དེ་ཡང་ཁ་ཅིག་གིས། རྒྱ་ནག་མཁན་པོའི་གཞུང་ལུགས་ཀྱི།། ཡི་གེ་ཙམ་ལ་བརྟེན་ནས་ཀྱང་།། དེ་ཡི་མིང་འདོགས་གསང་ནས་ནི།། ཕྱག་རྒྱ་ཆེན་པོར་མིང་བསྒྱུར་ནས།། ད་ལྟའི་ཕྱག་རྒྱ་ཆེན་པོ་ནི།། ཕལ་ཆེར་རྒྱ་ནག་ཆོས་ལུགས་ཡིན།། ཞེས་པ་སོགས་ལ་གཞི་བཅོལ་ནས་ཕྱག་ཆེན་འདི་ཧྭ་ཤང་གི་ལུགས་ཡིན་པར་སྨྲ་བ་ནི་རང་གི་ཞེ་འདོད་སྒྲུབ་པའི་རྫུན་རིབ་ཁོ་ན་ཡིན་ཏེ། གཤམ་དུ་ལྟ་སྒོམ་སྤྱོད་འབྲས་དང་སྦྱར་ནས་ཕྱག་ཆེན་དང་རྒྱ་ནག་ཧྭ་ཤང་གི་ལུགས་ཡེ་ནས་མི་མཐུན་ཚུལ་འཆད་པ་ལ།    

    དང་པོ། ལྟ་བ་མི་མཐུན་ཚུལ།     

  ཧྭ་ཤང་ནི་བསམ་བྱུང་དང་སྒོམ་བྱུང་གི་ཤེས་རབ་མི་འདོད་ལ། འདིར་ནི་ཤེས་རབ་དེ་གཉིས་ཀྱིས་གནས་ལུགས་ཀྱི་ལྟ་བ་འཚོལ་བ་དང་དེ་རྟོགས་པར་བྱེད་དགོས་པའི་ཕྱིར།

     གཉིས་པ། སྤྱོད་པ་མི་མཐུན་ཚུལ།     

 ཧྭ་ཤང་ནི་བསགས་སྦྱང་གི་ལས་བླུན་པོ་དེ་ཉིད་མི་ཤེས་པའི་དབང་དུ་བྱས་ནས་གསུངས་པར་འདོད་ཅིང་དོན་ལ་བསགས་སྦྱང་ཁྱད་དུ་གསད་ལ། འདིར་སྟོང་ཉིད་རྒྱུ་འབྲས་སུ་ཤར་བ་ཞེས་བྱ་བ་སྟོང་ཉིད་རྟོགས་ནས་རྒྱུ་འབྲས་ཀྱི་རྟེན་འབྲེལ་ལ་ཤིན་ཏུ་བརྩོན་དགོས་པའི་ཕྱིར་དང་། དེ་བཞིན་དུ་རོ་གཅིག་དུ་མའི་རྟེན་འབྲེལ་དུ་ཤར་མ་ཤར་དང་། ཀུན་རྫོབ་ལ་རང་བྱན་ཚུད་མ་ཚུད་དང་། གཟུགས་སྐུའི་ས་བོན་འདེབས་ཤེས་མ་ཤེས་ལ་སོགས་པའི་རྣམ་དབྱེ་ཤིན་ཏུ་ཕྲ་བ་ཡོད་པའི་ཕྱིར། 

     གསུམ་པ། སྒོམ་པ་མི་མཐུན་ཚུལ།       

ཧྭ་ཤང་ནི་གང་ཅི་ཡང་ཡིད་ལ་མི་སེམས་ཤིང་ཡིད་ལ་མི་བྱེད་པར་འདོད་པར་འདོད་ལ། འདིར་ནི་ཐོག་མའི་གནས་པ་སྒྲུབ་ནའང་དམིགས་པ་ལས་མ་ཡེངས་པའི་དྲན་པ་དང་། བྱིང་རྒོད་རྟོགས་པའི་ཤེས་བཞིན་གསལ་བོར་བསྟེན་དགོས་པའི་ཕྱིར་དང་། ཧྭ་ཤང་ནི་སྒོམ་ལ་རྟོག་དཔྱོད་ཅི་ཡང་མི་བྱེད་ལ། འདིར་ནི་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་སྒོམ་དོན་ལ་རྟོག་ཅིང་དཔྱོད་དགོས་པའི་ཕྱིར། ཧྭ་ཤང་ནི་མི་རྟོག་པར་ཙོམ་འཇོག་བྱེད་པ་ལས་སྐྱོན་ཅི་ཡང་མི་རྟོག་ལ། འདིར་ནི་དེ་འདྲ་ལ་རྟོག་མེད་སྟེངས་པོ་ཞེས་སྐྱོན་དུ་བྱེད་པའི་ཕྱིར། ཧྭ་ཤང་ནི་དྲན་རིག་དང་བྲལ་བའི་ལུང་མ་བསྟན་གྱི་ཡིད་ལ་མི་བྱེད་པའི་ངང་དུ་འཇོག་ལ། འདིར་ནི་སྒོམ་དོན་སོ་སོའི་དྲན་རིག་ལས་སྐད་ཅིག་ཀྱང་མ་ཡེངས་པ་དགོས་པའི་ཕྱིར། ཧྭ་ཤང་ནི་ཡིད་ལ་ཅི་ཡང་མི་བསམ་པར་བྱས་པ་ཁོ་ནས་ཆོག་ལ། འདིར་ནི་དེ་ལྟ་བུ་ལ་སོགས་པ་གོལ་ས་དང་ཤོར་སར་བྱས་ནས་དེའི་སྐྱོན་སེལ་དགོས་པའི་ཕྱིར། 

  བཞི་བ། འབྲས་བུ་མི་མཐུན་ཚུལ།     

 ཧྭ་ཤང་ནི་ཅི་ཡང་མི་སེམས་པ་ཙམ་གྱི་རྒྱུན་གོམས་པ་ཁོ་ནས་ཐར་བ་ཐོབ་པར་འདོད་ལ། འདིར་ནི་དེ་ཁོ་ན་ཉིད་རྟོགས་ནས་ཀྱང་དེ་ལས་མ་ཡེངས་པའི་ཚུལ་གྱིས་གོམས་པར་བྱས་ནས་གཉིས་སྣང་ཕྲ་ཞིང་ཕྲ་བའང་མ་ལུས་པ་དག་དགོས་པར་བཞེད་པའི་ཕྱིར།      

     ཞེས་པ་འདི་ནི་དེང་གི་ཆར་ཁ་ཅིག་གིས་བོད་ཀྱི་ཆོས་བརྒྱུད་ཁག་རྒྱ་ནག་ཧྭ་ཤང་གི་ལུགས་སུ་སྨྲས་ཤིང་ཡོད་རྒྱ་ནག་ལ་ཁུངས་བཅོལ་བཞིན་པ་ལ་ཤིན་ཏུ་མི་འདོད་པའི་སྡང་མིག་གི་ཚུལ་དུ་འཁོན་མགོན་པོ་སྐྱབས་ཀྱིས་ཟིན་བྲིས་སུ་བཏབ་པ་དགེའོ།།