ཡང་ཧན་ཅོན་གྱིས་བརྩམས།  རོང་བོ་གངས་དཀར་གྱིས་བསྒྱུར།

  ཟླ་བ་གཉིས་ཀྱི་སྔ་རོལ་ཏུ་བདག་གིས་༼གཏན་བྲལ་བྱ། ཁ་ཊ་ཧྥེ།༽ཞེས་པའི་རྩོམ་ཡིག་བྲིས་རྗེས། དྲ་གྲོགས་འགའ་ཤས་ཀྱིས་ལེ་བདའ་བྱེད་བཞིན་ཁྱོད་ཀྱིས་བྲིས་པ་སྔ་སོང་ཁ་ཊ་ཧྥེ་ད་དུང་འདས་ལོག་འབྱུང་ངེས་ཟེར། དོན་དངོས་ཐོག་བདག་གི་བྲིས་པ་སྔ་མེད་དེ། ལོ་ངོ་བརྒྱའི་སྔ་རོལ་ཏུ་འཛམ་བུ་གླིང་དུ་བརྒྱ་ཆའི་དགུ་བཅུ་ཡན་གྱི་རྒྱལ་ཁབ་དག་ནི་སྒེར་གཅོད་པ་མེ་མདའི་ཁ་ནས་སྲིད་དབང་སྐྱོང་མཁན་ཡིན་ལ། ལོ་ངོ་ལྔ་བཅུའི་རིང་འདིར་བརྒྱ་ཆའི་ལྔ་བཅུ་མར་ལ་འགྲིབ་ནས་ད་ལྟའི་ཆརའཛམ་བུ་གླིང་འདིར་བརྒྱ་ཆའི་བཅུ་ཡི་སྒེར་གཅོད་སྲིད་དབང་འཛིན་མཁན་ལས་ལྷག་མེད་པས།  བླ་མེད་འཕོ་འགྱུར་གྱི་གནས་སྟངས་འདི་འདྲའི་འོག་ཏུ། བདག་གིས་སྒེར་གཅོད་པ་སུ་དང་གང་ལའང ་་གཏན་བྲལ་བྱ་་ ཟེར་བའི་རྩོམ་ཡིག་བྲིས་ཆོག་ཆོག་ཡིན་ལ། དེ་ནས་ངལ་གསོས་ཏེ་ཁོ་ཚོ་ཇི་ལྟར་འཇིག་པར་ལྟད་མོ་བལྟས་ཆོག སྒེར་གཅོད་པ་དག་ནི་མི་དམངས་ཀྱིས་ཡུན་རིང་པོར་སྒུག་མི་སྲིད་ལ། འབྱུང་འགྱུར་ལོ་རྒྱུས་ཀྱི་ཁྱོད་ལ་རེ་བ་ཚིམ་ཏུ་འཇུག་ངེས།

      ཁ་ཊ་ཧྥེ་ཡི་ཁྲག་གིས་སྦགས་པའི་ངོ་གདོང་མཐོང་དུས། ཁོས་སྔོན་ཏག་ཏག་བཤད་པའི་སྐད་ཆ་དག་ད་དུང་ཡང་རྣ་ལམ་ནས་ཡལ་མེད་དེ། ཁོས་རང་རློམ་ང་རྒྱལ་གྱིས་ཁེངས་པའི་སྒོ་ནས་ནུབ་ཕྱོགས་གསར་འགོད་པའི་སྡེ་ལ་བཤད་རྒྱུར། ང་རང་སྲིད་སྟེགས་ལས་ཕབ་འདོད་དམ། སུས་ང་རང་བསྒྱེལ་དགོས་པ་རེད། ལིས་པིས་ཡ་མི་མང་ང་ལ་དགའ་བོ་ཡོད་་་་་་་ ད་ཆ།  ཁོས་ཁ་ནས་འཐོར་པའི་དགའ་བོ་ཡོད་པའི་མི་མང་གིས་ཁོ་ནི་ཆིས་འོ་སེ་སི་བཞིན་དམར་རྫོབ་སེ་ཉོག་གིས་བཏང་ཡོད་ལ། དེས་ཀྱང་འདོད་པ་མ་ཁེངས་པར་དུས་ཆེན་ཞིག་ལ་རོལ་བ་ལྟར་རྒྱ་སྲང་གི་ཕྱོགས་ཀུན་ཏུ་གླུ་ལེན་གར་རྩེད་ལ་རོལ་བ་རེད།

     ཚུལ་ལྡན་སྤྱི་ཚོགས་ལ་ཡིག་ངོར་མེད་པའི་གཏན་འཁེལ་ཞིག་ཡོད་དེ། གཤེད་མ་ནག་པོ་བསྟུད་མར་མི་གསོད་མཁན་དེ་ཁྲིམས་ཀྱིས་གསོད་ཁྲིམས་ལ་ཕབ་ཀྱང་། ཁོག་ནས་དགའ་སྤྲོ་སྐྱེས་མཁན་ཡོད་སྲིད་ལ། དགའ་སྟོན་བཤམས་པ་ནི་ཧ་ལམ་དཀོན། རྒྱུ་མཚན་ནི་མི་སྲོག་ལ་ཐུག་པའི་དོན་དག་ཡིན་པས་སུ་ཞིག་ནི་ཕ་མ་ལས་མ་སྐྱེས་པ་ཡིན།  ཡིན་ན་ཡང་། ཚུལ་ལྡན་གྱི་གཏན་འཁེལ་འདི་ལིས་པི་ཡ་ལ་བཀོལ་ན་མི་འཛའ་ལ། ཀླ་ཀློ་སྒེར་གཅོད་པའི་ལག་ནས་གསར་ཏུ་ཐར་བའི་ལིས་པི་ཡ་མི་མང་ལ་ཤིན་ཏུ་མི་འཛའ་བ་ཡིན། འཛམ་གླིང་མི་མང་གིས་ཀྱང་ཁོ་ཚོའི་ཁོག་གི་སྡུག་ཤེས་ཤིང་། སྒེར་གཅོད་པ་ཞིག་གི་འཆི་བ་ནི་ཞི་བདེ་དང་རང་དབང་ལ་དགའ་བའི་མི་མང་གི་དུས་ཆེན་ནི་ཡིན་ངེས་ངེས་ཡིན་དེ། སྒེར་གཅོད་པ་རེ་རེ་བཞིན་སྲིད་སྟེགས་ལས་མར་ཕབ་ཅིང་འཇིག་པར་གྱུར་ཚེ། མིའི་རིགས་ནི་མི་སྒེར་བ་ཞིག་འཆི་བ་ལ་དགའ་འབོད་བྱེད་དོན་མེད་ལ། སའི་གོ་ལ་ནི་སྔར་ལས་ཚུལ་ལྡན་གྱི་ངོ་བོར་འགྱུར་བར་ཐག་མི་རིང།

   མི་ལ་ཤས།་་་་་་ ལྷག་པར་ཏུ་ཀྲུང་གོའི་མི་ལ་ཤས་ཀྱིས་མི་མང་དང་སྒེར་གཅོད་པའི་བར་གྱི་ཞེ་འཁོན་དེ་གསལ་བོ་ཤེས་ཀྱིན་མེད་ལ།  སྒེར་གཅོད་དང་མང་གཙོ་བར་གྱི་འབྲེལ་བ་དེ་ཡང་གསལ་བོ་ཤེས་ཀྱིན་མེད། དེའི་སྟབས་ཀྱིས། བདག་གིས་ལྟ་ཚུལ་གསུམ་འདོན་ལ་ཀུན་པོའི་བསམ་གཞིག་བྱེད་པར་ཞུ།

   དང་པོ། མི་མང་གིས་སྒེར་གཅོད་པར་བཅངས་པའི་ཞེ་འཁོན་དེ་མང་གཙོ་དང་འབྲེལ་བ་ཡོད་ཅེས་གཏན་འཁེལ་བྱེད་མི་ཐུབ་ལ། རྒྱ་སྲང་ལ་བླུགས་པའི་མི་མང་མང་ཚོགས་ཕལ་ཆེ་བས་མང་གཙོའི་དགེ་མཚན་མི་ཤེས་ཤིང་། ཁོ་ཚོའི་བྱེད་སྟངས་ནི་སྒེར་གཅོད་ལམ་ལུགས་ལ་བཟོད་བསྲན་བྱེད་ཐབས་བྲལ་པ་ཁོ་ནའི་དབང་གིས་ཡིན། སྔོན་གྱི་ལོ་ངོ་བརྒྱའི་རིང་གི་སྒེར་གཅོད་སྲིད་དབང་འགོ་རྟིང་སློག་པའི་ལོ་རྒྱུས་ལས་གསལ་བ་ལྟར། བདེ་བ་ཅན་ལྟ་བུའི་མང་གཙོའི་ལམ་ལུགས་ཀྱིས་ག་ཤེད་ན་སྒུག་ཡོད་པས། ད་གཟོད་མི་མང་མང་ཚོགས་ཀྱིས་སྒེར་གཅོད་ལམ་ལུགས་འགོ་རྟིང་སློག་པ་ནི་གཏན་ནས་མ་ཡིན།  གནད་འདི་ནི་རྒྱལ་ཁབ་ལ་ཤས་ཀྱི་ཤེས་ལྡན་མི་སྣ་ལ་ཤིན་ཏུ་གལ་ཆེ་སྟེ། ཁོ་ཚོས་སྒེར་གཅོད་ཀྱི་ཐ་ཤལ་ངོས་མ་ཟིན་པ་མིན་ལ། མང་གཙོའི་དགེ་མཚན་མ་མཐོང་པའམ་མཐོང་ཡང་གསལ་བོར་མ་རྟོགས་པས་ཡིན། དེའི་སྟབས་ཀྱིས་ཁོ་ཚོ་སྒེར་གཅོད་དང་ཁྱི་སྤྱང་མཉམ་འབྲེལ་བྱ་ལ། ད་དུང་གནས་ལུགས་ཡོད་མདོག་གིས་བྲན་འཁོལ་དེ་བླ་མེད་དུ་བརྩི་བར་བྱེད།

    གཉིས་པ། སྒེར་གཅོད་འགོ་རྟིང་སློག་པ་ནི་མང་གཙོའི་ལམ་ལུགས་བཙུགས་པ་གཞར་ཡང་མིན། མགོ་མི་ཚོས་པའི་ཤེས་ལྡན་པ་ལ་ལས་རྒྱུན་ཏུ་མང་གཙོའི་རྙོག་ཟིང་སྤྱད་ནས་སྒེར་གཅོད་འགོ་རྟིང་སློག་པ་ནི་མི་འོས་པ་དང་། དུས་ལ་མ་བབ་ཅེས་ཀོ་བསྐོན་བྱེད་པར་སྤྲོ་ལ། དེ་ནི་ཁོ་ཚོའི་ལོ་རྒྱུས་ཀྱི་བླ་མེད་འཕོ་འགྱུར་མ་མཐོང་བས་ལན་ཞིང། མིའི་རིགས་ཀྱི་དགེ་ཕྱོགས་བདེན་མཐོང་གི་ནུས་ཤུགས་ག་འདྲ་ཡིན་པ་ཧ་མ་གོ་བ་རེད། མང་གཙོ་ནི་རྒྱང་རིང་ཏུ་ཆུག་ཀྱང་། སྒེར་གཅོད་འགོ་རྟིང་མ་སློག་ན་དེ་ལས་ཀྱང་རྒྱང་རིང་ཐག་རིང་ཏུ་བྱེར་འགྲོ་བ་ཡིན། སྒེར་གཅོད་ལམ་ལུགས་ནི་འཛམ་པའི་གླིང་འདིར་ཐ་ཤལ་བའི་ལམ་ལུགས་ཡིན་ལ། དེ་བསྒྱེལ་རྗེས། མི་མང་གིས་ད་གཟོད་གཞན་པ་གཞན་པའི་བདམ་གསེས་ཡོད་པར་གྱུར་ལ། རྒྱལ་ཁབ་དེ་ལ་གཞི་ནས་མདུན་ལམ་ཡོད་པ་ཡིན།

   ཡིན་དེ། ང་ཚོས་གསལ་བོར་རྟོགས་དགོས་པ་ཞིག་ལ། ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་། རིག་གནས་དང་ཆོས་ལུགས་སོགས་ཀྱི་གནས་རྐྱེན་འོག སྒེར་གཅོད་འགོ་རྟིང་སློག་པ་ན་མང་གཙོའི་ལམ་དུ་སྐྱོད་པ་མ་ཡིན་ལ། སྒེར་གཅོད་གཞན་ཞིག་གི་ངོ་བོར་འགྱུར་བ་ཡང་ཡོང་སྲིད། དབུས་ཤར་ས་རྒྱུད་ལ་མཚོན་ན། ནུབ་ཕྱོགས་ནས་མཆེད་པའི་མང་གཙོའི་ཆབ་སྲིད་ལམ་ལུགས་ནི་ས་འདི་ནས་འགྲུབ་ཁག་པོ་རེད་ལ། ས་ཁུལ་འདིའི་མང་གཙོའི་ལམ་ལུགས་ཆགས་ཡོད་འདོད་པའི་ཐུ་ཁེ་རྒྱལ་ཁབ་ལ་དཔེར་བླངས་ཀྱང་། ཕྱོགས་གང་ཐད་ནས་གནད་དོན་མང་པོ་ཞིག་ཐག་མ་ཆོད་པར་ད་ལྟའི་བར་ལུས་ཡོད་པ་རེད།  འདིའི་སྟེང་ནས་བཤད་ན། རུའུ་ལུགས་ཀྱི་ཤན་ཆེ་བའི་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ལ་མང་གཙོའི་ལམ་ལུགས་འཕྲོད་བཞིན་ཡོད་གདའ་སྟེ། མིག་སྔར་འཇར་པན་གྱི་མང་གཙོའི་ལམ་ལུགས་ནུབ་ཕྱོགས་པའི་རྒྱལ་ཁབ་ལས་བརྒལ་ཡོད་པ་དང་། ཀོ་རི་ཡ་བྱང་མའི་མང་གཙོ་རིམ་བཞིན་ཇེ་ལེགས་སུ་སོང་ནས། མ་མཐའ་ཡང་ཀོ་རི་ཡ་ལྷོ་མར་བསྡུར་ན་གནམ་སའི་ཁྱད་པར་ཤོར་བ། དེ་ལས་ཀྱང་གླེང་རི་བ་ཞིག་ནི་ཀྲུང་གོ་ཐེ་ཝན་ས་ཁུལ་ཡིན་ཞིང་། དེ་རུ་མང་གཙོ་ལག་བསྟར་བྱས་ནས་ལོ་ཉི་ཤུ་ལས་འགོར་མེད་ཀྱང་། ཨེ་ཤ་ཡ་ཙམ་མ་ཟད་འཛམ་བུ་གླིང་གི་དཔེ་ལེན་འོས་པ་ཞིག་འཁྱོངས་ཡོད།  ས་ཁུལ་ལ་ཤས་ཀྱི་མགྱོགས་མྱུར་རང་བཞིན་གྱིས་ལག་བསྟར་བྱས་ནས་ལོ་ངོ་ཉིས་བརྒྱ་སུམ་ཅུ་སོང་བའི་ཨ་རི་ལ་ངོ་ཚར་གཏོད་པ་ཡང་ཡོད་པ་རེད།

    གསུམ་པ། སྒེར་གཅོད་ལམ་ལུགས་ནི་གློ་བུར་བསྒྱེལ་བ་ཡིན་ལ། མང་གཙོའི་ལམ་ལུགས་ནི་ཉིན་གཅིག་ལ་བཞེངས་ནས་འགྲུབ་པ་མིན། སྒེར་གཅོད་པས་མིའི་གཤིས་ལུགས་དང་འགལ་ནས། མིའི་བསམ་སྤྱོད་ལས་འདས་ནས། ཕྱི་ཚུལ་ཇི་ལྟར་ཡིད་སེམས་འབབ་པ། ཕྱི་ཚུལ་ཇི་ལྟར་རྒྱན་སྤྲོས་ཆེ་བ། ཇི་ལྟར་དྲིལ་བསྒྲགས་ཡོ་བྱད་སྣ་ཚོགས་བཀོལ་ནས་མི་མང་ཁོ་ཚོར་དགའ་བོ་ཡོད་པའི་སྣང་བརྙན་རྫུན་མ་བསྐྲུན་ཀྱང་། འཇིག་དགོས་པའི་ལས་དབང་ལ་གཟུར་ཐབས་མེད་ལ། འཇིག་དགོས་པའི་རྒྱུ་རྐྱེན་ནམ་འོང་ཆ་མེད་ཡིན། འདི་ལས་ང་ཚོས་ཤེས་པ་ནི་མི་ཚང་མས་སྒེར་གཅོད་ལམ་ལུགས་ངེས་པར་གཏན་བྲལ་བྱེད་ངེས་པ་རྟོགས་ཀྱང་། མི་སུས་ཀྱང་ཁོ་ཚོའི་ཚེ་ཚད་འདིའོ་ཞེས་ཁ་ཚོན་གཅོད་མི་ནུས། དགའ་དགོས་པ་ནི་ངེས་པར་འགྱེལ་འགྲོ་བ་དེ་ཡིན་ཞིང་། དེ་ནི་ང་ཚོའི་བློ་ཡིད་ལ་ཤར་བའི་དུས་དེ་འམ་ཡང་ན་བློ་ཡིད་ལས་འདས་པའི་དུས་དེ་ཡིན་ཡང་སྲིད།

   འོན་ཀྱང་། རྒྱུ་རྐྱེན་མང་པོ་ཞིག་དང་ལྷག་པར་དུ་སྒེར་གཅོད་ལམ་ལུགས་གིས་རྒྱལ་ཁབ་དང་མི་རིགས་ཀྱི་སྲོལ་ཆ། རིག་གནས་བཅོམ་བརླག་བྱས་འབྲས། སྒེར་གཅོད་པ་བསྒྱེལ་ཡང་། སྒེར་གཅོད་ལམ་ལུགས་ཀྱི་བསམ་བློ་ད་དུང་ཡང་མི་རབས་གཅིག་གམ་མི་རབས་ཁ་ཤས་སུ་གནས་འགྲོ་བ་ཡིན། མང་གཙོའི་ལམ་ལུགས་ཀྱི་བཞེངས་བསྐྲུན་ལའང་འགོག་ཤུགས་ཚད་མེད་ཐེབས་འགྲོ་བ་ཡིན། དེ་ལྟ་ནའང་། མང་གཙོ་ལས་སྒེར་གཅོད་མོས་ཞེས་ཤུགས་རིང་འབྱིན་མཁན་དག་གིས་མིག་གདེང་ནས་ལྟ་དགོས་པ་ཞིག་ནི། འཛམ་བུ་གླིང་འདིར་ལོ་ངོ་བརྒྱའི་རིང་རང་དབང་བདམ་གསེས་འཐོབ་པའི་རྒྱལ་ཁབ་དང་མི་མང་གིས་སླར་ཡང་སྒེར་གཅོད་ལམ་ལུགས་ལ་ལྡོག་པ་མེད་ལ། མང་གཙོའི་ལམ་ལ་མ་སྐྱོད་པའི་མི་རིགས་ཁག་གིས་མགོ་བོ་བཏོན་ནས། ཁྲག་དམར་མཆོད་དེ། ཤི་ཡང་ནམ་གཞར་འགྱོད་པ་མི་བྱེད་དོ། །

   འདས་པའི་ལོ་ངོ་བརྒྱའི་རིང་གི་སྒེར་གཅོད་དང་མང་གཙོའི་འགྱུར་ལྡོག་སྣ་ཚོགས་པས་ང་ཚོ་ལ་ཡིད་ཆེས་དང་བསམ་གཞིག་སྤྲད་ཡོད་དེ། སྒེར་གཅོད་པ་གསོད་པ་ནི་སླ་ཡི། མང་གཙོའི་ལམ་ལུགས་འཛུགས་པ་ནི་ལས་སླ་བོ་མ་ཡིན། གལ་ཏེ་དབུས་ཤར་ས་ཁུལ་གྱི་མོ་ལིས་མེ་ཏོག་གི་གསར་བརྗེ་ནི་མི་མང་མང་གཙོར་མོས་པ་དང་སྒེར་གཅོད་པ་བསྒྱེལ་བའི་རེ་འདོད་ཡིན་ན། ཨ་རིའི་ཧྭ་འར་སྲང་ལམ་འཛིན་པ་ནི་མི་མང་གིས་མང་གཙོ་འཕེལ་རྒྱས་དང་འཐུས་ཚང་དུ་གཏོང་བའི་བྱེད་སྒོ་ཡིན། མང་གཙོའི་ལམ་ལུགས་ལ་རང་ཉིད་འཐུས་ཚང་དུ་གཏོང་པའི་ནུས་ཤུགས་ལྡན་ལ། རང་ཉིད་འཐུས་ཚང་ཏུ་གཏོང་བའི་ལམ་བུ་ཡངས། ལྡོག་སྟེ། སྒེར་གཅོད་པས་དབང་ཆ་ཚད་མེད་དུ་འཆིང་ནས་ལག་ཟུང་ལྷོད་མ་ཐུབ་ཚེ། ཁོ་ཚོ་ཆི་འོ་སེ་སི་ཁོ་དང་། ས་ཏ་མོ། ཁ་ཊ་ཧྥེ་ལྟ་བུར་འགྱུར་བ་ལས་ལམ་གཞན་པ་བདམ་རྒྱུ་མེད།

       ༢༠༡༡ ༡༠ ༢༡ཉིན།

  མ་རྩོམ་ལ་གཟིགས་ན། http://blog.sina.com.cn/s/blog_48c00fbb0102dxyd.html