ད་ལོ་པེ་ཅིང་དུ་བསྡད་པའི་སྐབས་གཡང་ཕྱུག་མཚོའི་གཞས་གསར་༼  སེམས་དང་སེམས་པ་འདྲེས་ན་  ༽ ཞེས་པ་དེ་ཉན་པ་ཡིན། སྐབས་དེར་ཁོ་མོའི་སྐད་ངག་དང་འགྲོས་བབ་སྟངས་དེ་བཞིན་གཞས་ཚིག་ནང་དོན་བཅས་ལ་ཧ་ཅང་དགའ་གུས་བྱུང་། དེ་ཡང་ཐོག་མར་གཞས་གློད་སྐབས་དུས་རྒྱུན་གྱི་ཨ་མདོའི་འབྲོག་གླུ་ལྟ་བུ་རེད་བསམ་ནས་རེ་སྒུག་དེ་ཙམ་མ་བྱས། འོན་ཀྱང་ཁོ་ཧྥེ་ཞིག་འཐུང་ཞོར་ལ་མདོ་དབུས་ཁམས་གསུམ་ཀུན་གྱིས་གོ་བའི་སྤྱི་སྐད་གླུ་གཞས་གསལ་ཞིང་འཇམ་པ་འདི་ཐོས་མ་ཐག་སྐྱེས་མ་ཡིད་འོང་མ་ཞིག་ཁོ་བོའི་མིག་ལམ་དུ་རིམ་གྱིས་འཆར།

དེ་རིང་དབུས་ལྷ་ལྡན་དུ་ལོག་སླེབས་རྗེས་ཡང་བསྐྱར་ཉི་འོད་འོག་ཁོ་མོའི་སེམས་དང་སེམས་པ་འདྲེས་ན་ཉན། བགྲངས་བྱ་ཁ་ཤས་གོང་འདས་ཟིན་པའི་བརྩེ་འདུང་ཞིག་ཀྱང་དྲན་ནས་རེ་ཞིག་སྐྱོ་ཤས་ཀྱི་དྲན་འཆར་གྱིས་གདུངས།  འཁོར་བའི་ནང་ལས་ཀྱིས་འཕྲད་པའི་སྐྱེ་བོ་ཤིན་ཏུ་མང་ཡང་སེམས་དང་སེམས་པ་འདྲེས་པའི་བརྩེ་གྲོགས་ནི་ཤིན་ཏུ་དཀོན། ཁ་ཟུར་བྱམས་པ་མིན་ན། སྙིང་གཏམ་ཚིག་གསུམ་བཤད་ཆོག འོན་ཀྱང་སེམས་དང་སེམས་པ་ཇི་ལྟར་འདྲེས་ཐུབ། དེང་དུས་མི་མང་པོ་ལུས་འདྲེས་པ་ལས་སེམས་འདྲེས་མི་ཐུབ་པས་འ་འུར་གྱི་འཚོ་བ་དང་ཁེར་རྐྱང་གི་རྣམ་ཤེས་གཉིས་བཟོད་དཀའ་བའི་འགལ་ཟླར་གྱུར།

བདག་གིས་ཐེངས་དང་པོ་སེམས་དང་སེམས་པ་འདྲེས་ན་ཉན་རྗེས་པོད་ཕྲན་ནང་བརྒྱུད་བསྐུར་དང་བཅས་གཡང་ཕྱུག་མཚོའི་གཞས་འདི་སེམས་ཀྱི་གཏིང་ལ་ཐིམ་སོང་། ཁོ་མོའི་སྐད་ངག་ཁྲོད་ནས་བུད་མེད་དར་མའི་ལྷོད་ཤིང་འཇམ་པའི་གཤིས་བཟང་ཞིག་དང་ཕུགས་རིང་ལ་རྒྱུན་འཁྱོངས་བའི་སེམས་ཤུག་ཤིག་ཀྱང་ཚོར་བྱུང་ཞེས་སྨྲས། གཞས་འདིའི་ནང་འགྲོ་བ་ཀུན་གྱིས་འཚོལ་བར་རེམ་པའི་བརྕེ་འདུང་དྭངས་མ་ཞིག་ལ་རེ་སྒུག་བྱས་ཡོད། སེམས་དང་སེམས་པ་འདྲེས་ན། གཏན་གྱི་འདུན་མ་བཅོལ་ཆོག འདི་ནི་མཐོ་སྒང་བོད་པ་གཅིག་པོ་མིན་པར་འགྲོ་བ་ཀུན་གྱིས་འཚོལ་སྙེགས་བྱེད་པའི་མི་ཆོས་རིང་ལུགས་ཀྱི་བརྗོད་བྱ་གཙོ་བོ་ཞིག་རེད། བདག་གིས་མི་ངོ་མི་ཤེས་པ་དང་ཚོད་དཔག་དཀའ་བ་འཕྲད་སྐབས་ཆབ་སྲིད་མ་གླེང་ཆོས་ལུགས་དད་མོས་མ་གླེང་བརྩེ་དུང་གླེང་ཞེས་ལབ་ཀྱིན་ཡོད། མཐོ་བའི་དཔོན་པོ་དང་དམའ་བའི་སྤྲང་པོ་ཐམས་ཅད་ལ་ཞེན་ཆགས་སའི་བརྩེ་བ་དང་སེམས་དང་སེམས་འདྲེས་ས་ཞིག་ནི་ཡོད་ངེས།

བརྩེ་འདུང་རེ་སྒུག་བྱས་པའི་གླུ་དབྱངས་འདི་འདྲ་ཇི་ལྟར་གྱེར་དགོས། སྔོན་དུས་གྲགས་ཅན་གཞས་མ་ས་རའ་པོ་རོག་ཏྲ་མན(Sarah Brightman)གྱིས་གྱེར་བའི་དབྱིན་ཇིའི་གནའ་བོའི་བརྕེ་འདུང་དམངས་གཞས་༼  སེ་ཁར་པོའོ་རོ་ཁྲོམ་ར།  ༽(Scarborough Faire)ཞེས་པ་འདི་ཁོ་བོ་སློབ་ཆེན་སྐབས་ཡང་ཡང་ཉན་ནས་སེམས་ལ་གཡོ་འགུལ་མང་པོ་ཐེབས་མྱོང་། ལན་བསྐུར་བ་ལྟ་བུའི་ཐོག་ནས་བརྩེ་འདུང་དྭངས་མ་ཞིག་གི་ལོ་རྒྱུས་བཤད་ཡོད་པ་དང་སེམས་གཏིང་གི་རེ་སྒུག་ཞིག་ཀྱང་ལྷང་ངེར་སྨྲས་ཡོད། ཁྱེད་རང་སེ་ཁར་པོའོ་རོ་ཁྲོམ་རར་ཕྱིན་ན་དེར་བཞུགས་བའི་སྐྱེ་བོ་ཞིག་ལ་འཚམས་འདྲི་ཞུ་རོགས། ཁོང་ནི་དེ་སྔོན་ངའི་བརྩེ་གྲོགས་དྭངས་མ་དེ་ཡིན། ཁོང་ལ་གུས་མོར་ཁབ་སྐུད་མེད་པའི་གྲེས་མའི་སྟོད་ཐུང་ཞིག་འཚེམས་རོགས་ཞུ། གཞས་ཚིག་འདི་ལྟ་བུ་སེམས་དང་སེམས་པ་འདྲེས་མྱོང་བའི་ལྷད་མེད་བརྩེ་འདུང་དྭངས་མ་འཛམ་གླིང་སྐྱེ་འགྲོས་ལོ་ནས་ལོ་བརྒྱུད་ནས་གྱེར་བཞིན་ཡོད། ནམ་ཡང་བསུན་རྒྱུ་མེད།  ས་རའ་པོ་རོག་ཏྲ་མན་གྱི་ཆུ་ཕྲན་དྭངས་མ་ལྟ་བུའི་སྐད་ངག་དེས་གཞས་དེར་ལོ་ཟླའི་གསོན་ཤུགས་ཤིག་སྤྲད་ཡོད་ལ་སྐྱེ་བོས་བརྩེ་འདུང་ལོ་རྒྱུས་དེར་རེ་སྒུག་བྱས་པའི་འདུན་པ་ཡང་ཡོ་ས་སུ་བསྐང་ཡོད། ད་འོ་ན་གཡང་ཕྱུག་མཚོས་སེམས་དང་སེམས་འདྲེས་ན་ཞེས་པའི་གླུ་དབྱངས་དེ་ཇི་ལྟར་གྱེར་ཡོད། སྐད་ངག་ཅུང་ཤས་དམའ་ལ་སྦོམ་པའི་ཐོག་ནས་བརྩེ་འདུང་དྭངས་མར་རེ་བའི་བུད་མེད་དར་མ་ཞིག་བདག་ཅག་གི་ཐོས་བྱེད་བརྒྱུད་སེམས་ཁམས་སུ་བསྐྲུན་ཡོད། ངག་འགྲོས་ལྷོད་ལ་བབ་པ་དེ་ཤིན་ཏུ་གལ་ཆེ། སྤྱིར་བཏང་བུད་མེད་དར་མ་ཞིག་ནི་སྨན་ཤར་མའི་ཚག་གི་ཚིག་གི་ཡོངས་སུ་དོར་ནས་གཤིས་བརྒྱུད་ལྷོད་ལ་འཇམ་པའི་ཁྱད་ཆོས་ཡོད། སྐབས་དེར་བུད་མེད་དེ་ནི་ཆེས་མཛེས་སྡུག་ལྡན་ལ་ལྟད་བཟོ་དོད་པའི་དུས་དང་། ཕམ་ཁ་མྱང་ཟིན་པའི་བརྩེ་འདུང་ཁ་ཤས་བརྒྱུད་རྗེས་རང་སེམས་མཐུན་ལ་བློ་གཏད་བཅོལ་ཆོག་པའི་བརྩེ་གྲོགས་ཤིག་རེ་སྒུག་བྱས་ཡོད། བྱས་ཙང་གཡང་ཕྱུག་མཚོས་གཞས་འདིའི་བརྗོད་དོན་ཡོངས་སུ་བསྐང་ཐུབ་ཡོད།

བདག་གིས་ན་མཉམ་བུད་མེད་གྲོགས་པོ་ཞིག་ལ་གཞས་འདི་གསན་རྗེས་མྱོང་བ་ཇི་ལྟར་བྱུང་ཞེས་དྲིས་པས། ཁོ་མོ་ན་རེ། ཐག་རིང་ལ་ཉེ་བ། གཏིང་རིང་ལ་ཐུང་བ། སྐབས་རེ་དགའ་ལ་སྐབས་རེ་སྐྱོ་བ། ཅུང་ཤས་སྐྱོ་སྣང་ལྡན་པ། སེམས་ཁམས་གཏིང་ནས་མི་ཞིག་ལ་དགའ་བསྡད་པ་ལྟ་བུ་འདུག་ཤེས་སྨྲས། དེ་ནི་བུད་མེད་དར་མ་ཞིག་གི་སེམས་ཁམས་རེད། མྱོང་ཟིན་པའི་འཚོ་བ་དང་བརྩེ་འདུང་ལ་ཕྱོགས་བསྡོམ་རེད་ལ་མ་འོང་པར་བཅང་པའི་རེ་སྒུག་ཤིག་ཀྱང་རེད། གཡང་ཕྱུག་མཚོས་གཞས་འདི་འདྲ་ཞིག་བརྒྱུད་ནས་སེམས་ཁམས་འདི་འདྲ་བསྐྲུན་ཐུབ་པ་ཁོ་མོའི་སྒྱུ་རྩལ་ཁྱད་ནུས་དང་བྲལ་ཐབས་མེད་ལ་ཡང་སྒོས་ཁོ་མོ་ནི་གླུ་མ་ཙམ་ཟད་སེམས་གཏིང་བརྩེ་བ་བསྐྲུན་མཁན་ཞིག་ཡིན་པ་ཡང་རྟོགསས་ཐུབ།

ཅོག་རོ་གཡུང་དྲུང་འགྱུར་མེད་ཀྱིས་ལྷ་ལྡན་གྲོང་ནས།

༢༠༡༦་༡༢་༡༥ཉིན།