ཕ་རྡོ་ནི་དུས་ཀྱི་ཁྱད་པར་དང་ཕོ་མོའི་དབྱེ་བ་མེད་པར་ཅི་དགར་རྩེ་ཆོག་པའི་རྡོ་ཡི་རྩེད་མོ་ཞིག་ཡིན་ལ། དེ་ཡང་ཐེ་གེ་དང་འབའ་རྡེའུ། འགྱིག་སོགས་དང་འདྲ་བར་བྱིས་པ་ཚོས་ཉིན་ཞག་ཁྲིགས་སུ་རེ་བའི་རྩེད་མོའི་རྣམ་གྲངས་ཤིག་ཡིན། རྩེད་མོ་དེའི་མིང་ལ་ང་ཚོའི་ཕ་མེས་ཡང་མེས་ཀྱི་རིང་ནས་ཕ་རྡོ་ཞེས་འབོད་ཀྱང་། དེང་སྐབས་དེའི་མིང་གི་ཐོགས་ཚུལ་དང་བྱུང་རིམ། འཕེལ་འགྲོས་ཐད་ལ་འགྲེལ་སྟངས་ཁུངས་བཙུན་ཞིག་སུ་ལའང་བསྙད་རྒྱུ་མེད།

ཕ་རྡོ་ལ་རྩེད་མཁན་གྱི་ཆ་ནས་ཉུང་རྩེད་དང་མང་རྩེད་བྱེད་སྲོལ་ཡོད་ལ། ཆེ་རྩེད་དང་ཆུང་རྩེད་བྱེད་སྲོལ་ཡང་ཡོད། དེ་ཡང་ཉུང་རྩེད་ལ་མི་གཉིས་རེ་དང་གསུམ་རེ་མཉམ་དུ་རྩེ་བ་དང་། མང་རྩེད་ལ་མི་ལྔ་རེའམ་དྲུག་རེ། ཡང་ན་བདུན་ནས་བརྒྱད་དང་། དགུ་ནས་བཅུ་ཡན་གྱི་རྩེད་མཁན་མང་པོ་འདུས་ནས་ཁྲོམ་རྩེད་བྱེད་པ་ཡིན། ཆུང་རྩེད་ལ་ལོ་ཆུང་བྱིས་པ་རྩེ་བ་ཡོད་ལ། ཆེ་རྩེད་ལ་ཕོ་གསར་མོ་གསར་རྩེ་བའང་ཡོད།

ཕ་རྡོ་རྩེ་བར་མེད་དུ་མི་རུང་བ་ནི་རྡོ་ཡིན། རྡོ་ལ་ཐུན་མོང་གིས་སྤྱོད་པའི་འབེན་རྡོ་དང་རྩེད་མཁན་རང་གིས་སྤྱོད་པའི་འཕེན་རྡོ་གཉིས་ཡོད་པ་ལས། འབེན་རྡོ་སྲ་ལ་ཆེ་བ་དང་། འཕེན་རྡོ་ཆུང་ཆུང་བཀོལ་བདེ་ལག་ཏུ་འཚམ་པ་ཞིག་ཅི་ནས་ཀྱང་ཡིན་དགོས། གལ་ཏེ་དེ་ལས་ལྡོག་ཚེ། འབེན་རྡོ་གས་ཆག་ཏུ་འགྲོ་ཉེན་ཡོད་ལ།འཕེན་རྡོ་ལག་པས་འཁྱེར་འཇོག་དང་རྐང་པས་འཕེན་འདེད་བྱེད་དཀའ་བ་ཡོད།

ཕ་རྡོའི་རྩེད་ར་ཐང་ཡིན་ཏེ། ཐོག་མར་ཐང་ཡངས་ས་བདེ་ས་ཞིག་འདེམས་རྗེས། ཉམས་མྱོང་འཛོམས་ལ་བྱང་ཆ་ལྡན་པ་ཞིག་གིས་རྐང་ཤུལ་འཐེན་ནས་མཐའ་བཞི་ཐིག་བཞིས་བཅད་པའི་གྲུ་བཞི་ནར་དབྱིབས་ཤིག་སར་ཕབ་པ་ཡིན་ལ། དེ་ལ་ཐོག་མའི་ཐིག་འདེབ་ཅེས་བྱ། དེ་ལ་ལྟོས་བཅས་ཀྱིས་གོང་ཐིག་དང་འོག་ཐིག གཡས་ཐིག་དང་གཡོན་ཞིག་ཅེས་བཀར་ནས་རེ་རེའི་བྱེད་ནུས་གཏན་འཁེལ་བྱས་ཡོད་པ་ལས། གཡས་ཐིག་དང་གཡོན་ཐིག་ནི་རྩེད་མཁན་གྱི་མང་ཉུང་ཚོད་འཛིན་བྱེད་དང་། གོང་ཐིག་དང་འོག་ཐིག་ནི་འབེན་རྡོ་འཇོག་ས་དང་རྩེད་མཁན་སྡོད་ས་བྱེད་དོ། །

ཕ་རྡོའི་འགྲན་སྟངས་ལ་རྩེད་མཁན་གྱི་མང་ཉུང་དང་ཆེ་ཆུང་སོགས་གང་ལའང་མ་ལྟོས་པར་ཤོག་ཁག་གཉིས་སུ་ཕྱེས་ནས་ལག་གི་དྲང་ཚད་དང་།རྡོག་པའི་གཟིར་ཚད། ལུས་ཀྱི་མཆོང་རྩལ་དང་།དབུགས་ཀྱི་འབྱིན་ཚད་སོགས་འགྲན་པ་ཡིན་ཞིང་།དེའི་འགྲན་རིམ་ལ་དང་པོ་རྡོ་འཕེན་དང་། གཉིས་པ་འཁེལ་རྡོ། གསུམ་པ་སྔུན་རྡོ། བཞི་བ་གཞུག་རྡོ། ལྔ་བ་རྐང་འོག དྲུག་པ་རྡོག་འཕེན། བདུན་པ་ལྡ་ལྡིང་བཅས་རིམ་པ་བདུན་དུ་ཕྱེས་ཡོད། དེ་ལས་དང་པོ་རྡོ་འཕེན་ནི་ཕྱོགས་གཉིས་ཀྱིས་འཐུས་མི་རྩེ་གྲ་རེ་འདེམས་ནས།འཕེན་རྡོའི་མཐོ་དམའ་འགྲན་ནས་སྔ་རྩེད་ཕྱི་རྩེད་ཀྱི་གོ་རིམ་རྩོད་པ་ཡིན། དེ་ཡང་འཕེན་རྡོའི་མཐོ་དམའི་ཤན་ནི་གོང་ཐིག་གིས་འབྱེད་དེ། འཕེན་རྡོ་གོང་ཐིག་དང་ཅི་ཙམ་ཉེ་ན་དེ་ཙམ་གྱིས་མཐོ་བ་ཡོད་ལ། གོང་ཐིག་དང་ཅི་ཙམ་བཀྱེད་ན་དེ་ཙམ་གྱིས་དམའ་བ་ཡོད་མོད། འོན་ཀྱང་། འཕེན་རྡོ་གོང་ཐིག་ལས་བརྒལ་མི་རུང་ལ་གོང་ཐིག་ཏུ་འཁེལ་ཡང་མི་རུང་ངོ་། །གཉིས་པ་འཁེལ་རྡོ་ནི་འཕེན་རྡོ་ལག་པས་དྲང་མོར་འཕངས་ནས་འབེན་རྡོ་ཐད་ཀར་བསྒྱེལ་པར་བྱེད་པ་ཡིན་ལ། གསུམ་པ་སྔུན་རྡོ་ནི་ཐོག་མར་འཕེན་རྡོ་འབེན་གྱི་སྔུན་དུ་གཡུགས་པ་དང་། དེ་ནས་ཕ་རོལ་པའི་དགོངས་པ་ལྟར་རྡོག་སྣེ་ཡིས་འདེད་རྒྱག་གཏོང་བ་ཡིན། དེ་བཞིན་དུ་བཞི་བ་གཞུག་རྡོ་ཡང་ཐོག་མར་འབེན་རྡོའི་གཞུག་ཏུ་འཕེན་པ་དང་། དེ་ནས་ཕ་རོལ་པའི་དགོངས་པ་ལྟར་རྐང་པས་འདེད་རྒྱག་གམ། ལག་པས་ལྟག་འཕེན་བྱེད་པ་ཡིན། ལྔ་བ་རྐང་འོག་ནི་རྐང་བ་ཡ་གཅིག་བཀྱགས་ཏེ་འཕེན་རྡོ་རྐང་འོག་ནས་འཕེན་པ་ཡིན་པ་དང་། དྲུག་པ་རྡོག་འཕེན་ནི་འཕེན་རྡོ་རྡོག་སྣེར་དྲངས་ནས་རྒྱང་ནས་འཕེན་པར་བྱེད། བདུན་པ་ལྡ་ལྡིང་ནི་འཕེན་རྡོ་རྐང་པ་གཉིས་ཀྱི་བར་དུ་བཙིར་ནས་ལྡིང་ཐེངས་གཅིག་གམ་གཉིས། ཡང་ན་གསུམ་གྱི་མཚམས་ནས་འཕེན་པ་ཡིན་ནོ། །གཞན་ཡང་། འཕེན་རྡོ་ལག་པས་གཡུགས་པ་ཡིན་ན་འདྲ། རྐང་པས་དེད་པ་ཡིན་ཡང་རུང་། ཕ་རྡོ་རྩེད་པར་དོ་སྣང་བྱེད་དགོས་ས་ནི་རྡོ་འཕངས་འཕངས་ཐམས་ཅད་འབེན་ལ་ཕོག་པ་དང་།ཕོག་ཚད་བསྒྱེལ་པར་བྱེད་པ་དེ་ཡིན་ལ། དེ་ནི་རང་གི་རྩེད་སྐལ་མུ་མཐུད་ཡུན་བསྲིང་བྱེད་པའི་བྱ་བ་གཙོ་བོ་ཡིན།

ཕ་རྡོའི་རྒྱལ་ཕམ་ནི་རྩེད་རིམ་དེ་དག་བརྒྱུད་ནས་ཐག་གཅོད་ཀྱིན་ཡོད་ཅིང་། ཕྱོགས་གཉིས་ཀྱི་རྒྱལ་ཕམ་ཐག་བཅད་ཚེ། རྒྱལ་ཁ་འཐོབ་མཁན་གྱིས་ཕམ་ཁ་ཉོ་མཁན་ལ་ཆད་པ་གཅོད་པ་ཡིན། ཆད་པའི་རྣམ་གྲངས་ལ་གཙོ་བོ་གཉིས་ཏེ། སླ་བ་ཨ་འདེབ་དང་དཀའ་བ་རྟ་རྒྱུག་གོ །དེ་ཡང་དང་པོ་ཨ་འདེབ་ནི་རྒྱལ་ཁ་འཐོབ་མཁན་གྱིས་འཕེན་རྡོ་རྡོག་སྣེར་དྲངས་ཏེ་ཤུགས་ཀྱིས་རྒྱང་དུ་སྤུར་ཚེ། ཕམ་ཁ་ཉོ་མཁན་གྱིས་ཨ་འདེབ་བཞིན་རྡོ་བཏུས་ནས་སྔར་གནས་སུ་བསྐྱལ་དགོས་པ་དེ་ཡིན་མོད། ཨ་འདེབ་པའི་གོ་རིམ་ཁྲོད་ནས་ཨ་མཚམས་ཆད་མི་རུང་བ་ནི་ཆེས་གནད་འགག་ཡིན།གལ་ཏེ་གནད་འགག་གི་དོན་ལ་བར་ཆད་བྱུང་ཚེ།མཚམས་ཆད་པའི་གནས་དེ་ནས་འགོ་བརྩམས་ཏེ་ཕ་རོལ་པོ་འཁུར་ནས་རྩེད་རར་གཏུགས་དགོས་པ་ཡིན།དེ་ལ་ཀུན་གྱིས་བརྒྱ་ཁ་གཅིག་གྲགས་ཀྱིས་རྟ་རྒྱུག་པ་ཞེས་འབོད་ཅིང་། མིང་དེ་བོས་པ་དོན་ལ་གནས་པ་ཞིག་ཡིན། དེ་ནི་རྒྱལ་ཁ་འཐོབ་མཁན་སྟེང་གི་མི་རུ་བྱས་ཏེ་རྟ་ལ་ལྕག་གིས་སྐུལ་བའི་ཟོལ་གྱིས་ཆོངས་དང་། རྒྱུགས་ཞེས་སྐུལ་པའི་མོད་ལ་ཕམ་ཁ་ཉོ་མཁན་འོག་གི་རྟ་རུ་བརྫུས་ནས་བདག་པོའི་འདོད་དང་བསྟུན་ནས་བང་རྒྱུག་བྱེད་པ་ཡིན།

ཕ་རྡོའི་རོལ་རྩེད་ནི་ལྷམ་གྱི་དགྲ་ཡིན། ཕ་རྡོ་རྩེད་ཐེངས་འགའ་ཡིས་རས་ལྷམ་ཅི་འདྲ་བཟང་ཡང་སྣ་མགོ་ཐལ་ནས་མཐེ་བོང་ཕྱི་རུ་ཕྱུང་བར་ཐེ་ཚོམ་མེད་མོད། ཕ་རྡོའི་རོལ་རྩེད་ནི་ཕ་མེས་བློ་གྲོས་ཅན་ཚོས་གསར་དུ་བཏོད་པའི་གདོད་མའི་ལུས་རྩལ་གྱི་བྱེད་སྒོ་ཕུན་སུམ་ཚོགས་པ་ཞིག་ཡིན་པས། དེའི་རྒྱུན་མུ་ནས་མུ་རུ་བསྲིང་རྒྱུ་ནི་ང་ཚོའི་འོས་འགན་བླ་ན་མེད་པའོ། །