image


ངས་ད་བར་དུ་མདའ་རྩེད་དངོས་སུ་མཐོང་མ་མྱོང་། རིག་གནས་གསར་བརྗེའི་སྔོན་ལ་ང་བྱིས་པ་ཡིན་དུས་རེབ་གོང་ལོ་གསར་གྱི་སྨོན་ལམ་ཞིག་གི་སྐབས་ཡིན་པ་འདྲ། རོང་བོའི་རྒྱ་ཐང་གི་ཞིང་ཐོག་ཅིག་ན་གཅན་ཚའི་མདའ་བ་རྣམས་ཀྱིས་མདའ་འཕེན་གྱི་ཡོད་པ་རེད་ཟེར་ནས་མི་ཚོགས་ཆེན་པོ་ཞིག་འཛོམས་འདུག ངས་མི་ཚོགས་དེའི་དཀྱིལ་གྱི་མདའ་བ་དང་མདའ་འཕེན་པ་མ་མཐོང་ཡང་མདའ་བ་རྣམས་ཀྱིས་ཀི་སྒྲ་སྒྲོགས་པ། རྐང་པས་ས་ལ་རྡེབ་པའི་ལྡིག་སྒྲ་གྲག་ཅིང་། མི་ཚོགས་ཀྱི་བར་སྣང་དུ་རྡུལ་འཚུབ་འཐིབ་པའི་དྲན་སྣང་ཞིག་འདུག ད་མི་ཚེ་ཡི་ཕྱེད་ཀ་ཡོལ་ནས་མགོ་སྐྲ་ཡང་དཀར་པོར་གྱུར་ཡོད་པའི་སྐབས་འདིར་སྟེས་དབང་གི་རྐྱེན་ལྟ་བུ་ཞིག་གིས་མདའ་སྟོན་འདི་འདྲའི་ཆེན་པོ་ཞིག་ཏུ་མགྲོན་གྱི་གྲས་སུ་ཚུད་ཡོད་པ་འདི་ད་བར་དུ་ང་རང་གི་རྨི་ལམ་ལ་ཡང་རྨིས་མ་མྱོང་བ་ཞིག་རེད།

འདིར་ངས་གཅན་ཚ་རྫོང་གི་འབྲེལ་ཡོད་འགོ་ཁྲིད་རྣམ་པས་བདག་ལ་བོང་བ་གསེར་གཟིགས་ཀྱི་ཚུལ་གྱིས་འདི་འདྲའི་གོ་སྐབས་ཤིག་གནང་བ་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་གི་ཡོད།ངས་མགྲོན་ཤོག་དང་ལེན་ཞུ་སྐབས། ངས་མགྲོན་ཤོག་གནང་མཁན་རྫོང་དཔོན་ཀྲང་ཀའེ་ལན་ལགས་དང་རིག་གནས་ཅུའུ་ཡི་དབུ་འཛིན་ཀྲང་ཧྥེ་ཡན་གཉིས་ལ་འདི་ལྟར་ཞུས་པ་ཡིན། ངས་མདའ་རྩེད་ཀྱི་སྐོར་ཅི་ཡང་མི་ཤེས་མོད། ངས་དམངས་ཁྲོད་རིག་གནས་ལ་དོ་སྣང་བྱས་ཡོད་ལ་དེའི་སྐོར་ལ་ལས་དོན་འགའ་རེ་ཡང་བསྒྲུབས་མྱོང་། གཅན་ཚའི་མདའ་རྩེད་ཀྱང་དམངས་ཁྲོད་ཀྱི་རིག་གནས་ཤིག་རེད། དེས་ན་ང་རང་ཉིད་དམངས་ཁྲོད་རིག་གནས་ལ་དོ་སྣང་ཡོད་མཁན་ཞིག་གི་ངོས་ནས་མགྲོན་ཤོག་དང་ལེན་ཞུ་གི་ཡིན་ཞེས་བཤད་པ་ཡིན།དམངས་ཁྲོད་རིག་གནས་ནི་ང་རང་དགའ་ས་ཞིག་ཡིན་ལ། ང་རང་གི་ལས་ཀའི་གཙོ་གནད་ཅིག་ ཀྱང་ཡིན། ངས་ལས་ཀ་བྱེད་ས་ནི་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ན་ཡོད་པའི་ཀུན་ཕན་ཐེབས་རྩ་ཚོགས་པའི་“ལ་རྩེ”ཟེར་བའི་དཔེ་མཛོད་ཁང་དེ་ཡིན། དཔེ་མཛོད་ཁང་འདི་ཐོག་མའི་འཆར་འགོད་ཀྱི་གྲས་སུ་ཡང་ང་ཡོད། དེ་དུས་ཀུན་ཕན་ཐེབས་རྩ་ཚོགས་པའི་འགོ་འཛིན་ལྷན་རྒྱས་ཀྱིས་བསམ་བློ་འདི་འདྲ་ཞིག་བཏང་ནས་དཔེ་མཛོད་ཁང་འདི་བཙུགས་པ་རེད། བོད་ཀྱི་རིག་གཞུང་ཟེར་བ་འདི་སངས་རྒྱས་ཆོས་ལུགས་ཀྱི་ཆ་གཙོ་བོར་གྱུར་བའི་རིག་གཞུང་ཞིག་དང་། དེ་གཙོ་བོར་མ་གྱུར་བའམ་དེའི་ཤུགས་རྐྱེན་ཆུང་བའི་རིག་གཞུང་ཞིག་ཡོད་པ་ལ་ངོས་འཛིན་བྱེད་ཀྱིན་ཡོད། བོད་ཀྱི་རིག་གནས་ཟེར་ན་ཡང་འདྲ། བོད་རིག་པ་ཟེར་ན་ཡང་འདྲ། འདིའི་གྲུབ་ཆ་གལ་ཆེན་ཞིག་ནི་སངས་རྒྱས་ཆོས་ལུགས་ཡིན་པ་དེ་བདེན་པ་རེད། དེའི་སྟབས་ཀྱིས་རྒྱ་རིགས་དང་ཕྱི་རྒྱལ་བའི་ཁྲོད་ན་བོད་ཀྱི་རིག་གནས་ཟེར་དུས་སངས་རྒྱས་ཆོས་ལུགས་དང་མ་འདྲེས་པ་ཞིག་མེད་པར་ངོས་འཛིན་བྱེད་མཁན་གང་མང་ཡོད་པ་རེད། ལ་རྩེ་དཔེ་མཛོད་ཁང་གི་འཆར་འགོད་པ་རྣམས་ཀྱིས་ལྟ་བ་འདི་ལ་མོས་མཐུན་བྱས་མེད། དེའི་རྒྱུ་མཚན་ནི་ངོ་འཕྲོད་དཀའ་མོ་ཞིག་གཏན་ནས་མ་རེད། ནང་ཆོས་བོད་ལ་དར་ནས་ལོ་ངོ་སྟོང་ཕྲག་གཅིག་མ་གཏོགས་སོང་ཡོད་པ་མ་རེད། འོན་ཀྱང་བོད་མི་རིགས་ནི་ནང་ཆོས་མ་དར་སྔོན་ལ་ལོ་ངོ་སྟོང་ཕྲག་མང་པོར་དེང་སང་བོད་ཁ་བ་ཅན་ཟེར་བའི་ཡུལ་ཁམས་འདིར་གནས་ཚར་བ་རེད། དེའི་རིང་ལ་ང་ཚོས་དེང་སང་སྲོལ་རྒྱུན་དང་རིག་གནས་ཟེར་བ་འདི་གང་མང་ཞིག་འགོ་ཚུགས་ཚར་བའི་མི་ཚད་རྒྱུན་ཡང་ཆགས་ཚར་བ་རེད། དེ་དག་ལས་རྒྱུན་གང་མང་ཞིག་ཡལ་ན་ཡང་རྒྱུན་གང་མང་ཞིག་ད་ལྟའི་བར་དུ་གནས་ཡོད་པ་རེད།

རིག་གནས་སམ་སྲོལ་རྒྱུན་གང་མང་ཞིག་གནས་པའམ་ཡལ་བ་ནི། རིག་གནས་སམ་སྲོལ་རྒྱུན་གང་ཞིག་དུས་སྐབས་སོ་སོའི་འཚོ་བ་སྐྱེལ་སྟངས་ལ་འབྲེལ་བ་ཆགས་ཡོད་རྒྱུ་རེད། འཚོ་བ་སྐྱེལ་སྟངས་ལ་འབྲེལ་བ་ཆུང་བའམ་འབྲེལ་ཐག་ཆད་ན་རིག་གནས་དེ་ཡལ་རྒྱུའམ། དེ་ལས་ལྡོག་ན་རིག་གནས་དེ་གནས་ནས་རྒྱུན་ཞིག་ཏུ་འགྱུར་རྒྱུ་རེད། ངས་མདའ་རྩེད་ཀྱི་སྲོལ་རྒྱུན་ལ་ཞིབ་འཇུག་བྱས་པ་ཅང་མེད་ཀྱང་ཚོད་དཔག་ཅིག་བྱས་ན་མདའ་འདི་བོད་མི་རིགས་ཀྱི་འཚོ་བ་སྐྱེལ་སྟངས་ལ་འབྲེལ་ཐག་ཡུན་རིང་ལ་མ་ཆད་པ་ཞིག་ཡིན་རྒྱུ་རེད། དེ་རྔོན་ཆས་དང་། དམག་ཆས། རྩེད་ཆས་སུ་གྱུར་ནས་ད་བར་དུ་བོད་མི་རིགས་ཀྱི་འཚོ་བ་དང་འབྲེལ་ཐག་ཆད་ཡོད་པ་མ་རེད།མདའ་རྩེད་ཀྱི་མདའ་བཤད་དང་བསང་མཆོད་བཅས་སུ་ནང་ཆོས་ཀྱི་བྲོ་བ་ཅན་གྱི་ཚིག་བརྗོད་འགའ་རེ་ཡོད་སྲིད་ན་ཡང་མདའ་རྩེད་རང་ནི་དང་པོ་བྱུང་དུས་ནས་སངས་རྒྱས་ཆོས་ལུགས་ལ་འབྲེལ་བ་མེད་པ་ནི་ཚོད་དཔག་བྱེད་སླ་བ་ཞིག་རེད། ང་ཚོའི་དཔེ་མཛོད་ཁང་གི་མིང་གི་ཆ་གཙོ་བོ་ལ་“ལ་རྩེ”ཞེས་པ་འདི་ཡང་དམངས་ཁྲོད་རིག་གནས་ཀྱི་མཚོན་བྱེད་ཡིན། ང་ཚོས་མིང་འདིའི་ཐོག་ལ་གོ་དོན་གཉིས་བཅོལ་ཡོད། གཅིག་ནི་“ལ་རྩེ”ཞེས་དུས་རང་བཞིན་གྱིས་ས་མཐོ་སའམ་རི་མཐོ་ས་ཞིག་ལ་གོ་བ་འདི་ཡིན། སྲོལ་རྒྱུན་ལ་བོད་ཁ་བ་ཅན་དང་དེང་སང་མཚོ་བོད་མཐོ་སྒང་དུ་གྲགས་པ་འདི་འཛམ་གླིང་གི་མཐོ་སའམ་རི་རྩེར་གོ་དགོས་པ་འདི་ཡིན། གོ་དོན་གཉིས་པ་ནི་ང་ཚོས་ལབ་ཙེ་ཟེར་བ་འདིའི་གོ་དོན་ཡིན། ལབ་ཙེ་བསྟོད་པའི་སྲོལ་འདི་ནི་ནང་ཆོས་མ་དར་སྔོན་ནས་བོད་ལ་དར་ཡོད་ལ། འདི་ནི་ལོ་ངོ་སྟོང་ཕྲག་དུ་མར་གཙོ་ཆེ་བ་དམངས་ཁྲོད་དུ་རྒྱུན་འཛིན་བྱས་ནས་ད་བར་དུ་གནས་ཡོད་པ་ཞིག་རེད།

ངས་ད་རེས་ཀྱི་མགྲོན་ཤོག་དང་ལེན་བྱས་རྗེས་གཅན་ཚའི་མདའ་རྩེད་ཀྱི་འོད་སྡེར་ཞིག་ལ་བལྟས་ཤིང་། དེའི་སྐོར་གྱི་རྩོམ་ཡིག་ཅིག་ཀྱང་ཞིབ་ཀློག་བྱས་པ་ཡིན། འོད་སྡེར་དེར་བལྟས་པ་དང་རྩོམ་ཡིག་དེ་བཀླགས་པ་ལ་བརྟེན་ནས་གཅན་ཚའི་མདའ་རྩེད་ཀྱི་སྐོར་ལ་ཤེས་རྟོགས་རགས་ཙམ་ཞིག་བྱུང་བ་དང་མཚུངས་སུ་དམངས་སྲོལ་གྱི་རྩེད་རིགས་འདིས་ངའི་ཡིད་དབང་ཐོག་མར་དྲངས། ངས་འོད་སྡེར་གཅིག་ལ་བལྟས་པ་དང་རྩོམ་ཡིག་གཅིག་བཀླགས་པ་ཙམ་ལ་བརྟེན་ནས་འདིར་བཞུགས་མདའ་རྩེད་ཆེད་མཁས་ཀྱི་མདུན་སར་མདའ་རྩེད་སྐོར་ལ་ལེགས་བཤད་ཅིག་འབུལ་མི་ཐུབ་པ་ནི་བཤད་མ་དགོས་ཀྱང་ཚོར་སྣང་འགའ་རེ་བྱུང་བ་འདི་ལྟར་ཡིན།

ཐོག་མར་དེ་ནི་གཅན་ཚའི་མདའ་རྩེད་ནི་དེང་སང་གི་སྤྱིར་བཏང་གི་མདའ་རྩེད་ལྟར་མདའི་ཕོག་ཚད་འགྲན་པ་ཙམ་མ་ཡིན་པར། དེ་དང་རྗེས་འབྲེལ་གྱི་ཚུལ་དུ་དགྲ་ལྷ་གསོལ་བ་དང་། མདའ་དཔོན་དང་མདའ་གཞུག་འདེམས་པ། མདའ་ར་ལ་སྐྱོད་པ། འབེན་གསར་ཪྙིང་བརྗེ་བ། མདའ་འགྲན་དངོས་གཞིའི་སྐབས་ལྷ་འབོད་དང་། ཀི་སྒྲ་འབོད་པ། རྐང་བྲོ་རྒྱག་པ་བཅས་དམངས་སྲོལ་རིག་གནས་ཀྱི་ འཁོར་ཞིག་ཡོད་ཅིང་། མདའ་འཕེན་དངོས་གཞི་ནི་མདའ་རྩེད་ཀྱི་དམངས་སྲོལ་འདིའི་ལྷུ་ལག་ཅིག་ ཡིན་པ་དེ་རེད། འདིའི་ཁྲོད་ཀྱི་རྐང་བྲོ་རྒྱག་སྟངས་གཅིག་པོ་ལ་ཡང་ལུ་གུ་མཆོང་ལྡིང་། རྒོད་པོ་གཤོག་རྒྱང་། རྒྱ་སྟག་ནགས་ལ་མཆོངས་པ། སེང་གེ་གངས་ལ་འགྱིང་བ་ཟེར་བའི་སྟངས་སྟབས་ཀྱི་རིགས་དེ་འདྲའི་ཕུན་སུམ་ཚོགས་པ་ཞིག་འདུག འདི་ནི་སྤྱིར་བཏང་གི་མདའ་འགྲན་ལྟར་མདའ་བ་མདའ་ར་ལ་གཏན་འཁེལ་གྱི་དུས་ཚོད་ལྟར་ཡོང་ནས་འབེན་ལ་གཏད་ནས་མདའ་ཞིག་འཕངས་རྗེས་ལོག་འགྲོ་བ་ལྟ་བུའི་དོན་རྐྱང་ཞིག་གཏན་ནས་མ་ཡིན་པར། གཙན་ཚའི་གནའ་བོའི་སྲོལ་རྒྱུན་མང་པོ་ཞིག་གིས་ལྗིབས་ནས་ཡོད་པ་རེད། འདིའི་ནང་དུ་ད་དུང་ནང་ཆོས་ཀྱི་ཤན་ཤུགས་ཆུང་ཞིང་། དེང་སང་གི་དཔལ་འབྱོར་གྱི་ཁེ་ཕན་གཙོ་བོར་གྱུར་བའི་རིག་གནས་དྲི་མ་ཡང་མ་འགོས་པར་དེང་རབས་ཀྱི་འདུག་སྟེགས་ཀྱི་ཐོག་ལ་བསྡད་ནས་གནའ་བོའི་གྲོང་གསེབ་ཀྱི་དམངས་སྲོལ་གྱི་ཚོགས་ཤིག་ལ་ལྟ་གིན་ཡོད་པའི་ཚོར་བ་ཞིག་སྟེར།

གཅན་ཚའི་མདའ་རྩེད་ལ་ཚོར་སྣང་གཞན་ཞིག་བྱུང་བ་ནི་མདའ་རྩེད་ཀྱི་ཁྲོད་དུ་རྒྱུན་ལྡན་འཚོ་བའི་ནང་དུ་འགལ་བ་ལྟག་སྤྲོད་དུ་གནས་པའི་འགྲན་བསྡུར་དང་མཛའ་བརྩེ་གཉིས་ཀ་མཉམ་གནས་ཡིན་པ་དེ་རེད། མདའ་རྩེད་དངོས་གཞིའི་སྐབས་སུ་ཕན་ཚུན་ལ་“མདའ་མོ་སྟོང་ནང་ནས་འཁྱོག” ཅེས་དང་“མདའ་མོ་རླུང་ལ་བསྐུར”ཟེར་བ་ལྟ་བུའི་མདའ་འཕེན་མཁན་གྱི་འདུན་པ་དང་འགལ་བའི་ཚིག་རྫོད་རེ་སྒྲོག་ན་ཡང་མདའ་འགྲན་གྱི་རྗེས་སུ་འགྲན་ཡ་གཉིས་ཀྱིས་མདའ་འགྲན་གྱི་རྒྱལ་ཕམ་ལ་བརྟེན་ནས་བྱུང་བའི་ང་རྒྱལ་དང་ཕྲག་དོག་གི་བློ་ཡོངས་སུ་དོར་ནས་གཞི་ཚང་གི་འགྲན་ཡས་མགྲོན་ཚང་གི་འགྲན་ཡ་གང་ཞིག་གྲོགས་ཀྱི་དྭངས་མ་དང་མགྲོན་གྱི་གཙོ་བོའི་ཚུལ་དུ་བརྩིས་ནས་རང་ཁྱིམ་དུ་གདན་དྲངས་ནས་ཟས་ཆང་གིས་སྣེ་ལེན་བྱེད། དེ་བཞིན་གཞི་མགྲོན་གྱི་སྡེ་བ་གཉིས་ཀྱང་མཉམ་འཛོམས་ཀྱིས་ཟས་ཆང་གི་སྟོན་མོ་བཤམས། གླུ་ལེན་གར་རྩེད་བྱེད་པ་འདི་ནི་དེང་སང་སྤྱིར་བཏང་གི་རྩེད་རིགས་ཀྱི་འགྲན་བསྡུར་ལྟར་རྒྱལ་ཕམ་གྱི་དབྱེ་ཐག་ཆོད་རྗེས་འགྲན་ཡ་གཉིས་ཀྱིས་ལག་པ་ཞིག་བཏང་ནས་གྱེས་འགྲོ་བ་དེ་དང་བསྡུར་ཐབས་མེད་པ་ཞིག་རེད།

ད་དུང་ཚོར་སྣང་ཞིག་བྱུང་བ་ནི་བོད་ཁུལ་གྱི་དམངས་ཁྲོད་རྩེད་རིགས་གང་མང་དང་འདྲ་བར་ གཅན་ཚའི་མདའ་རྩེད་ཀྱང་གྲོང་གསེབ་དག་ལ་དར་ཁྱབ་ཆེ་ཞིང་། དེའི་དམིགས་ཡུལ་མདའི་ཕོག་ཚད་འགྲན་པ་གཅིག་པོ་མ་ཡིན་པར་རིག་གནས་དང་། རྩེད་རིགས་དང་རིག་རྩལ་གྱི་ལས་འགུལ་གྱིས་ཕོངས་ཤིང་། ཕན་ཚུན་འབྲེལ་གཏུགས་ཉུང་བའི་མི་དམངས་རྣམས་ལ་འདུ་འཛོམས་དང་། ལྷག་པར་གཞོན་སྐྱེས་ཕོ་མོ་རྣམས་ལ་ཕན་ཚུན་ངོ་ཤེས་དགའ་འཛོམས་ཀྱི་གོ་སྐབས་བསྐྲུན་ཡོད་པ་ཡང་རང་བཞིན་ཞིག་ཡིན།

དམངས་ཁྲོད་རིག་གནས་ལ་མཚོན་ན། དེང་སང་གི་རྗོད་གཞི་ཚ་བ་ཞིག་ནི་དེ་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་པའི་སྐོར་རེད། སྲུང་སྐྱོབ་ཟེར་དུས་སྲོལ་རྒྱུན་ནམ་རིག་གནས་གང་ཞིག་འཇིག་ཉེན་ཡོད་པ་ལས་སྲུང་སྐྱོབ་བྱེད་པ་དེ་རེད། བོད་ཆོས་ཀྱིས་ཕྱུག་པའི་གཅན་ཚའི་མདའ་རྩེད་འདི་མེད་བརླག་ཏུ་འགྲོ་བ་ལས་གྲ་རྒྱས་ཀྱི་རྣམ་པ་ཞིག་མངོན་འདུག ཡིན་ན་ཡང་གྲ་རྒྱས་ཀྱི་རྣམ་པ་མངོན་ཡོད་པ་ཙམ་གྱིས་སྲུང་སྐྱོབ་མི་དགོས་ཞེས་བཤད་ཀྱི་མེད། དེང་སང་མི་རྣམས་ཀྱིས་འཛམ་གླིང་ཇེ་ཆུང་དུ་འགྲོ་བཞིན་འདུག་ཅེས་བརྗོད་ཀྱི་ཡོད། འཛམ་གླིང་ཇེ་ཆུང་དུ་འགྲོ་བཞིན་འདུག་ཟེར་ན་སའི་གོ་ལའི་བོངས་ཚད་ཇེ་ཆུང་དུ་འགྲོ་བར་བརྗོད་ཀྱི་མེད། དེས་སའི་གོ་ལའི་བོངས་ཚད་ཇེ་ཆུང་དུ་འགྲོ་མི་སྲིད་ན་ཡང་འགྲིམ་འགྲུལ་དང་གློག་འཕྲུལ་གྱི་དབང་གིས་ཇེ་ཆུང་དུ་སོང་བ་ནང་བཞིན་འཛམ་བུ་གླིང་འདིའི་ཐོག་གི་མི་རིགས་ དང་རྒྱལ་ཁབ་བར་ལ་འབྲེལ་གཏུག་མྱུར་བ་དང་སླ་བའི་ཆ་ནས་དེ་ལྟར་བརྗོད་ཀྱི་ཡོད། འབྲེལ་གཏུག་མྱུར་བ་དང་སླ་བ་འདིས་ཕན་ཚུན་ལ་ཤུགས་རྐྱེན་ཡང་ཐེབས་སླ་བ་དང་མྱུར་བ་ནི་བཤད་མ་དགོས་པ་ ཞིག་རེད། དེ་དུས་རིག་གནས་གང་ཞིག་གི་དྭངས་གཙང་གི་ངོ་བོ་དེ་གནས་ཐུབ་མིན་དེ་ཡང་ཐེ་ཚོམ་གྱི་གནས་སུ་ལྷུང་བ་རེད། སྤྱིར་བཏང་རིག་གནས་ཕན་ཚུན་འདྲེས་བསྣོལ་ཆེ་བའི་སྐབས་འདིར་གཞན་གྱི་ཤུགས་རྐྱེན་ཅུང་ཙམ་ཡང་མི་ཐེབས་པར་འདུག་རྒྱུ་ཡིན་ཟེར་ན། ཪྙིང་ཞེན་ཆེ་རྟགས་ཤིག་ཡིན་ཡང་ གཞན་གྱི་ལེགས་ཆ་ལེན་པར་བསམས་ནས་གཞན་གྱི་ཤུགས་རྐྱེན་འགོག་མེད་དུ་ཡོང་ན་རིག་གནས་གང་ཞིག་གི་རང་ཆོས་ཉུང་དུ་ཕྱིན་ནས་གཞན་ཆོས་མང་པོར་གྱུར་སྐབས། རིག་གནས་གང་ཞིག་ལ་གྲ་རྒྱས་ཀྱི་རྣམ་པ་ཤར་ན་ཡང་རིག་གནས་ཀྱི་མི་རིགས་དང་ས་གནས་ཀྱི་རང་ཆོས་དེ་ཉམས་རྒུད་དུ་འགྲོ་ཉེན་ ཡོད་པ་རེད།

ཪྙིང་ཞེན་ཞེས་པའི་ཐ་སྙད་འདི་གཞོན་སྐྱེས་ཤེས་ཡོན་ཅན་གྱི་རྣ་བར་སྙན་པོ་མེད་ན་ཡང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་བྱེད་པ་ལ་ཪྙིང་ཞེན་ཞིག་མེད་ཐབས་མེད་པ་ཡིན། ཪྙིང་ཞེན་གྱི་འབྲས་བུ་རྗེས་ལུས་ཡིན། ཪྙིང་ཞེན་གྱི་ལྡོག་ཟླ་ཡར་ཐོན་དང་དེའི་འབྲས་བུ་ཡར་རྒྱས་ཡིན། ང་ཚོ་དེང་སང་ཡར་རྒྱས་ཀྱི་མགྱོ གས་ཚད་ཧ་ཅང་མཐོན་པོ་ཞིག་གི་ནང་ན་གནས་ཡོད། ཡར་རྒྱས་ཅི་ཙམ་མགྱོ གས་ན་ཚད་ངེས་ཅན་ཞིག་གི་ཐོག་ནས་སྲོལ་རྒྱུན་གྱི་འཇིག་ཚད་ཀྱང་དེ་ཙམ་གྱིས་མགྱོ གས། དེའི་སྟབས་ཀྱིས་སྲོལ་རྒྱུན་གྱི་རིག་གནས་སྲུང་ཉར་བྱེད་འདོད་པ་ཞིག་གིས་ཡར་རྒྱས་ཀྱི་རྗེས་སུ་རྒྱུགས་ཞོར་ལ་ཪྙིང་ཞེན་གྱི་བློ་ཞིག་དང་བཅས་ཏེ་ཡར་རྒྱས་ཀྱིས་འདོར་བཞིན་པའི་སྲོལ་རྒྱུན་ནམ་རིག་གནས་ཀྱི་ཁྲོད་ནས་རང་ལ་དགོས་པ་གང་ཞིག་ལ་མི་འཐམ་རང་འཐམ་ཡིན།

རྒྱུ་མཚན་དང་གནས་ལུགས་འཚོལ་བ་དང་། དེ་ཤེས་རྟོགས་བྱེད་པ། དེ་ལ་བརྩི་བཀུར་བྱེད་པ་འདི་འགྲོ་བ་མིའི་རྒྱུད་ཀྱི་སྨིན་ཚད་ཚད་མཐོན་པོར་སླེབས་པའི་མཚོན་རྟགས་ཤིག་ཡིན། འཇིག་རྟེན་གྱི་བླང་དོར་གྱི་རྣམ་བཞག་མང་དག་ཅིག་ཀྱང་རྒྱུ་མཚན་དང་གནས་ལུགས་ཀྱི་རྗེས་སུ་འབྲངས་ཡོད་པ་རེད། ཡིན་ནའང་དམངས་ཁྲོད་ཀྱི་སྲོལ་རྒྱུན་ཞིག་དང་རིག་གནས་ཤིག་ལ་གདེང་འཇོག་གམ་སྲུང་ཉར་བྱེད་སྐབས་རྒྱུ་མཚན་དང་གནས་ལུགས་གཅིག་པོའི་ངོས་ནས་བལྟ་བ་ནི་མཐའ་གཅིག་ཏུ་ལུགས་མཐུན་ཞིག་ཡིན་པའི་ངེས་པ་མེད། རྒྱུ་མཚན་ནི་དམངས་ཁྲོད་ཀྱི་སྲོལ་རྒྱུན་ནམ་རིག་གནས་གང་མང་ཞིག་གི་མགོ་ཁུངས་རྒྱུ་མཚན་དང་གནས་ལུགས་ཀྱི་རྗེས་སུ་མི་འབྲངས་པར་དད་པ་ཡིད་ཆེས་ཀྱི་རྗེས་སུ་འབྲང་བའི་དུས་སྐབས་ལ་ཐུག་ཡོད། ཡང་ན་དེང་སང་གི་རྒྱུ་མཚན་གནས་ལུགས་ཀྱི་རྣམ་བཞག་དང་ཐ་དད་པའི་དུས་སྐབས་ལ་ཐུག་ཡོད་སྲིད། ཡང་ན་སྲོལ་རྒྱུན་གང་ཞིག་ཐོག་མར་བྱུང་བའི་དུས་སུ་གནས་ལུགས་རྒྱུ་མཚན་ཡོད་ན་ཡང་སྲོལ་རྒྱུན་དེ་དུས་རབས་རིམ་བརྒྱུད་ཀྱི་ཁྲོད་དུ་གནས་ལུགས་དང་རྒྱུ་མཚན་ཡལ་ནས་ད་ལྟ་སྲོལ་རྒྱུན་གཅིག་པོ་ལྷག་ཡོད་པའང་ཡིན་སྲིད།དེའི་སྟབས་ཀྱིས་ང་ཚོའི་སྤྱིར་བཏང་གི་གནས་ལུགས་རྒྱུ་མཚན་གྱི་བསམ་བློ་གཏོང་སྟངས་སམ་ཡང་ན་ལྟ་གྲུབ་བྱེ་བྲག་པ་ཞིག་གི་ལམ་ནས་དམངས་ཁྲོད་ཀྱི་སྲོལ་རྒྱུན་ནམ་རིག་གནས་ཤིག་གི་རིན་ཐང་ལ་ཁ་ཚོན་གཅོད་པ་ནི་མ་འོས་པ་ཞིག་ཡིན་ཞིང་། དེལྟར་བྱེད་པ་ལ་སྤྱིར་བཏང་གི་རྒྱུ་མཚན་དང་གནས་ལུགས་ལས་འདས་པའི་བསམ་བློ་གཏོང་སྟངས་ཤིག་དགོས་ཀྱི་རེད།

མདོར་ན། སྤྱིར་བཏང་ཡར་རྒྱས་ཀྱི་རྗེས་སུ་མི་འབྲང་བ་དང་། ཪྙིང་ཞེན་བྱེད་པ། རྒྱུ་མཚན་གྱི་རྗེས་སུ་མི་འབྲང་བ་ནི་སྤྱི་ཚོགས་ཡར་རྒྱས་ཀྱི་གེགས་ཤིག་ཡིན་ན་ཡང་། དམངས་ཁྲོད་ཀྱི་རིག་གནས་དང་སྲོལ་རྒྱུན། རིག་གནས་སྲུང་སྐྱོབ་བྱེད་པ་འདི་གསུམ་སྐབས་དེར་གྲོགས་སུ་བསྟེན་དགོས། འདི་ལྟར་བྱེད་པ་ནི་ཪྙིང་ཞེན་དང་རྒྱུ་མཚན་གྱི་རྗེས་སུ་མི་འབྲང་བའི་བྱེད་སྟངས་ཀྱིས་ང་ཚོར་དབང་སྒྱུར་བྱས་པ་མིན། ང་ཚོས་དེ་དག་ཕར་ལ་དབང་སྒྱུར་བྱས་པ་ཡིན་སྟབས་ང་ཚོ་དོན་དངོས་ཀྱི་ཡར་རྒྱས་ལ་མི་དགའ་བའི་ཪྙིང་ཞེན་པ་དང་རྒྱུ་མཚན་ལ་མི་ཉན་པའི་གླེན་པ་ཨུ་ཚུགས་ཅན་ཡང་མིན། དེ་རིང་ངས་བཤད་འདོད་པ་ནི་འདི་ཙམ་ཡིན། འདི་ལ་བགྲོ་གླེང་གི་གཏམ་བཤད་ཅེས་འབོད་པ་ ལས་བསམ་ཐོ་ཞེས་བོས་ན་འགྲིག་པ་འདྲ། འདི་ནི་ངས་མགྲོན་ཤོག་དང་ལེན་བྱས་རྗེས་ཅི་ཞིག་བཤད་པ་ལ་བསམ་བློ་བཏང་བའི་བསམ་ཐོ་ཙམ་ཡིན། ཐུགས་རྗེ་ཆེ། །