ཆོས་ལུགས་དང་སྒྱུ་རྩལ་གྱི་རིགས་ལ་མི་རིགས་ཀྱི་ས་མཚམས་མེད་ཀྱང་། བརྡ་སྤྲོད་རིག་པ་འམ་སྒྲ་རིག་པར་མི་རིགས་ཀྱི་དབྱེ་བ་ངེས་པར་དུ་ཡོད། མི་རིགས་ཤིག་གི་བརྡ་སྤྲོད་ཉམས་ན་མི་རིགས་དེ་ཉམས་པར་བཞག་ཀྱང་སྐྱོན་ཆེར་མ་མཐོང་། དེའི་ཕྱིར་དེའི་རྒྱུ་མཚན་ལ་བསམ་བློ་རྣལ་མར་གཏོང་ཐུབ་པ་ཡིན་ན། མི་རིགས་གང་ཞིག་ཡིན་རུང་རང་གི་བརྡ་སྤྲོད་རིག་པར་བདག་པོ་བརྒྱག་ངེས་པ་ཡིན། བརྡ་སྤྲོད་རིག་པར་བདག་པོ་བརྒྱག་པ་ལ་དེའི་རིན་ཐང་དང་ཐུན་མིན་གྱི་ཁྱད་ཆོས་ངོས་གཟུང་བྱ་ཐུབ་དགོས་སོ།།
        

 བོད་རང་གི་བརྡ་སྤྲོད་ཀྱི་རྩ་བར་གྱུར་བའི་དབྱངས་གསལ་ལ་སོགས་པ་ནི་སྦྱོར་ཀློག་གི་རྣམ་པར་བྱུང་བ་ལས། རྒྱའི་ཡི་གེ་བཞིན་རི་མོའི་རྣམ་པར་ཐོན་པ་མ་ཡིན་པ་དེ་བཞིན། མིང་དང་ཚིག  ཕྲད་དང་རྣམ་དབྱེ་ལ་སོགས་པའང་ཟུར་མི་འདྲ་བའི་ཁྱད་ཆོས་ཤིན་ཏུ་རྒྱ་ཆེན་པོ་ཡོད། དེང་གི་སྐབས་སུ་མང་པོ་ཞིག་གིས་བོད་རྩོམ་བྲིས་ཀྱང་བོད་སྐད་རྣལ་མར་མ་ཆགས་པ་ཡང་དོན་གྱིས་བཤད་ན་བོད་ཀྱི་བརྡ་སྤྲོད་རིག་པའི་ཐུན་མིན་གྱི་ཁྱད་ཆོས་མ་གཏོགས་པས་ལན་པ་རེད། བོད་པའི་བརྡ་སྤྲོད་ཀྱི་ཐུན་མིན་གྱི་ཁྱད་ཆོས་བློར་ཆུབ་ཐུབ་ན། བོད་ཀྱི་སྐད་ཡིག་གིས་མི་འདང་བར་སྙམ་པའི་བློ་སྐྱོན་ཅན་དེ་མི་སྐྱེས་པ་ཞིག་རེད།  རྩ་བ་ལས་ཀྱང་། རྗེས་འཇུག་བཅུ་པོའི་དོན་ཤེས་ན།། འབྲི་དང་ཀློག་དང་འཆད་རྣམས་ཀྱི།། མཚམས་སྦྱོར་སྒྲ་ལ་ཐོགས་མེད་ཅིང་།། འབྲེལ་བ་སྨྲ་བའི་མཆོག་ཏུ་འགྱུར།། གཞན་ཡང་རྗེས་འཇུག་ཤེས་པ་ཡིས།། དོན་གྱི་སྦྱོར་བ་མ་མཐོང་ཡང་།། དོན་དང་མཐུན་པའི་སྦྱོར་བ་ཤེས།།1 

ཞེས་གསུངས་པའང་རྗེས་འཇུག་བཅུའི་སྦྱོར་བ་འམ་རྣམ་གཞག་གཙོ་བོར་བྱེད་པའི་བོད་ཀྱི་བརྡ་སྤྲོད་རིག་པར་མཁས་ཤིང་བྱང་བ་ན། རང་གིས་བསམས་པའི་དོན་དང་། གཞན་ཕྱི་རོལ་གྱི་བྱ་དངོས་མཆིས་སོ་ཅོག་བརྡ་སྤྲོད་པར་བྱེད་པ་ལ་ལག་ཐོགས་མི་དགོས་པར་བསྟན་པ་རེད། ཡང་དེང་གི་སྐབས་སུ་ཤར་ནུབ་ཀྱི་རིག་པ་སྐྱ་འཐབ་ཅིང་ཚན་རིག་དང་འབྲེལ་བའི་སྟེང་གི་བཀོད་པ་མང་པོ་ཞིག་བོད་ཡིག་གི་ལམ་ནས་མཚོན་མི་ཐུབ་པར་འདོད་པ་དང་། མི་སྒེར་གྱི་སེམས་ཚོར་མང་པོ་ཞིག་ཀྱང་ཡིག་རིགས་གཞན་ཇི་བཞིན་སྟོན་མི་ཐུབ་པར་སྙམ་པ་ནི། བོད་རང་གི་བརྡ་སྤྲོད་ཀྱི་ངོ་བོའི་ཞན་ཆ་མ་ལགས་ཤིང་། དེ་འཛིན་སྐྱོང་བྱེད་མཁན་དག་གིས་དུས་དང་འཚམ་པར་དར་སྤེལ་བྱེད་མ་ཐུབ་པས་སྐྱོན་ཆ་ཡིན་པ་ཤེས་དགོས་པའི་གནད་དོ། ། དོན་འདིའི་ཐད་ལ་སློབ་དཔོན་དམུ་དགེ་བསམ་གཏན་མཆོག་གི༼བརྡ་སྤྲོད་བློ་གསལ་དགའ་སྟོན༽2 དུ་སྤྱིར་འཇིག་རྟེན་ན་སྐད་རིགས་མི་གཅིག་པ་དང་། དེ་མཚུངས་བློའི་རྩལ་གྱིས་བསྐྲུན་པའི་ཡི་གེའི་རིགས་སུ་གྱུར་པའང་མཐའ་ཡས་པ་ཡོད་ལ། ལེགས་སྦྱར་དང་བོད་ཡིག་ལ་སོགས་པ་མང་བོ་ཞིག་ནི་དབྱངས་གསལ་རྩ་བ་བྱས་ཏེ་སྦྱོར་ཀློག་གི་རྣམ་པས་བེད་སྤྱད་པས་རང་སྐད་ལ་མི་འདང་བ་མེད་པར་མ་ཟད། བདག་གཞན་དུས་གསུམ་སོགས་མ་འཁྱོལ་བར་མཚོན་པར་བྱེད་ཐུབ་པ་ཞིག་ཡིན་ལ། ཞེས་ཉམས་མྱོང་ཅན་གྱི་གསུང་བུད་པར་བསམ་བློ་ལེགས་པར་བཏང་ན་ངེས་ཤེས་འདྲོངས་པ་རེད།  དཔེར་ན། འཚོ་བའི་ཁྲོད་ཀྱི་སྐད་ཆ་ཞིག་འདིར་དྲངས་ན།  རྟ་ལ་ཞོན་དང་རྟ་ལ་སྐྱོན་ལྟ་བུའི་ཐད་ནས་བྱེད་པ་པོ་མེད་པ་དང་ཡོད་པའི་དབྱེ་བ་གསལ་ཞིང་། ཕ་རོལ་བོའི་བསམ་ངོར་ཡང་། རྟ་ལ་ཞོན་ཅེས་པའི་སྐབས་སུ་ཚེ་རིང་ལྟ་བུ་ཞིག་རང་འགུལ་གྱིས་ཞོན་པ་དང་། རྟ་ལ་སྐྱོན་ཞེས་པའི་སྐབས་སུ་ཚེ་རིང་ལྟ་བུ་ཞིག་མི་ཆེ་གེ་མོ་ཞིག་གི་རྩོལ་བར་བརྟེན་ནས་རྟ་ཐོག་ཏུ་བུད་པར་གོ། ཞོན་དང་སྐྱོན་གཉིས་བྱ་ཚིག་ཡིན་པ་འདྲ་འང་ཕ་རོལ་བོར་བརྡ་སྤྲོད་ལུགས་དང་བརྡ་འཕྲོད་ལུགས་འདྲ་བ་མ་རེད། དཔལ་ཚེ་ཏན་ཞབས་དྲུང་མཆོག་གི༼ཐོན་མིའི་དགོངས་རྒྱན༽དུ། ལོ་གཅིག་གི་རིང་ལ་འགྲུབ་དགོས་ཞེས་པ་དང་། ལོ་གཅིག་གི་རིང་ལ་སྒྲུབ་དགོས་ཞེས་པ་གཉིས་ལ་ཁྱད་པར་འདི་ཡོད་དེ། སྔ་མ་ལྟར་ན་ལོ་གཅིག་གི་རིང་བྱ་བ་དེ་ལེགས་པར་ཟིན་དགོས་ཞེས་པ་ཙམ་མ་གཏོགས། ཉིན་སུམ་བརྒྱ་དྲུག་ཅུར་བར་མ་ཆད་དུ་བྱེད་དགོས་པར་མ་བསྟན་ལ། ཕྱི་མ་ལྟར་ན་ཚིག་གྲོགས་ཀྱི་དབང་གིས་ལོ་གཅིག་གི་རིང་སྟེ་ཉིན་སུམ་བརྒྱ་དྲུག་ཅུར་བྱེད་དགོས་ཞེས་པ་འམ། ཡང་ན། སྐྱེས་བུ་གཞན་ཞིག་ལ་ཡུན་དེ་ཙམ་གྱི་རིང་སྒྲུབ་པའི་བཀོད་འདོམས་བྱེད་པ་འམ། ཡང་ན་ཡུན་དེ་སྙེད་ཅིག་མ་ལོན་ན་བྱ་བ་དེ་མི་འགྲུབ་པར་ཡང་སྟོན་པས་དེ་འདྲའི་ཁྱད་པར་དུ་མ་འབྱུང་ངོ་།། 3 གལ་ཏེ་ཁྱེད་བོད་ཀྱི་བརྡ་སྤྲོད་ལ་རྨོངས་པ་ཞིག་ཡིན་ན། ཚེ་རིང་རྟ་ཐོག་ཏུ་འབུད་དུས་ཀྱི་དབྱེ་བ་ལ་རྨོངས་ནས་བྱེད་མེད་ལས་ཚིག་དང་བྱེད་འབྲེལ་ལས་ཚིག་གི་རིན་ཐང་མཐོང་གི་མ་རེད། དཔེ་དེ་བཞིན་ཡང་།  སྡོང་བོ་བཙུགས་དང་། འཛུགས། ཚུགས་སོགས་ཀྱི་སྒྲ་གདངས་དང་ཡི་གེ་མི་འདྲ་བ་བཞིན་དུས་གསུམ་གྱི་དབྱེ་བ་དེ་གསལ་བོར་ཐོན་པ་རེད། ཡིན་ཀྱང་། ཁྱེད་རང་བརྡ་སྤྲོད་ལ་རྨོངས་པ་ཞིག་ཡིན་ན། དུས་གསུམ་གྱི་རིག་པར་བརྟེན་ནས་བརྡ་སྤྲོད་ཀྱི་རིན་ཐང་མང་པོ་ཞིག་ཀྱང་རྟོགས་ཐུབ་པ་མ་རེད།  དེའི་ཕྱིར་ང་ཚོས་བརྡ་སྤྲོད་ཀྱི་རིན་ཐང་འདི་ངེས་པར་དུ་ཤེས་དགོས་པ་རེད། བརྡ་སྤྲོད་ཀྱི་གཞུང་འདི་བློར་ཆུབ་པའི་སྟེང་གཟོད་གཞན་གྱི་ལེགས་ཆ་ཚུར་ལེན་འོས། གང་ལ་འགྲོ་དང་གངས་རི། བྱ་བ་སྒྲུབ་དང་སྤྲིན་གྱིས་སྒྲིབ་སོགས་ཚིག་གི་སྒྲ་ཙམ་འདྲ་ནའང་ཡང་འཇུག་དང་དབྱངས་ཀྱི་ཁྱད་པར་ལ་བལྟས་ནས་དོན་གྱི་ཁྱད་པར་དེ་རྟོགས་ངེས་པ་རེད། དེའི་ཕྱིར་དབྱངས་ཅན་གྲུབ་པའི་རྡོ་རྗེས། ཚིག་གི་སྒྲ་ཙམ་འདྲ་ན་ཡང་།། དོན་ལ་ཁྱད་པར་ཤིན་ཏུ་ཆེ།། དེ་ཕྱིར་བརྡ་དག་ལ་བརྟེན་ནས།། མ་ནོར་དོན་རྣམས་འཚོལ་བ་གཅེས།།4 གསུངས་པ་ལྟར་བོད་པའི་ཐུན་མིན་གྱི་བརྡ་སྤྲོད་པའི་གཞུང་གི་ཞིབ་ཆ་ཕྲ་མོ་རྣམས་ལེགས་པར་ཤེས་ན་བོད་ཀྱི་བརྡ་སྤྲོད་པའི་རིན་ཐང་ཡང་ཚད་ངེས་ཅན་ཞིག་རྟོགས་ངེས་སོ།།

གཞན་ཡང་། བོད་པའི་ཐུན་མིན་གྱི་མིང་གི་དབྱེ་བའི་ཁྱད་ཆོས་བརྗོད་པའི་མིང་དང་ཁྱད་གཞི་བརྗོད་པའི་མིང་། བྱ་བའི་མིང་སོགས་སྦྱོར་ལུགས་དང་། མིང་བསྡུ་ལུགས་ལ་སོགས་པའི་ཁྱད་ཆོས་ཀྱང་ངེས་པར་དུ་ཤེས་དགོས་པ་ཞིག་རེད། དཔེར་ན། མཐོན་པོ་དང་རིང་པོ། དཀར་པོ་དང་གྲུ་བཞི་སོགས་ཁྱད་ཆོས་བརྗོད་པའི་མིང་དག་ནི་ཁྱད་གཞི་བརྗོད་པའི་མིང་གི་མཐར་སྦྱོར་བ་ལས་ཐོག་མར་མི་སྦྱོར་བ་དེ་བཞིན། ཟ་འཐུང་། འགྲོ་འདུག ཞོན་དང་སྐྱོན་སོགས་བྱ་ཚིག་གང་ཡིན་པ་དག་ཀྱང་བྱེད་པ་པོ་དང་བྱེད་པ་འམ་ཡང་ན་ཁྱད་གཞི་བརྗོད་པའི་མིང་གི་མཐར་སྦྱོར་བ་ལས་ཐོག་མར་སྦྱོར་ལུགས་ཕལ་ཆེར་མེད་པའི་ཟོལ་འདྲ་རེད། ཡིན་ཀྱང་སྙན་ངག་དང་སྒྱུ་རྩལ་ཀྱི་སྐད་ཆ་རེ་གཉིས་ལ་གཅིག་ཏུ་མ་ངེས་སོ། ། དེ་ལྟར་སྦྱོར་དགོས་ལུགས་ཟུར་ཙམ་སྨོས་ན། རི་མཐོན་པོ་ཟེར་བ་ལས་མཐོན་པོ་རི་ཞེས་འབོད་ལུགས་མེད། དུང་དཀར་པོ་དང་ས་གྲུ་བཞི་ལྟ་བུར་འབོད་པ་ལས། དཀར་པོ་དུང་དང་གྲུ་བཞི་ས་ལྟ་བུར་འབོད་སྲོལ་མེད་མོད། མཚམས་འདིར་གསལ་བྱེད་བྱ་རྒྱུ་ཞིག་ལ། ཁ་ཅིག་ན་རེ། མཐོན་པོ་རི་དང་དཀར་པོ་དུང་ཞེས་པའི་འབོད་སྲོལ་དེ་ཁྱད་ཆོས་ཀྱི་མིང་སྔོན་དང་ཁྱད་གཞིའི་མིང་རྗེས་སུ་སྦྱར་བའི་དོན་རེད་ཟེར་ན། དེ་ནི་ཞིབ་ཏུ་མ་བསམས་པའི་སྐྱོན་ཡིན་ཏེ། གཞི་གཞན་ཁང་བརྩེགས་ལྟ་བུ་ཞིག་མཐོ་བའི་ཚུལ་དེ་རི་དང་འདྲ་བར་བསྟན་པ་དང་། ཡང་གཞི་གཞན་གངས་རི་ལྟ་བུ་ཞིག་གི་མདངས་དཀར་པོ་ཡིན་པ་དུང་དང་འདྲ་བ་རེད། ཅེས་པའི་དོན་དུ་གོ་དགོས། སྐབས་འདིར་ཁྱད་ཆོས་བརྗོད་པའི་མིང་དེ་བྱེ་བྲག་གི་གཞི་གང་ལ་སྦྱར་བའི་ཚུལ་དེ་ཤེས་འོང་ན་རྨོངས་པ་རང་སར་དགྲོལ་ངེས་པའོ།། དེ་གཞིན། ཟ་མ་ཟ། ཇ་འཐུང་། ཤར་དུ་འགྲོ་སོགས་ཀྱང་དེ་བཞིན་དུ་སྦྱར་བར་བྱ། དེང་དུས་མི་རིགས་གཞན་གྱི་བརྡ་སྤྲོད་ཀྱི་ཤན་ཤོར་ནས། འཐུང་ཇ། འགྲོ་ཤར་དུ། སྔོན་པོ་ལྭ་བ་སོགས་འབྲི་བ་དང་བྲིས་ཡོད་པ་ནི་བོད་སྐད་རྣལ་མ་མ་ཡིན་པ་ཤེས་པར་གྱིས།

ད་དུང་མིང་བསྡུ་ལུགས་ཀྱི་ངོས་ནས་ཀྱང་དཔེར་ན། ཆབ་སྲིད། དཔལ་འབྱོར། རིག་གནས་ཞེས་པ་བསྡུ་དགོས་ཚེ། སྲིད་འབྱོར་རིག་གསུམ་ཞེས་བསྡུས་ན་དོན་གོ་རྒྱུ་ཡོད་པ་དང་། ཆབ་དཔལ་རིག་གསུམ་ཞེས་བསྡུས་ན་གོ་རྒྱུ་མེད་པ་དེ། མིང་བསྡུ་ལུགས་ཀྱི་གནད་མ་གོ་བས་རེད། ཆབ་སྲིད་ཅེས་པའི་ཚེག་ཁྱིམ་འདི་གཉིས་ལས་མིང་གི་ནུས་པ་གཙོ་བོ་དེ་སྲིད་ཀྱི་ཐོག་ཏུ་ཡོད་ལ། དཔལ་འབྱོར་ཞེས་པ་འང་དེ་བཞིན་རེད། དེའི་རྒྱུ་མཚན་གྱིས་མིང་གི་ནུས་པ་གཙོ་བོ་གང་གི་སྟེང་ན་ཡོད་ཚེ། དེ་སྡུད་མི་རིགས་ཤིང་། ཕལ་བ་དེ་ཚིག་ཚོགས་སྐྱུངས་ཕྱིར་བསྡུ་འོས་པ་སོགས་ཀྱི་གནད་འགག་ངེས་པར་དུ་ཤེས་དགོས། དེ་བཞིན་ཕྲད་རྣམ་དབྱེ་སོགས་བསྡུ་འོས་པ་དང་མི་འོས་པའི་ཐད་ནས་མང་དུ་གླེང་རན་འདུག་མོད་སྐབས་སུ་གཞག་པར་བྱའོ།།

1 སུམ་ཅུ་བའི་རྩ་བ། མཛད་པ་པོ་སློབ་དཔོན་ཐོན་མི།

2 བློ་གསལ་དགའ་སྟོན། 2005ལོའི་ཟླ 1མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར། རྩོམ་པ་པོ། མུ་དགེ་བསམ་གཏན།
3 ཐོན་མིའི་དགོངས་རྒྱན། 2007ལོའི་ཟླ 4 མི་རིགས་དཔེ་སྐྲུན་ཁང་གིས་པར།༼བསྐྱར་དཔར་ཞིག༽ རྩོམ་པ་པོ། ཚེ་ཏན་ཞབས་དྲུང་།
4 ལེགས་བཤད་ལྗོན་དབང་། མཛད་པ་པོ། དབྱངས་ཅན་གྲུབ་པའི་རྡོ་རྗེ།