ཁྲག་ཐིགས།

མི་ཟེར་བ་འདིས་དུས་དང་དུས་སུ་རང་གི་དགའ་ཁ་འཁྱེར་ཕྱོགས་ཀྱི་ཆགས་སྡང་དེའི་དབང་གིས་གནས་ལུགས་གང་ཞིག་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་སྒོ་ནས་བསྒྲིབ་ཀྱིན་འདུག དེ་བས། ལྟ་ཚུལ་དང་བསམ་ཚུལ་གང་ཞིག་ཡི་གེར་ཕབ་པའི་སྐབས་སུ་ཡང་གནས་ལུགས་དང་བདེན་ལུགས་གཙོ་བོར་མི་འཛིན་པར་རང་གི་ལངས་ཕྱོགས་ཡ་མ་བརླ་ཞིག་དང་ཆགས་སྡང་གི་ཕྱོགས་སུ་རྟག་པར་འགྲེང་རྩིས་འདུག དེ་ནི་རྟག་པར་རང་གཞན་ཚང་མས་མཉམ་འཇོག་གནང་དགོས་ས་གཙོ་བོ་ཞིག་ཏུ་འདོད་དེ། དེ་ལྟའི་ལྟ་ཚུལ་རྣམས་མ་དག་རྒྱུན་འབྱམས་སུ་གྱུར་པས་རྟག་མཐའ་དང་ཆད་མཐའ་ཟེར་བའམ་ལྟ་ཚུལ་དང་བསམ་ཚུལ་ཐལ་དྲགས་པ་འབྱུང་གིན་ཡོད་པ་ལོས་ཡིན། འདི་ནི་ཆེས་ཐོག་མར་བདག་གིས་གླེང་བསམ་པ་དེ་ཡིན།

གཅིག བདག་གིས་རྩོམ་ཚན་གསུམ་པར་གླེང་ཟིན་པ་ལྟར། ནུབ་ཕྱོགས་སུ་མི་སྒེར་རིང་ལུགས་དང་རང་དབང་རིང་ལུགས་དར་དོན་ནི་སྐབས་དེའི་སྤྱི་ཚོགས་ཁྲོད་དུ་སྐུ་དྲག་དང་རྒྱལ་པོ་རྗེ་རིགས་སོགས་ཀྱིས་དམངས་ལ་ཁྲལ་དངུལ་རིགས་བསྡུ་གྲངས་མང་པ་དང་།མང་ཚོགས་སྐུ་དྲག་སོགས་སྐབས་དེའི་མཐོ་རིམ་མི་སྣ་དག་གི་འདོད་འདུན་བསྒྲུབ་པའི་ལག་ཆར་བཀོལ་པ་ཐལ་དྲགས་པས་རེད། དེ་བས། འུ་ཚོས་ཤེས་གསལ་ལྟར་དུ་མི་སྒེར་རིང་ལུགས་པ་དང་རང་དབང་རིང་ལུགས་པ་དེ་དག་གི་ཁ་གཏད་ཡུལ་ནི་སྲིད་གཞུང་ཡིན་པ་མངོན་གསལ་རེད། ཡིན་ཡང་། འུ་ཚོས་མི་སྒེར་རིང་ལུགས་སུ་བཏགས་པ་དག་གིས་རང་གི་མི་རིགས་ཀྱི་དོན་དག་མ་ཟད། ཐ་ན་རང་གི་སྡེ་བའི་དོན་དག་ཐད་ལ་ཡང་འགན་འཁུར་ནུས་པ་གང་ཞིག་ཁུར་གྱིན་མེད་པ་མིན་ནམ། དེ་ལ་དོན་དངོས་དང་མཐུན་པའི་བསམ་བློ་གཏོང་བར་བྱ།

གཉིས། མི་ཚང་མ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་རེད། འོན་ཏེ། ཡི་གེ་མི་ཤེས་པའམ་ཤེས་རབ་ཀྱི་རྨོངས་པ་ལས་མ་སད་པའི་མི་རྣམས་ཀྱིས་རང་ཉིད་ཁོ་ན་བདེ་བར་བརྩོན་ཏེ།མཚམས་དང་སྐབས་མང་པོར་གཞན་གྱི་སྡུག་བསྔལ་ཁྲོད་ནས་རང་གི་བདེ་སྐྱིད་ལེན་པར་བརྩོན་པ་རེད། འདི་ནི་དམའ་རིམ་སྲོག་ཆགས་དང་སྒེར་སེམས་པ་དག་གི་གཤིས་སྤྱོད་རེད། ཡི་གེ་ཤེས་པའམ་ཤེས་རབ་དང་གནས་ལུགས་ཀྱི་དོན་དག་ཧ་གོ་པ་རྣམས་ཀྱིས་རང་གཞན་གཉི་ག་བདེ་བའམ་མ་མཐར་ཡང་རང་གི་སྡེ་བ་དང་མི་རིགས་ཀྱི་བདེ་སྐྱིད་ལ་བརྩོན་ཏེ། སྐབས་དང་སྐབས་སུ་རང་ཉིད་ཀྱི་ཚེ་སྲོག་ལ་ཡང་འཇིག་པ་འབྱུང་སྲིད་པ་ཡིན། འདི་ནི་མཐོ་རིམ་སྲོག་ཆགས་སམ་ཤེས་ཡོན་ཅན་དང་ཤེས་ཡོན་པའི་གཤིས་སྤྱོད་རེད། དེ་བས། འུ་ཚོས་གསལ་བོར་ཤེས་པ་ཞིག་ནི། འཛམ་གླིང་ཤར་ནུབ་དང་གནའ་དེང་གི་ཤེས་ཡོན་ཅན་རྣལ་མའི་རིགས་ཀྱིས་ནི་མི་རིགས་དང་སྤྱི་ཚོགས་ཀྱི་བདེ་སྐྱིད་ཀྱི་ཕྱིར་དུ་གནས་བབ་ལ་འགན་གང་ཞིག་ཁུར་ཏེ། ཐ་ན་སོ་སོའི་ཚེ་སྲོག་གིས་འགྲོ་གྲོན་ཡང་བཏང་སྟེ་ཡོང་པ་རེད། འོ་ན།འུ་ཚོའི་མི་སྒེར་རིང་ལུགས་པ་དང་རང་དབང་རིང་ལུགས་པ་རུ་བཏགས་པ་དག་གིས་གནས་བབ་ལ་འགན་འཁུར་གྱིན་འདུག་གམ། དེ་ཡང་བསམ་དགོས་པ་ཞིག་རེད།

གསུམ། འུ་ཚོ་བོད་མིས་མཚོན་པའི་ཀྲུང་གོའི་མངའ་འོག་ཏུ་གནས་པའི་གྲངས་ཉུང་མི་རིགས་དག་ཕྱིའི་བཙན་འཛུལ་དང་དུས་རབས་ཀྱིས་རྐྱེན་པས་འཇིག་ལ་ཉེ་བ་དང་། ནང་གི་ཉེན་ཚབ་ཀྱི་འདུ་ཤེས་ཉམས་པ་དང་གཞན་འགྱུར་གྱི་དགེ་སྐྱོན་མ་ཤེས་པས་གྲངས་ཉུང་མི་རིགས་དག་གནས་མིན་དང་འཇིག་པ་ལ་ཕྱོགས་པའི་གནས་བབ་འདི་འདྲའི་འོག་ཏུ་མི་རིགས་རིང་ལུགས་ཀྱི་ལྟ་ཚུལ་འཛིན་མི་འོས་པ་ཞིག་མ་ཡིན་པར། དེ་ནི་ཅིས་ཀྱང་འཛིན་འོས་པ་དང་འཛིན་དགོས་པ་ཞིག་ཀྱང་ཡིན་པ་རེད། ལེ་ཉིན་གྱིས་གསུངས་པ་ལྟར་དུ། མི་རིགས་ཆེན་པོའི་རིང་ལུགས་ནི་ཕར་རྒོལ་དང་བཙན་འཛུལ། བྲན་བཀོལ་སོགས་ཀྱི་རང་བཞིན་དུ་ངེས་པས།དེ་ལ་དྲང་བདེན་གྱི་ངོ་བོ་ལྡན་པ་མིན། མི་རིགས་ཆུང་བའི་རིང་ལུགས་ནི་རང་སྲུང་དང་འགོག་རྒོལ་གྱི་རང་བཞིན་དང་ལྡན་པས་མི་རིགས་ཆུང་ངུའི་རིང་ལུགས་པ་ནི་དྲང་བདེན་དང་ལྡན་པ་རེད། དེའི་ཕྱིར་ན། མི་རིགས་རིང་ལུགས་པ་བཅའ་མི་རུང་ཞེས་པ་ནི་དོན་དངོས་དང་མཐུན་པ་ཞིག་ཏུ་གཏན་ནས་མི་འདོད།

བཞི། ད་ལྟའི་འུ་ཚོའི་གནས་བབ་འདི་འདྲའི་འོག་ཏུ་མི་རིགས་རིང་ལུགས་པར་ཕྱི་ནས་བཙན་ཐབས་གཉི་གས་བཀག་འགོག་བྱས་ཏེ། ཐ་ན་རང་རེའི་མི་རིགས་ཀྱི་དོན་དུ་སྐད་ཆ་གཅིག་སྨྲ་མཁན་དག་ཀྱང་བཙོན་འཇུག་ཚུན་ཆད་བྱ་ཡི་ཡོད་པ་རེད།དེའི་ཁར་ནང་གི་ཡི་གེ་པ་དང་ཤེས་ཡོན་ཅན་ཚོས་མི་རིགས་རིང་ལུགས་སྐོར་ལ་བཀག་ཅིང་འགོག་ན། འུ་ཚོས་ནི་སུ་ཞིག་གི་འདོད་འདུན་འགྲུབ་པར་རོགས་བྱ་ཡི་ཡོད་མེད་ཀྱང་བཤད་ཁག
ལྔ། མི་རིགས་ཀྱི་དོན་དག་འགྲུབ་སོང་ན། མི་སྒེར་གྱི་བསམ་སྤྱོད་ལ་རྡོག་རྫིས་གཏང་རུང་པའི་བསམ་ཚུལ་ནི་བདག་ལ་ཡང་མེད།བདག་གིས་ཀྱང་བརྩོན་བཞིན་པ་དེ་བསམ་ཚུལ་དང་ལྟ་ཚུལ། ཆོས་ལུགས་དང་ཕུགས་འདུན་སྣ་ཚོགས་པ་མཉམ་དུ་གནས་ཐུབ་པའི་དཀྱེལ་ཡངས་པའི་ཁོར་ཡུག་ཅིག་དང་སྲིད་གཞུང་ཞིག་ཡིན།

དྲུག རིགས་ཀྱི་ཆེད་དུ་མི་ཚེ་བཏིམས་པའི་འབའ་ཕུན་ལགས་ཀྱིས་གསུངས་པ་བཞིན། མི་རིགས་ཆེ་ཆུང་དང་མི་རིགས་རིང་ལུགས་སྐོར་གྱི་རྩོད་གླེང་བྱུང་པའི་ཚེ།སུ་ཞིག་གིས་བར་གནས་ཀྱི་སྤྱོད་པ་བསྐྱངས་ཚེ།དོན་དངོས་སུ་དེ་ནི་སྟོབས་ཤུགས་ཆེ་བའི་ཕྱོགས་སུ་ཕན་ཐོགས་ཡོད་པ་ལས།གཉོམ་ཆུང་པའི་ཕྱོགས་ལ་ཕན་ཐོགས་མེད་ན། བར་གནས་ཀྱི་རྣམ་འགྱུར་ནི་འཛིན་མི་འོས་པ་དང་མི་འགྲིག་པ་ཞིག་ཡིན།ཞེས་པར་ཧ་ཅང་འཐད།དེའི་ཕྱིར། སྐབས་འདི་འདྲའི་འོག་ཏུ་རང་རེའི་ཡི་གེ་པ་དག་གིས་གནས་ལུགས་ཆེན་པོ་དང་དྲང་བདེན་ཆེན་པོ་བཤད་ཁུལ་བྱས་པ་ནི་སུ་ཞིག་ལ་རོགས་འདེགས་སུ་འགྱུར་གྱིན་འདུག དེ་ལ་ཁ་ཞེ་གཉིས་མེད་ཀྱིས་བསམ་བློ་གཏོང་བར་བྱ།

བདུན། འུ་ཚོར་མི་རིགས་ཞེས་པ་ཞིག་དགོས་སམ་མི་དགོས། དེ་དགོས་ན་མི་རིགས་གནས་པའི་རྩ་བར་གྱུར་པའི་རིག་གཞུང་དང་གོམས་སྲོལ་རིགས་འཛིན་སྐྱོང་སྤེལ་གསུམ་དགོས་པ་ཨེ་ཡིན་ནམ། དེ་འཛིན་སྐྱོང་སྤེལ་གསུམ་བྱ་མིན་མི་སྒེར་གྱི་རང་དབང་ཞིག་ཏུ་བཤད་ཚེ། ཀུན་ཀྱང་རང་དབང་དེ་ལ་འཐོམ་སྟེ། མི་རིགས་ཞེས་པ་མེད་པར་འགྱུར་རྒྱུ་ཨེ་ཡིན་ནམ། འདི་ལ་ཡང་དང་ཡང་དུ་བསམ་བློ་རྣལ་དུ་དབབ་སྟེ་འདང་བརྒྱག

བརྒྱད། རང་རེའི་མི་སྒེར་རིང་ལུགས་པ་དང་རང་དབང་རིང་ལུགས་སུ་བཏགས་པ་དག་ནི་ཏག་ཏག་མི་རིགས་ཀྱི་འགན་འཁྲིའི་འདུ་ཤེས་མེད་པ་ཞིག་ཏུ་འགྱུར་གྱིན་མི་འདུག་གམ། ཁོ་ཚོས་མི་སྒེར་རིང་ལུགས་བདམས་དོན་ཡང་།སྔོན་མའི་རྩོམ་དུ་བཤད་ཟིན་པ་ལྟར།གནས་བབ་འདིའི་འོག་ནས་སྡུག་མྱང་མ་འདོད་པ་དང་དེ་མ་སྤོབས་པས་མིན་ནམ།

༢༠༡༦ ༡ ༣ཉིན་བྲིས།