཤིན་ཏུ་ཆེ་ཡང་མ་ཐོབ་ཀྱང་། དེ་ནས་བཟུང་ཡིག་ཆ་དེ་བཙལ་འཚོལ་བྱས་པ་ཡིན། སྟབས་ལེགས་པ་ཞིག་ལ་ཕྲན་ལ་ཐོབ་པའི་ཏུན་ཧོང་ཡིག་ཆ་དེའི་ཚིག་དུམ་དེ་དག་གསལ་པོར་དྲངས་ན་འདི་ལྟར། ‘‘བོད་ཡུལ་དུ་བྱུང་བའི་དགེ་བའི་བཤེསཉེན་གི་རྒྱུདཀྱི་རྣམ་གྲངས་ལ། རྒྱ་གར་གི་མཁན་པོ་བོ་དེ་སྦོ་དེ་སྦ་དྦ་ལས་བསྦོགས་པའི་སློབ་མ་ནི། དབའ་བཙུན་བ་ཡེ་ཤེས་དབང་པོ། དབའ་དཔལ་དབྱངས། ངན་ལམ་རྒྱལ་མཆོག་དབྱངས། འགོ་འབློམ་རྡོ་རྗེ་རྒྱལ་པོ། ཇེང་གསལ་རབ་རིན་པོ་ཆེ། མྱང་མཆོག་རབ་གཞོན་ནུ་མྱང་གཞག་མྱི་གོ་ཆ། གླེའུ་གཞོན་ནུ་སྙིང་པོ། ལྷ་ལུང་དཔལ་གི་རྡོ་རྗེ། ཆོག་རོ་དཔལ་གི་སེང་གེ། བོག་རོ་བྱམས་པའི་སེང་གེ། ཅོག་རོ་བྱམས་པའི་སེང་གེ། བོག་རོ་འཆོས་ཀྱི་བཤེས་ཉེས།  དེ་ལས་བསོགས་པ་ནི་བསམ་ཡས་དང་འཕྲུལ་སྣང་ཡན་བར་གྱི་དགེ་བའི་བཤེས་གཉེན་འལ་སྟོ(ལགས་སོ)། །’’[9]ཞེས་པ་འདི་རེད། ཕྲན་གྱིས་ཚོད་དཔག་བྱས་པ་ལྟར་ན་ཕལ་ཆེར་མཁས་དབང་མཁར་རྨེའུ་བསམ་གཏན་ལགས་ཀྱིས་གོང་དུ་གསལ་བའི་མཁན་ཆེན་བོ་ངྷི་ས་ཏྭའི་སློབ་མ་དང་དགེ་བའི་བཤེས་གཉེན་འདི་དག་ནི་བསམ་ཡས་ཀྱི་མཁན་པོ་ཡིན་པ་དང་། ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་ཡར་ནས་མར་བརྩིས་ན་དགུ་པར་(མཁན་ཆེན་ཞི་བོ་འཚོ་བསྣན་ན་དགུ་པ་དང་། དེ་མིན་བརྒྱད་པ་རེད)འཁེལ་འདུག་པས་མཁན་རབས་དགུ་པར་དགོངས་པར་སྙམ་མོད། འོན་ཀྱང་། འདི་དག་ནི་བསམ་ཡས་ཀྱི་མཁན་རབས་མ་ཡིན་ཚུལ་གཤམ་དུ་འཆད་པར་འགྱུར་རོ། །

གོང་གི་ཏུན་ཧོང་ཡིག་ཆ་འདི་ལ་མཇལ་ན་ལྷ་ལུང་དཔལ་གྱི་རྡོ་རྗེ་རབ་ཏུ་བྱུང་བའི་དགེ་སློང་ཞིག་ཡིན་པ་ཤེས་ནའང་། བོད་ཀྱི་ཆོས་འབྱུང་དཔེར་ན«སྦ་བཞེད།»དང་། «ལྡེའུ་ཆོས་འབྱུང་།» «མྱང་ཆོས་འབྱུང་།» «  བུ་སྟོན་ཆོས་འབྱུང་།» «ཡར་ལུང་ཇོ་བོའི་ཆོས་འབྱུང་།» མདོར་ན«དེབ་སྔོན»སོགས་ཀྱི་ནང་སད་མི་བདུན་གྱི་མཚན་སྣ་ཚོགས་མཆིས་པ་དེ་དག་གི་ནང་དུ་ལྷ་ལུང་དཔལ་གྱི་རྡོ་རྗེ་རབ་ཏུ་བྱུང་བའི་ལོ་རྒྱུས་མི་གསལ་བར་མ་ཟད། ཁོང་མཁན་ཆེན་ཞི་བ་འཚོ་ལས་རབ་ཏུ་བྱུང་ཡོད་མེད་ཀྱི་ལོ་རྒྱུས་ཀྱང་མི་གསལ། མཁན་ཆེན་ཞི་བ་འཚོར་མཚོན་ནའང་ཁོང་གི་སྐུ་ཚེའི་སྨད་དུ་བོད་ཀྱི་ཁྱིམ་པ་བ་ཚོར་རབ་བྱུང་གི་སྡོམ་པ་མནོས་པའི་ལོ་རྒྱུས་མཇལ་རྒྱུ་མེད་ལ། ཇོ་མོ་གཅེན་ཁྲི་རྒྱལ་མོ་བཙན་དང་སྲུ་བཙན་མོ་རྒྱལ་ལ་སོགས་པའི་མི་བརྒྱ་ལྷག་མཁན་པོ་སྦ་རཏྣ་ལས་རབ་ཏུ་བྱུང་བའི་ལོ་རྒྱུས་ཡོད།  ཕྱོགས་གཞན་ཞིག་ནས་བཤད་ན། «སྔོན་གྱི་གཏམ་མེ་ཏོག་ཕྲེང་བ»རུ“རྦ་གསལ་སྣང་དང་བདུན། མཁན་པོ་བོ་ངྷི་སཏྭ་ལས་རབ་ཏུ་བྱུང་ལ་ཤིན་ཏུ་བཟང་བར་བྱུང་སྟེ་རད་ན་ལས་སང་མི་གྲགས་སོ། དེ་ལས་གྱེས་ནས་བཙུན་མོ་གསུམ་གྱིས་དབུ་བྱས་པའི་འབངས་རལ་བ་ཅན་སུམ་བརྒྱ་དུས་གཅིག་ལ་རབ་ཏུ་བྱུང་།”[10]ཞེས་བོད་མི་སུམ་བརྒྱ་ལྷག་སྡེབས་གཅིག་ལ་རབ་ཏུ་བྱུང་བའི་ལོ་རྒྱུས་ཡོད་པས། དུས་ཚོད་ཀྱི་ཆ་ནས་བཤད་ན་ལྷ་ལུང་དཔལ་གྱི་རྡོ་རྗེ་སྐབས་དེ་འདྲ་ཞིག་ལ་རབ་ཏུ་བྱུང་དགོས་པ་འདྲ་ནའང་ད་དུང་ཁ་ཚོན་གཅོད་ཐུབ་པའི་སྤོབས་པ་མ་རྙེད། «ལྡེའུ་ཆོས་འབྱུང»ནང‘‘སད་མི་མི་བཅུ་གསུམ་རབ་ཏུ་བྱུང་།’’[11]ཞེས་འབྱུང་བར་བརྟགས་ན། གོང་གི་ཏུན་ཧོང་ཡིག་ཆར་གསལ་བའི་དགེ་བའི་བཤེས་གཉེན་འདི་དག་གི་གྲངས་ཀ་དང་ཏག་ཏག་མཐུན་པས་འདི་ལའང་བརྟག་དཔྱད་ཅིག་གནང་དགོས་པར་སྙམ།  གང་ལྟར། བསམ་ཡས་དང་འཕྲུལ་སྣང་ཡན་བར་གྱི་དགེ་བའི་བཤེས་གཉེན་འདི་དག་གི་མཚན་རེ་ཟུང་སད་མི་བདུན་དང་རྗེ་འབངས་ཉེར་ལྔའི་གྲས་སུའང་མཇལ་རྒྱུ་འདུག

ད་ཕན་བོད་ཀྱི་ཡིག་རྙིང་དང་ཆོས་འབྱུང་ཁག་ཏུ་བསམ་ཡས་ཀྱི་མཁན་རབས་རིམ་བྱོན་གྱི་མཚན་ཐོ་མཇལ་རྒྱུ་མེད་པས། བསམ་ཡས་ཀྱི་མཁན་རབས་རེ་རེ་ངོས་འཛིན་རྒྱུ་དེ་ལས་སླ་པོ་ཞིག་མ་ཡིན། འོན་ཀྱང་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་སྦ་གསལ་སྣང་རབ་བྱུང་བསྒྲུབས་ནས་བསམ་ཡས་ཀྱི་མཁན་པོར་བཞུགས་ཤིང་། མཁན་པོ་གཉིས་པོ་ནི་དབའ་དཔལ་དབྱངས་ཡིན་པའི་ལོ་རྒྱུས་ཀྱི་དཔེ་མཚོན་ཞིག་དྲངས་ན«སྦ་བཞེད»དུ‘‘དེ་དུས་རིང་ཞིག་ན་མཁན་པོ་བོབྷི་སཏྭ་ཕོ་བྲང་རིམ་དགུའི་འོག་ཁང་དུ་རྟས་ཕྲབ་(ཕྲ)རྒྱབ་སྟེ་ལམ་ཆེམས་ཡེ་ཤེས་དབང་པོ་ལ་བཞག་ཏེ་སྐུ་གཤེགས། དེའི་སྤུར་ཁང་ཧས་པོ་རིའི་རྒྱབ་ཏུ་བཞེངས་ནས་མཆོད་རྟེན་ཅིག་ཀྱང་བཞེངས། དེར་བཙན་པོས་ཡེ་ཤེས་དབང་པོ་རིང་ལུགས་སུ་བསྐོས་སོ།’’[12]ཞེས་དང་། ‘‘དེ་ནས་པྲ་ཏི་ཧ་ཏི་མཆོད་པ་བྱས་པའི་དུས་སུ་ཇོ་མོ་བཙན་ཁྲི་རྒྱལ་མོ་བཙན་དང་། སྲུ་བཙན་མོ་རྒྱལ་ལ་སོགས་པ་རྒྱ(བརྒྱ)རབ་ཏུ་བྱུང་བའི་མཁན་པོ་སྦ་རཎས་བགྱིས།’’[13]ཞེས་ཀྱང་འབྱུང་ལ། ‘‘དེ་ནས་ཉང་ལ་སོགས་པས་སྡིག་བསགས་པ་དེས་ཡེ་ཤེས་དབང་པོ་སྒོམ་པར་གསོལ་ཏེ་ཁྲོས་ནས་དབེན་ས་ལྷོ་བྲག་མཁར་ཆུ་བཙན་གྱི་བྲག་ཕུག་ཏུ་མཆིས་པའི་སླད་ན། ཤུལ་དུ་སྦ་དཔལ་དབྱངས་རིང་ལུགས་སུ་བསྐོས།’’[14]ཞེས་པ་འདི་དག་ལ་བསམ་ན་ང་ཚོས་བསམ་ཡས་ཀྱི་མཁན་རབས་དང་པོ་དང་གཉིས་པ་གཉིས་སུ་ཡིན་ཤེས་ཐུབ་མོད། དེའི་ཕྱིས་ཀྱི་མཁན་པོ་རིམ་བྱོན་གྱི་སྐོར་མི་གསལ། ཕྲན་གྱིས་སྦ་བཞེད་མི་འདྲ་བ་ཁག་ལ་ཞིབ་ཏུ་མཇལ་སྐབས། སྦ་ཡེ་ཤེས་དབང་པོ་དང་སྦ་དཔལ་དབྱངས་གཉིས་མཁན་པོར་བཞུགས་སྐབས་ཀྱང‘‘མཁན་པོ’’མིང་ཅན་གྱི་མི་ཡོད་པ་དཔེར་ན‘‘དབའ་བྲན་མཁན་པོ་མཉྫུས་ཤེས་རབ་འབུམ་ལྷ་སྲས་ཁྲི་སྲོང་ལྡེ་བཙན་རྗེ་འབངས་ལ་བཤད་པའི་ཚེ།’’[15]ཞེས་སྦ་བཞེད་དུ་འབྱུང་ལ། ཁོང་ནི་བསམ་ཡས་སྒྲ་བསྒྱུར་གླིང་དུ་ཆོས་ཀྱི་གླེགས་བམ་མང་པོ་བོད་ཡིག་ཏུ་སྒྱུར་མཁན་དེ་དག་གི་ཁྲོད་ཀྱི་གཅིག་རེད། སྐབས་དེར་སྦ་ཡེ་ཤེས་དབང་པོ་དང་སྦ་དཔལ་དབྱངས་གཉིས་སྐུ་འཚོ་བཞུགས་གནང་བཞིན་པའི་དུས་སྐབས་ཡིན་སྟབས། ‘‘དབའ་བྲན་མཁན་པོ་མཉྫུས’’ཞུ་བ་ནི་བསམ་ཡས་ཀྱི་མཁན་པོར་བཞུགས་སྲོལ་མེད་པ་ལྟ་བུ་ཆགས་ཡོད། འོན་ཀྱང་། སྦ་དཔལ་དབྱངས་སྐུ་གཤེགས་རྗེས་མཁན་པོ་མཚན་ཅན་གྱི་མིང་ཞིག«སྦ་བཞེད»དུ་འབྱུང་བ་ནི་‘“མཁན་པོ་ཤཱནྟི་དང་། སྦ་བཟའ་དགེ་ལྡམ་ལ་སོགས་པས་མངོན་པར་བྱང་ཆུབ་པར་སྔ་བཞིན་བཙུགས་སོ།”[16]ཞེས་པ་འདི་རེད་ལ། ཁོ་བོའི་བསམ་ཚུལ་ལྟར་ན་བསམ་ཡས་ཀྱི་མཁན་རབས་གསུམ་པ་ནི་མཁན་པོ་ཤཱནྟི་ཞུ་བ་འདི་མིན་ནམ་སྙམ།

གོང་གི་ཏུན་ཧོང་ཡིག་ཆར་གསལ་བའི་མི་བཅུ་གཉིས་སམ་ཡང་ན་མི་བཅུ་གསུམ་འདི་དག་བསམ་ཡས་ཀྱི་མཁན་པོར་བཞུགས་ཡོད་ཚེ། ངན་ལམ་རྒྱལ་མཆོག་དབྱངས་ནི་བསམ་ཡས་ཀྱི་མཁན་རབས་གསུམ་པ་ཡིན་དགོས་ཤིང་། ཁོང་གི་རབ་བྱུང་གི་མཚན་ལ་གླང་ཁམས་པ་སུ་གྷ་ཏ་ཝརྨ་རཀྴི་ཏ་ཞེས་གསོལ་ཡོད་པས། སྦ་དཔལ་དབྱངས་སྐུ་གཤེགས་རྗེས་བསམ་ཡས་ཀྱི་མཁན་པོ་དེ་ཁོང་ཡིན་དགོས་ནའང་། ཁོང་ལ་མཁན་པོ་ཞེས་པའི་མིང་སྦྱར་ཡོད་པ་མ་མཐོང་། དེ་བཞིན་དུ་ཏུན་ཧོང་ཡིག་ཆར་གསལ་བའི‘‘ཆོག་རོ་དཔལ་གི་སེང་གེ’’ཞུ་བ་འདི«སྦ་བཞེད»དུ་“བླའི་བཀའ་ལུང་བཞིན་དུ། སུམ་པ་ཁྲི་ལྡེ་བཞི་དགེ་བ་བཙུད། སློབ་མ་ཡང་བཎྡྷེ་གླང་སུ་ཀ་ངྷ་དང་། དཔལ་གྱི་སེང་གེ་དང་། ཨཱ་ཙརྱ་ལ་སོགས་པ་ལགས་ཏེ”[17]ཞེས་འབྱུང་བའི“དཔལ་གྱི་སེང་གེ”ཞུ་བ་དེ་ཡིན་ཚེ། དཔལ་གྱི་སེང་གེ་འདི་ཉིད་ཀྱང་སྦ་དཔལ་དབྱངས་སྐབས་ཀྱི་མི་ཞིག་རེད་ལ། དུས་ཚིགས་དེད་ན་ཁོང་ནི་ལྷ་ལུང་དཔལ་གྱི་རྡོ་རྗེའི་རྗེས་ཀྱི་བསམ་ཡས་ཀྱི་མཁན་པོ་ཞིག་ཡིན་པ་དང་། ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་ཅོག་རོ་དཔལ་གྱི་སེང་གེའི་གོང་རོལ་གྱི་མཁན་པོ་ཡིན་དགོས་པས། དེ་ལྟར་བྱས་ན་སྦ་ཡེ་ཤེས་དབང་པོ་དང་སྦ་དཔལ་དབྱངས་གཉིས་སྐུ་འཚོ་བཞུགས་གནང་བའི་སྐབས་སུ་ལྷ་ལུང་དཔལ་གྱི་རྡོ་རྗེ་བསམ་ཡས་ཀྱི་མཁན་པོ་བཞུགས་པ་ལྟ་བུ་ཆགས་ཡོད་པས། འདི་ལ་རྒྱུ་མཚན་ཆེན་པོ་ཡོད་པར་མ་མཐོང་། ཕྲན་གྱི་བསམ་ཚུལ་ལྟར་ན། གོང་གི་ཏུན་ཧོང་ཡིག་ཆར་གསལ་བའི་སྐྱེ་བོ་འདི་དག་ནི་བསམ་ཡས་ཀྱི་མཁན་པོ་མིན་པར་སྙམ་ལ། ཏུན་ཧོང་ཡིག་ཆར‘‘མཁན་པོ”ཞེས་པའི་མིང་ཟུར་ཙམ་ཡང་སྦྱར་མེད་པ་རེད།   ཕལ་ཆེར་སྐྱེ་བོ་འདི་དག་ནི་མཁན་ཆེན་ཞི་བ་འཚོའི་རིང་ལུགས་འཛིན་མཁན་གྱི་དགེ་སློང་ཁ་ཤས་ཡིན་པ་ཙམ་རེད། སྤྱིར་བཏང་ཞི་འཚོ་ཡབ་སྲས་གཉིས་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་འཛིན་མཁན་ཡིན་པ་དང་། སློབ་དཔོན་ཆེན་པོ་པདྨ་སམ་བྷ་བ་ནི་དབུ་མ་ཐལ་འགྱུར་བའི་ལྟ་བ་འཛིན་མཁན་ཡིན་པ་ཡོངས་གྲགས་ལྟ་བུ་ཡིན་པ་གང་ལྟར་ཡང་། ད་དུང་བརྗོད་གཞི་འདིའི་སྐོར་ལ་དཔྱད་པ་ནན་མོ་གཏོང་འདོད་ཀྱི་འདུན་པ་བརྟས་ནའང་། གནས་སྐབས་རིང་བསམ་ཡས་ཀྱི་མཁན་རབས་དག་དང་འབྲེལ་བའི་དཔྱད་ཡིག་མ་རྙེད་པས་རེ་ཞིག་བཞག་པ་ཙམ་མོ། །

[1] སྦ་བཞེད་ག་དུས་བརྩམས་སྐོར་ལ་རྩོད་པ་སྣ་ཚོགས་མཆིས་མོད། ༢༠༠༨ལོར་ཨིན་ཇིའི་རྒྱལ་ས་ལོན་ཊོན་ནས་འཚོགས་པའི་ཚོགས་ཆེན་དེའི་སྟེང་དུ་ Sam Van Schaik ལགས་ཀྱིས་ཏུན་ཧོང་ཡིག་ཆའི་ཁྲོད་ནས་སྦ་བཞེད་ཀྱི་ཤོག་དྲིལ་ཞིག་གཟིགས་འབུལ་ཞུས་པ་དེ་ལ་བརྟགས་ན་སྦ་བཞེད་ནི་བཙན་པོའི་དུས་སྐབས་ཀྱི་ཡིག་ཆ་ཞིག་ཡིན་ངེས་མོད། འོན་ཀྱང་ཕྱིས་སུ་ཡིག་ཆ་དེ་ལ་སྣོན་འཕྲི་བཏབ་པའང་ཟུར་བལྟས་ལེབ་མཐོང་ལྟ་བུའི་ཚུལ་དུ་ཡོད།

[2] ཀྲུང་གོའི་བོད་ཀྱི་ཤེས་རིག ༡༩༨༨ ལོའི་དེབ་བཞི་པ།

[3] ལྡེའུ་ཆོས་འབྱུང་། མཁས་པ་ལྡེའུ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༡ ཤོག་གྲངས ༣༥༣

[4] ས་སྐྱ་བཀའ་འབུམ། ཀུན་དགའ་སྙིང་པོ། ཤིང་དཔར་མ། བོད་བ་པར་བཞུགས།

[5] http://www.tsanpo.com/debate/3999.html

[6] མདའ་དང་འཕང་། སྟོད་ཆ། མཁར་རྨེའུ་བསམ་གཏན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ཤོག་གྲངས༡༤

[7] མདའ་དང་འཕང་། སྟོད་ཆ། མཁར་རྨེའུ་བསམ་གཏན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ཤོག་གྲངས ༡༥༧

[8]  Tibet: A History. Sam Van Schaik. Yale University Press. Publication 2011. P 46

[9] ཏུན་ཧོང་ཡིག་ཆ་འདི་ནི་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་དགེ་རྒན་ཆེན་མོ་རྨེ་རུ་ཡུལ་ལྷ་ཐར་ལགས་ཀྱིས་ཕྲན་ལ་མཁོ་སྤྲོད་གནང་བྱུང་བར་བཀའ་དྲིན་ཆེ་ཞུ།

[10] བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ། བོད་ལྗོངས་ཡིག་རྙིང་དཔེ་སྐྲུན་ཁང་། ༡༩༩༠  ཤོག་གྲངས་ ༢༡ དང་ ༢༢ བར་གསལ།

[11] ལྡེའུ་ཆོས་འབྱུང་། མཁས་པ་ལྡེའུ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༡ ཤོག་གྲངས། ༣༥༣

[12] སྦ་བཞེད། སྦ་གསལ་སྣང་། མི་རིགས་དཔེ་སྐྲུན་ཁང་། ༡༩༨༠  ཤོག་གྲངས ༦༢

[13] སྦ་བཞེད་ཕྱོགས་བསྒྲིགས། བདེ་སྐྱིད་ཀྱིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས ༤༥

[14]  སྦ་བཞེད། སྦ་གསལ་སྣང་། མི་རིགས་དཔེ་སྐྲུན་ཁང་། ༡༩༨༠  ཤོག་གྲངས ༦༤

[15] སྦ་བཞེད། སྦ་གསལ་སྣང་། མི་རིགས་དཔེ་སྐྲུན་ཁང་། ༡༩༨༠  ཤོག་གྲངས ༦༠

[16] སྦ་བཞེད། སྦ་གསལ་སྣང་། མི་རིགས་དཔེ་སྐྲུན་ཁང་། ༡༩༨༠  ཤོག་གྲངས ༨༡

[17] སྦ་བཞེད། སྦ་གསལ་སྣང་། མི་རིགས་དཔེ་སྐྲུན་ཁང་། ༡༩༨༠  ཤོག་གྲངས ༧༩