ཨ་རིག་རྭ་རྒྱ་བས།

ངག་རྒྱུན་དང་པོ།  མགོ་ལོག་རུས་མཛོད་རྒྱས་པ་ཞེས་པར་བཀོད་པའི་ངག་རྒྱུན།

ཨ་རིག་རྭ་རྒྱ་དགོན་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་ནི་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་གྱི་ཁོངས་ན་ཡོད་ཅིང་གྲུབ་མཐའ་དགེ་ལུགས་པ་ཡིན། སྔོན་སོག་པོ་གུ་ཤྲཱི་ཧན་གྱིས་སོག་དམག་དང་མཚོ་སྔོན་གྱི་ཨ་རིག་མདའ་བཞིའི་དམག་དཔུང་མགོ་ལོག་དང་བེ་རི་ལ་དྲངས་བ་ཡིན་ལ། ཕྱིས་སུ་མགོ་ལོག་གི་དམག་གིས་སོག་དམག་ཕར་མཚོ་སྔོན་པོའི་འགྲམ་ལ་བདས་སྐབས། ཨ་རིག་དགེ་བཤེས་ཆེན་པོའི་མ་ཡུམ་སྐབས་དེར་མངལ་སྒྲིམ་ཡོད་ཕྱིར་བྲོས་མ་ཐུབ་པར་མགོ་ལོག་གིས་བཟུང་བ་རེད། ཕྱིས་སུ་བུ་ཞིག་སྐྱེས་པ་དེ་ཨ་རིག་དགེ་བཤེས་ཆེན་པོ་རྒྱལ་མཚན་འོད་ཟེར་ཟེར་བ་ཁོང་ཉིད་ཡིན་ནོ། །འདི་ཉིད་ནར་སོན་རྗེས་མགོ་ལོག་ཨ་སྐྱོང་འབུམ་གྱི་དཔོན་ཞིག་ལ་ས་ཞིག་བསླངས་ནས་སྤྱི་ལོ་1769 ལོར་རྭ་རྒྱ་དགོན་འདི་ཉིད་ཕྱག་བཏབ་གནང་བ་རེད།   ཅེས་བྲིས་ཡོད།

སྤྱིར་ན་ངག་རྒྱུན་དང་གཏམ་རྒྱུད་རྫུན་སྒྲིག་ལ་གོམས་པ་དག་ལ་མཐོང་བ་མངོན་གྱུར་བའི་བདེན་པ་ངོ་སྤྲད་ཀྱང་ཕན་ཐོགས་མེད་པ་ནི་སྔར་ནས་ཤེས་མོད། གཏམ་ལ་ལན་པོ་མེད་ན་ལྐུག་པའི་དཔེ་ལྟར་དང་། ཕྱིས་འབྱུང་གཟུར་གནས་ལོ་རྒྱུས་སྨྲ་བ་རྣམས་ལ་གོ་ལོག་མི་འབྱུང་ཆེད་གསལ་བཤད་མདོ་ཙམ་བརྗོད་ན།

སྔོན་གུ་ཤྲཱི་ཧན་གྱི་སྐབས་སུ་སོག་དམག་དང་མཚོ་སྔོན་གྱི་ཨ་རིག་མདའ་བཞི་ཟེར་བ་ཞིག་མཉམ་འབྲེལ་གྱིས་མགོ་ལོག་དང་བེ་རི་ལ་དམག་འདྲེན་ཚུལ་ཞིག་གཏན་ནས་མེད་དེ། གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་བེ་རི་བཅོམ་སྐབས་ནི་སྤྱི་ལོ་1639 ལོ་ཡིན་ལ། སྐབས་དེར་ཨ་རིག་མདའ་བཞི་ཟེར་བ་ཞིག་འཇིག་རྟེན་འདིར་གཏན་ནས་མེད་པས་སོ། །

རྒྱུ་མཚན་ནི། མདའ་བཞི་ཞེས་པའི་རུ་སྡེ་འདི་སྤྱི་ལོ་1729 ལོར་ཨ་རིག་ཏུ་འཁྲུངས་པའི་ལཱ་མོ་སྐུ་ཕྲེང་བཞི་བ་བློ་བཟང་ཐུབ་བསྟན་དགེ་ལེགས་རྒྱལ་མཚན་གྱི་སྐུ་དུས་སུ་བྱུང་བ་ཡིན་ལ། དེ་ཡང་སྐབས་དེའི་ཆིན་སྲིད་གཞུང་གི་ཆོག་མཆན་ལྟར་མཚོ་སྔོན་སོག་དཔོན་ཚོས་དད་གུས་ཀྱིས་སྦྱར་བའི་བོད་སོག་འདྲེས་མའི་རུ་སྡེ་ཞིག་ཡིན་ལ།  མང་ཆེ་བ་བོད་རིགས་ཡིན། གནས་གཞི་གཙོ་བོ་དེང་སྐབས་ཀྱི་མང་ར་ཕྱོགས་དེ་ཡིན། མདའ་ཞེས་པ་ནི་སོག་པོའི་དམག་རུ་སྒྲིག་པའི་སྲོལ་དུ་སྐབས་དེའི་མཚོ་སྔོན་དཔོན་ཁག་ཚོས་སྲིད་འཛིན་ཐད་མངའ་ཁོངས་དབྱེ་བའི་ལམ་ལུགས་ཞིག་སྟེ། མདའ་ཚན་དང་། མདའ་བཞི། མདའ་བདུན། མདའ་བཅུ་གཅིག་སོགས་ཀྱིས་མཚོན་ནོ། །

ལ་མོའི་ལྷ་སྡེ་དག་ཕྱིས་སུ་སྤྱི་ལོ་1822ཡས་མས་ནས་མཚོ་སྔོན་གཡས་རུའི་དཔོན་ཁག་གི་དབང་ཤུགས་ལ་ཉམས་ཆག་ཆེན་པོ་བྱུང་བས་ཡུལ་བུད་དེ་མཚོ་སྔོན་པོར་སོང་ཞིང་། སྐབས་དེ་ཡས་མས་སུ་ཆེས་གནའ་བོའི་དུས་ནས་བཟུང་རྨ་རྒྱལ་གངས་རིའི་རྒྱུད་དུ་སྡོད་པའི་ཨ་རིག་གི་སྡེ་ཚོ་མང་པོ་ཞིག་ཀྱང་མཚོ་སྔོན་པོར་སོང་། ཕྱིས་སུ་མི་རྣམས་ཀྱིས་ཨ་རིག་མདའ་བཞི་ཞེས་སྡེ་གཉིས་ཀར་ཐུན་མོང་དུ་འབོད་སྲོལ་ཞིག་ཆགས་རྗེས། གཟོད་ཨ་རིག་མདའ་བཞི་ཞེས་པ་ཞིག་ཡོད་པར་གྱུར། དེ་ཡང་མཚོ་ཁར་ཡོད་པའི་སྡེ་བ་གཉིས་ཀ་སྟོན་པ་ཞིག་ལས་ཨ་རིག་མདའ་བཞི་ཞེས་པའི་སྡེ་བ་གཅིག་ནི་གཏན་ནས་མེད་དོ། །

མདོར་ན་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་བེ་རི་ལ་དམག་དྲངས་ལོ་ནི་སྤྱི་1639 ཡིན་པ་དང་། ཁོང་ཉིད་སྤྱི་ལོ་1654 ལོར་སྐུ་གཤེགས། ཨ་རིག་མདའ་བཞི་ཞེས་པ་ནི་སྤྱི་ལོ་1827  ལོར་ཨ་རིག་མཚོ་ཁར་སོང་བའི་རྗེས་སུ་གཞི་ནས་སྡེ་བ་དེ་གཉིས་ཀའི་འབོད་མིང་དུ་ཆགས་པ་ཡིན་ན། ཁོ་ཚོ་གུ་ཤྲཱི་ཧན་དང་མཉམ་འབྲེལ་གྱིས་མགོ་ལོག་ལ་དམག་དྲངས་ཡོད་ན་ལྟས་ངན་ལས་ཅི་ཞིག་ཡིན། མུན་ནག་ཧོལ་རྒྱུགས་ཀྱི་ལོ་རྒྱུས་འདི་འདྲ་འབྲི་བར་སུས་ཀྱང་བཙན་སྐུལ་བྱས་པ་མེད་པས།  མི་ཤེས་པ་ལ་ལོང་བཤད་རྒྱག་པའི་ཁྲལ་འདི་ཁུར་དགོས་དོན་ག་ལ་ཡོད་དེ། བླུན་པོ་སྨྲ་བ་ཉུང་ན་མཛེས་ཞེས་སྔར་ནས་གྲགས་པས་སོ། །

གཞན་ཡང་། ཨ་རིག་མཚོ་ཁར་སོང་བ་དེ་མགོ་ལོག་གིས་སོག་པོ་དང་མཉམ་དུ་དེད་པ་ཞིག་ག་ལ་ཡིན་ཏེ། ལོ་རྒྱུས་ཡིག་ཚང་གང་འདྲ་ཞིག་གི་ནང་མགོ་ལོག་གིས་ཨ་རིག་གམ་ཡང་ན་སོག་པོ་མཚོ་ཁར་དེད་པའི་བརྗོད་པ་གཅིག་ཙམ་སྟོན་རྒྱུ་ཡོད་དམ། གཏན་ནས་ཡོད་མི་སྲིད་དེ། ཨ་རིག་མཚོ་ཁར་སོང་བ་ནི།  སྐབས་དེའི་མཚོ་སྔོན་བོད་ཁུལ་ལ་སྐྱིད་སྡུག་མགོ་འདྲེན་ཐད་གཅིག་གྱུར་གྱི་སྲིད་གཞུང་མེད་པ་དང་གཅིག  1723 ལོའི་བློ་བཟང་བསྟན་འཛིན་གྱི་རྒྱ་རྒོལ་ལ་ཕམ་ཉེས་བྱུང་རྗེས། ཆིན་སྲིད་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་གཏན་ནས་མཚམས་མ་བཞག་པ་དང་གཉིས། རྒྱུ་རྐྱེན་སྟོབས་ལྡན་དེ་གཉིས་དང་འབྲེལ་ནས་མགོ་ལོག་དང་སྦྲ་ནག་གི་ཇག་རྐུན་ཀྱང་ཆིན་རྒྱལ་གྱི་དམག་དང་མཉམ་སྡོང་གིས་ཨ་རིག་ལ་འཕྲོག་བཅོམ་བྱས་པ་དང་གསུམ། བླ་མ་རེ་འགས་མཚོ་སྔོན་པོར་སོང་ན་དུས་བདེ་ཞོད་འཇགས་ཡོང་སྐད་ཀྱི་ལུང་བསྟན་བརྒྱབ་པ་དང་བཞི་བཅས་ལས་བྱུང་ལ། ལྷག་པར་དུ་རྒྱུ་རྐྱེན་ཕྱི་མ་དེ་ལ་བརྟེན་ནས་སྡེ་བའི་ནང་མ་འཆམ་པར་བྱུང་བ་ཞིག་ལས་མགོ་ལོག་གིས་དེད་སོང་བ་ཞིག་ག་ལ་ཡིན་ཏེ་གཏན་ནས་མིན་ནོ། །

ཨ་རིག་གི་སྡེ་གཞུང་མཚོ་སྔོན་པོར་སོང་ཤུལ་དུ་ད་དུང་སྡེ་ཚོ་ཆུང་བ་མང་པོས་ས་བཟུང་སྟེ་ཤུལ་དུ་བསྡད་ཅིང་། དེ་དག་ལ་མགོ་འཁྲིད་མཁན་ཀྱང་དམེ་སྐུ་སེང་ཆེན་དང་། ཙང་ཀི་དབང་གྲགས་རྡོ་རྗེའི་ཤུལ་འཛིན་དུ་གཏོགས་པའི་བློན་པོ་དུང་རྣ་ཅན་ཟེར་བ་སོགས་ཡོད་ལ། དེ་དག་གི་བུ་རབས་ཚ་བརྒྱུད་དུ་ད་ལྟའི་ཙང་ཀི་དང་། ནགས་སྐོར། སུ་རིག ཧ་ཤི་ཧ་བཅས་ཚོ་ཆེན་བཞི་དང་། ཆུ་བ་ཚོ་ཆེན་གསུམ།  ད་ལྟ་རྟ་བོའི་ཁོངས་སུ་གཏོགས་པའི་རྒྱབ་ཚང་ཚོ་བ་དང་། ཨ་རིག་སྟོད་ཚ་ཧ་ཤི་ཧ་ཚོ་བ་སོགས་དང་། གཙང་ཨ་རིག་ཚོ་ཆེན་སྐར་ཚོགས་འདྲ་བ་དེ་དག་ད་དུང་ཡང་སྔར་གྱི་ཨ་རིག་གི་ས་ཐོག་རང་ན་གནས་ཡོད་པ་ཡིན་ལ། སྡེ་བ་འདི་དག་མགོ་ལོག་ཁག་གསུམ་གྱི་དཔོན་པོ་སུ་རུང་ཞིག་ལ་མགོ་བཏགས་མྱོང་བའི་ལོ་རྒྱུས་སྦྲང་སྒྲ་ཙམ་ཡོད་མ་མྱོང་ན། སྐབས་དེར་མགོ་ལོག་གིས་ཅིའི་ཕྱིར་དེད་མ་སོང་བ་རེད།

ལྷག་པར་དུ་ཨ་རིག་དགེ་བཤེས་ཆེན་མོ་ཉིད་ཀྱིས་མཛད་པའི་<<རྭ་རྒྱ་དགོན་པའི་བཅའ་ཡིག་གཉིས་འཐུང་འགུག་པའི་ལྕག་ཀྱུ་>> ནང་། ལོ་དེ་ཉིད་ལ་(སྤྱི་ལོ་1769 ལོ) དྲི་གཙང་ཁང་ཀ་བ་ཉི་ཤུ་ཐམ་པ། ཐོག་དཔངས་སུ་བརྐྱངས་ཁྲུ་བཅུ་གཉིས་ཡོད་པ་ཞིག་གྲུབ་པར་བགྱིས་པའི་ཀ་བ་ཉི་ཤུ་བོ་དང་། གཞན་སྡོང་ཆེན་བཅུ་བཅས་ཧོ་ཤོས་ཙང་གི་དང་། ཨིཇིང་ཐེ་ཇའི་སྐུ་མཆེད་ཀྱིས་ཕུལ་ཞིང་། ཨ་རིག་ཚབ་ཤུལ་གྱི་དཔོན་པོ་བཱེ་ཅིང་ཚེ་རིང་དོན་འགྲུབ་དཔོན་འབངས་ཐམས་ཅད་ཀྱིས་དད་འདུན་ཁོ་ནས་སྡོང་ཆེན་ལྔ་བཅུ་ཙམ་དྲངས་ནས་ཕུལ་་་་་ཞེས་སོགས་གསལ་བ་ལྟར། ཨ་རིག་དགེ་བཤེས་ཆེན་མོ་སྐུ་མ་འཁྲུངས་སྔོན་ལ་ཨ་རིག་མགོ་ལོག་གིས་དེད་སོང་བ་ག་ལ་ཡིན་ཏེ།  དགེ་བཤེས་ཆེན་མོ་འཁྲུངས་ནས་དབུས་སུ་ཕེབས། སློབ་གཉེར་གནང་སྟེ་མཁས་པ་ཆེན་པོར་གྱུར་ཏེ་སྒྲུབ་པའི་རྒྱལ་མཚན་བཙུགས། ཕྱིར་མདོ་སྨད་དུ་ཕེབས་ནས་དགོན་པ་འདེབས་སྐབས་ཀྱང་ཉིད་ཀྱི་འཁྲུངས་ཡུལ་ཨ་རིག་འཚབ་ཤུལ་ཚོ་བ་དཔོན་འབངས་དང་བཅས་སྔར་བཞིན་གནས་པ་ཙམ་མ་ཟད། དགོན་པ་འདེབས་རོགས་ཚུན་ཆད་བྱས་པ་གསལ་བོར་གསུངས་འདུག་ན་ངག་རྒྱུན་འདི་ལྟ་བུ་བསམ་བཞིན་བསྒྲིགས་པ་མ་ཟད། ལོ་རྒྱུས་ཡིག་ཚང་དུ་བཏགས་ནས་པར་དུ་འདེབས་བཏུབ་པར་བསམ་ན་ཁྱོད་ཅག་སྨྱོས་པ་མིན་ན་ཅི།

སྤྱིར་ན་སྤྱི་ལོ་1723 ལོའི་མཚོ་སྔོན་དུས་འཁྲུགས་ལ་ཕམ་ཉེས་བྱུང་རྗེས་ཆིན་རྒྱལ་གྱིས་མཚོ་སྔོན་ཤར་ཕྱོགས་སུ་བོད་སྐད་བོད་ཡིག་བེད་སྤྱོད་མི་ཆོག་པའི་ནག་ཁྲིམས་བཙན་གྱིས་བསྡམས་ཏེ། བོད་སོག་མི་དམངས་རྒྱ་སྒྱུར་གྱི་སྲིད་ཇུས་ཧ་ཅང་མཁྲེགས་པོ་བཟུང་བའི་མཇུག་འབྲས་ལ་དེང་སྐབས་མཚོ་སྔོན་ཤར་ཕྱོགས་ཀྱི་བོད་སྐད་ཡིག་ལ་ཉམས་ཉེས་ཆེན་པོ་འདི་ལྟ་བུ་བྱུང་བ་ཡིན་ལ། དེ་སྐབས་ཐོག་མར་མདོ་སྨད་ལྷོ་རྒྱུད་དང་རྨ་སྟོད་ཕྱོགས་ཅུང་གུ་ཡངས་ཀྱི་རྣམ་པར་བཞག་མོད།  ཕྱིས་སུ་སྐབས་རེ་བོད་སྐྱོར་སོག་གནོན་དང་། སྐབས་རེར་བོད་གནོན་སོག་སྐྱོར་སོགས་སུ་བསྒྱུར་ནས་བོད་སོག་ནང་ཕན་ཚུན་ལ་དཀྲུགས་རྐྱེན་དང་དབྱེ་འབྱེད་ཀྱི་སྲིད་ཇུས་བཟུང་སྣ་ཚོགས་བཏིང་བས། བོད་སོག་གི་འབྲོག་པ་གླེན་པ་རྣམས་མགོ་བོ་རྨོངས་ཏེ་ཕན་ཚུན་དབར་ལ་འཕྲོགས་བཅོམ་གསོད་གཏུབ་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བས་ཕྱོགས་གཉིས་ཀ་ནམ་ཡང་མགོ་བོ་དགྱེ་ཐབས་མེད་པའི་གནས་སུ་ལྷུང་།

ཆིན་རྒྱལ་གྱི་གཡོ་བྱུས་འོག་ཤོར་བའི་བོད་ཀྱི་ཆན་ཧུ་བེ་ཧུ་ཚོ་དང་། སོག་པོའི་གུང་ཇ་སག་སོགས་ཀྱིས་ཀྱང་ཆིན་གཞུང་གི་རྒྱབ་རྩ་ནམ་ཐོབ་ལ་དམག་རྒྱག་འཕྲོག་བཅོམ་གྱི་ལས་རྒྱ་ཆེར་བརྩམས་པའི་མཇུག་འབྲས་སུ། སྤྱི་ལོ་1958 ལོའི་བར་དུ་མདོ་སྨད་ཀྱི་འབྲོག་སྡེ་རྣམས་དགྲ་ཇག་ཆོམ་རྐུན་ཁོ་ནའི་ངང་འཚོ་དགོས་བྱུང་བའི་གནས་སྟངས་ཉམས་ང་བ་དེ་བྱུང་བ་ཡིན།

《ཆིན་རྒྱལ་རབས་ལས་ཇ་ཆིན་སྐབས་ཀྱི་ཟིན་བྲིས》ཞེས་པ་ལས། སྤྱི་ལོ 1796 ལོར་རྨ་ལྷོའི་བོད་སྡེ་སྐོར་ཞིག་རྨ་ཆུའི་བྱང་ཕྱོགས་སུ་གནས་སྤོར་བྱས་པ་ཁྲིམས་འགལ་དུ་བསྙད་ནས་བོད་གནོན་སོག་སྐྱོར་གྱི་སྲིད་ཇུས་བཟུང་སྟེ། རྨ་རྒྱལ་གངས་རིའི་གཡས་གཡོན་ཆུ་སྔོན་སོགས་སུ་ཡོད་པའི་བོད་སྡེ་རྣམས་ལ་དྲག་གནོན་ཚད་ལས་བརྒལ་བ་བྱས་ཤིང་། རྒྱུ་རྐྱེན་དེ་ལ་བརྟེན་ནས་བོད་སྡེ་རྣམས་རི་ཁ་དང་ནག་གསེབ་སོགས་སུ་ཡིབ་སྡོད་དང་། མང་པོ་ཞིག་སྡེ་འཐོར་བྱུང་སྟེ། སི་ཁྲོན་དང་ལྷ་སའི་ཕྱོགས་སུ་བྲོས་པའི་གནས་ཚུལ་བྲིས་ཡོད་ལ། དེ་ནས་བཟུང་ཆུ་སྔོན་སོགས་སུ་སྡོད་པའི་ཨ་རིག་གི་ཚོ་བ་རྣམས་ཀྱང་གནས་དེར་སྡོད་མ་ཐུབ་པར་བྲག་དཀར་སྤྲེལ་རྫོང་གི་ཕྱོགས་དང་། འབལ་དང་མང་ར་རྣམས་སུ་གནས་སྤོར་བྱེད་དགོས་ཐུག

དེ་ནས་ཅང་མ་འགོར་བ་སྤྱི་ལོ་1822ལོར་ཟི་ལིང་ཨམ་བྷན་ནཱ་ཡིན་ཁྲིང་ཞེས་པས་ཡང་བསྐྱར་སོག་གནོན་བོད་སྐྱོར་གྱི་སྲིད་ཇུས་ཟེར་བ་བཟུང་སྟེ། རྨ་ལྷོའི་བོད་སོག་གི་སྡེ་བ་རྣམས་ལ་གནོན་ཤུགས་རིམ་པར་སྤྲད་པ་མ་ཟད། སྦྲ་ནག་དང་མགོ་ལོག་གིས་ཀྱང་སྐབས་དང་བསྟུན་ནས་ཇག་ལས་ཁོ་ན་བྱས་རྐྱེན་ཨ་རིག་ལ་དུས་མི་བདེ་བ་ཆེན་པོ་བྱུང་ཞིང་། ཨ་རིག་དགེ་བཤེས་ཆེན་མོས་  (1726-1803) ཀྱང་འབྲོང་མ་ཕ་བུ་འཁྱིལ་ཨ་རིག་པ། མཚོ་འཐུང་གི་རྫ་ལ་གཤར་ན་བཟང་ཞེས་པའི་ལུང་བསྟན་ཡོད་པས་རུ་བ་མགོན་པོའི་གདོང་ (མཚོ་སྔོན་པོའི་ཁར་ཡོད་པའི་བྲག་མགོན་པོ་གདོང་ཞེས་པའི་གནས་རི།) ལ་བུད་ན་བཟང་བའི་བཀོད་ཁྱབ་མཛད་མྱོང་བས། ( རྙིང་མའི་བླ་མ་རྡོ་གྲུབ་ཆེན་འཇིགས་མེད་འཕྲིན་ལས་འོད་ཟེར་(1745-1821) ནས་ཀྱང་ལུང་བསྟན་དེ་འདྲ་གནང་བར་ཨ་དཀོན་མཆོག་ཆོས་འཕེལ་གྱིས་བཤད། )  ས་གཞན་དུ་འགྲོ་དང་མི་འགྲོའི་ཐད་སྡེ་བ་ནང་མ་འཆམ་པར། མཐར་སྤྱི་ལོ་1827 ལོར་རུ་སྡེ་གྱེས་དགོས་བྱུང་ཡོད། སྡེ་བ་མང་ཆེ་བ་མཚོ་སྔོན་པོའི་ཁར་སོང་བ་དེང་སྐབས་མདོ་ལ་རྫོང་གཙོ་བོར་བྱས་པའི་མདའ་བཞི་རྫོང་སོགས་མཚོ་སྔོན་པོའི་མཐའ་སྐོར་གྱི་བོད་སྡེ་མང་ཆེ་བའི་ནང་ཁྱབ་ཡོད་པ་འདི་ཡིན།

མདོར་ན། ཨ་རིག་མཚོ་ཁར་འདེད་མཁན་ནི། མགོ་ལོག་མིན་པར་སྐབས་དེའི་ཆིན་སྲིད་གཞུང་གི་ཟི་ལིང་བློན་ཆེན་ནཱ་ཡིན་ཁྲང་དང་། ཉིང་ཤ་དང་ཀན་སུའུ་སྤྱི་ཁྱབ་ཀྲང་ལེན་ཞེས་པའི་རྒྱ་དཔོན་གཉིས་དང་། ཁོང་གཉིས་ཀྱིས་གོ་སྒྲིག་བྱས་པའི་ཆིན་དམག་བརྒྱད་སྟོང་ཡས་མས་ཀྱི་དམག་ཆེན་ཞིག་ཡིན།   སོག་པོ་མཚོ་སྔོན་ནས་ཕམ་པར་རྒྱག་མཁན་ནི་ སྤྱི་ལོ་ ༡༧༢༣ ལོར་ཆིན་རྒྱལ་ཡུང་ཀྲིང་གིས་མངགས་པའི་དམག་དཔོན་ཉན་གུང་ཡེ་དང། ཡུའོ་ཅང་ཅུན་ཟེར་བ་སོགས་རྒྱ་དམག་ཁྲི་ཕྲག་གཉིས་ལྷག་ཡིན། སྐབས་དེར་ཁྱོན་བསྡོམས་བོད་སོག་མི་གྲངས་ཁྲི་བཅུ་ཙམ་དམར་གསོད་བྱས། རྗེས་སུ་ཆིན་རྒྱལ་ ཆན་ལུང་ གི་དུས་དཀྱིལ་ནས་བཟུང་། ཆིན་གཞུང་གིས་བསམ་བཞིན་ལྷག་ལུས་བོད་སོག་གཉིས་དབར་དཀྲུགས་རྐྱེན་སྣ་ཚོགས་བསླངས་ཏེ་མཚོ་སྔོན་གྱི་བོད་སྐད་སྨྲ་མཁན་ཚང་མ་ཐལ་བའི་རྡུལ་དུ་རློག་པའི་སྦྱོར་བ་མང་དུ་བརྩམས་ཏེ། མཐའ་མཇུག་རང་གཞན་ཚང་མ་ཇག་ལས་ཀྱིས་འཚོ་བ་སྐྱེལ་དགོས་པའི་ཚད་དེར་གཏུགས་ཤིང་། ཡུལ་སྡེ་རིས་སུ་ཆད་ཅིང་གཅིག་སྒྲིལ་གྱི་རྒྱུན་ཐག་འཐོར་བ་དེས་ང་ཚོ་ཚད་གང་ལ་ལྷུང་དུ་བཅུག་པ་ནི་བཤད་མི་དགོས་པར་བཤམས་བཞག་ཡོད་པ་འདི་རེད། མི་རེ་འགས་ད་དུང་ཡང་དགྲ་བྱས་ངོ་སོར་བླངས་ཏེ་སྐྱག་རྫུན་རི་མོར་འབྲི་བ་འདི་ལས་ངོ་ཚ་ཞིང་སྐྱུག་བྲོ་བ་ཅི་ཞིག་ཡོད།

གཞན་ཡང་། ངག་རྒྱུན་དེར། ། ‘‘འདི་ཉིད་ནར་སོན་རྗེས་མགོ་ལོག་ཨ་སྐྱོང་འབུམ་གྱི་དཔོན་ཞིག་ལ་ས་ཞིག་བསླངས་ནས་སྤྱི་ལོ་1769 ལོར་རྭ་རྒྱ་དགོན་འདི་ཉིད་ཕྱག་བཏབ་གནང་བ་རེད།ཅེས་ཟེར།  ངག་རྒྱུན་འདི་བཤད་པོ་དང་འབྲི་བོ་གཉིས་ཀ་སྨྱོས་ནས་སྨྱོ་གཏམ་བཤད་ཀྱི་ཡོད་དམ།  ཡང་ན། ངག་རྒྱུན་འདི་ལྷ་སྒྲུང་འབབ་པ་ལྟར་བྱས་ཏེ་བབས་ཡོང་བ་རེད་དམ། ས་ཆུ་མེ་རླུང་གི་ཁམས་གང་རུང་ཞིག་ནས་གཏེར་དུ་བཏོན་པ་ཡིན། རྫུན་བསྒྲིགས་ན་ཕུ་ཐག་ཅུང་ཙམ་རེ་ཡོད་པ་ཞིག་བསྒྲིགས་ན་ཡང་ཅི་མ་རུང་།

དོན་དངོས་ཇི་འདྲ་ཟེར་ན།  ཨ་རིག་དགེ་བཤེས་ཆེན་མོ་ཉིད་ཀྱིས་མཛད་པའི<<བཅའ་ཡིག་གཉིས་འཐུང་འགུག་པའི་ལྕག་ཀྱུ་>> ལས། བསྟན་པ་དང་བསྟན་འཛིན་ལ་མི་ཕྱེད་པའི་དད་པ་དང་ལྡན་ཞིང་རང་བཞིན་བཟང་བ་དང་། མི་ཆོས་ལ་མཁས་ཤིང་བློ་བརྟན་པ་དང་། དྲང་ཚུགས་ཐུབ་པའི་ཚད་དུ་བརྩི་བ་དཔོན་པོ་ཧོ་ཤོས་ཙང་གི་དབང་གྲགས་རྡོ་རྗེ་དང་། ཨུ་ཙིང་ཐིའི་ཇི་སྐུ་མཆེད་རྣམས་ལ་ཁོ་རང་གི་ཡབ་དང་། མེས་པོ་ཁུ་ཁུན་པ་ཐུར་ཇར་གོ་ཅིའི་དུས་ནས། ཆིང་ཝང་དཱ་ཆེན་ཧོ་ཤོས་ཅི། མེར་གན་དཱ་ཆེན། ཇ་སག་དབང་ཕྱུག་རབ་བརྟན་རྣམས་ཀྱིས་བཀའ་ཤོག་རྩ་ཚིག་ཤིན་ཏུ་བཙན་པོས་བཅད་ནས་གནང་བའི་བདག་ཐོབ་ཀྱི་ས་ཡིན་འདུག་པ་བཞིན། ཁོ་རང་རྣམས་ཀྱིས་ཀྱང་དད་པ་ཁོ་ནས་ཀུན་ནས་བསླངས་ཏེ་ས་ཆ་གཡར་པོ་བྱས་ཤིང་། དགོན་པ་ཆེན་པོ་ཞིག་འདེབས་དགོས་ཞེས་བསྐུལ་མ་ཚུན་ཆད་མཛད་པ་བཞིན། ཁོ་བོས་ཀྱང་སྐྱབས་གནས་རིན་པོ་ཆེ་རྣམས་ལ་གསོལ་བ་དྲག་ཏུ་བཏབ་ནས་དགོན་སྡེ་ཞིག་འཛུགས་པའི་སྤྲོ་བ་ཆེས་ཆེར་སྐྱེས་་་་་སོགས་གསུངས་འདུག་པར་ལྟོས་དང་། རྭ་རྒྱ་དགོན་པ་འདེབས་སའི་ས་བསླངས་ཡུལ་དེ་དཔོན་པོ་སུ་ཞིག་ཡིན་དང་། ཇི་ལྟར་བསླངས་པ་སོགས་གསལ་ཞིང་དག་པ་རྗེ་ཉིད་ཀྱི་ཞལ་ནས་གསུངས་པ་ཡོངས་གྲགས་སུ་ཡོད་བཞིན་དུ་ངག་རྒྱུན་འདི་འདྲ་བཤད་པའི་སྨྱོ་ཧམ་དེ་འདྲ་གང་ནས་བྱུང་ངམ། ཇི་འདོད་འདོད་རེ་བཤད་ཅིང་བྲིས་བཞག་ན་འགྲིག་འགྲོ་རྒྱུ་རེད་སྙམས་ཡོད་ངེས་མོད། ལོ་རྒྱུས་ནི་བྱུང་བ་རང་གི་ཐོག་ནས་བཤད་ཐུབ་ན་རབ་དང་མ་ཐུབ་ཀྱང་། རྒྱུ་མཚན་ལྡན་པའི་རིགས་འདེད་བྱེད་དགོས་པ་ཞིག་ལས། རྫུན་སྒྲུང་བསྒྲིགས་ཏེ་ལོ་རྒྱུས་སུ་རློམ་པ་ནི་གད་མོའི་གནས་སོ། །

གཞན་ཡང་། རྒྱ་བཟའ་བློན་ཆོས་ཀྱི་ལོ་རྒྱུས་ཞེས་པ་ཞིག་ཏུའང་ཨ་རིག་དགེ་བཤེས་ཀྱིས་ས་བསླངས་ཡུལ་དེ་རྒྱ་བཟའི་ཆན་ཧུ་ཅིག་ཡིན་རབས་དང་། ས་ཆ་དེ་ཆན་ཧུའི་རྟ་ར་ཡིན་རབས་ཀྱི་གཉིད་བཤད་ལ་ཡང་གཅིག་གོ་གཉིས་ཆོད་དུ་གཏོར་མ་འདིས་ཚིམ་པར་གྱིས་ལ་ཕྱིན་ཆད་མི་ཤེས་པའི་ལས་ལ་རྨོངས་ཚོད་ཀྱིས་འཇུག་པའི་ངན་གོམས་དང་། ལོ་རྒྱུས་སུ་གྲགས་པའི་རྫུན་གཏམ་གྱི་གད་སྙིགས་གཏོས་ཆེན་པོ་སྤུངས་ཏེ་མཛོ་བདག་ལ་མཛོ་བཤད་བྱེད་མཁན་དག་གིས་བག་ཡོད་བསྟེན་ན་མཛེས་པའི་བརྡ་ཙམ་བསྟན་པ་ཡིན།

ལར་ནས་མགོ་ལོག་ཁག་གསུམ་དང་སྦྲ་ནག་ཁག་སུམ་གང་འདྲ་ཞིག་ཡིན་ཀྱང་སྐྱབས་མགོན་དགེ་བཤེས་ཆེན་མོའི་ཡབ་སྲས་བརྒྱུད་པ་དང་བཅས་པར་ཆོས་འབྲེལ་གསེར་གྱི་ཐག་པ་ཆད་མ་མྱོང་བ་དང་། དམ་ཚིག་ཤེལ་གྱི་སྒོང་ང་ཆག་མ་མྱོང་བའི་བླ་སློབ་ཀྱི་འབྲེལ་བ་ལུ་གུ་རྒྱུད་དུ་གནས་པ་ཡིན།  ཨ་རིག་རྭ་རྒྱ་དགོན་པར་སློབ་གཉེར་གནང་སྟེ་མཁས་པའི་གོ་འཕང་མཐོན་པོར་སོན་པའི་མགོ་ལོག་པ་ཇེ་སང་དགེ་བཤེས་དགེ་ལེགས་བཟང་པོ་དང་། ཆོས་མཛད་གྲགས་པ་བཟང་པོ། ཨ་སྐྱོང་དགེ་བཤེས། བླ་མ་ཚུལ་རྣམ་རིན་པོ་ཆེ། ཨ་རིག་དགེ་བཤེས་སྐུ་ཕྲེང་བཞི་བ་ཨ་ཀ་བསྟན་པའི་ཉི་མ་སོགས་མང་དུ་བྱུང་མྱོང་ལ། དེང་སྐབས་ཀྱང་འབྱུང་བཞིན་པ་ཡིན།

སྦྲ་ནག་ཁག་གསུམ་ནི་དེ་ལས་ཀྱང་སྨོས་མ་དགོས་པར་བོད་སོག་གི་དུས་འགྱུར་སྔ་ཕྱི་བརྒྱུད་ནས་ཨ་རིག་སྡེ་བ་མང་ཤོས་མཚོ་སྔོན་པོར་སོང་རྗེས་སུ་རྭ་རྒྱ་དགོན་པའི་ལྷ་སྡེ་ནང་མར་གྱུར་ཏེ། དགོན་པ་འཛིན་སྐྱོང་སྤེལ་གསུམ་ཐད་འགན་ཁུར་མཁན་གཙོ་བོའི་གྲས་ཡིན། དཔེར་ན། སྦྲ་ནག་དགེ་བཤེས་བསྟན་པ་དར་རྒྱས།  ༸སྐྱབས་རྗེ་ཤིང་བཟའ་འཇམ་པའི་དབྱངས་བློ་བཟང་མཁས་བཙུན་བཤད་སྒྲུབ་དམ་ཆོས་རྒྱ་མཚོ་དང་།  རྒྱ་བཟའ་ཁྲི་རྒན་ཚང་དང་། སྐུ་ཕྱོགས་རྒྱལ་ལུ་རིན་པོ་ཆེ་སྐུ་ཕྲེང་འགའ་དང་བཅས་པ་མདོར་ན་དགོན་པ་འདིའི་ཆོས་སྲིད་ཀྱི་ཏོག་ལྟར་མཛེས་པའི་མཁས་པ་དང་། བསྟན་པའི་སྦྱིན་བདག་ཕལ་ཆེ་བ་དུས་ཕྱིས་སུ་སྦྲ་ནག་པ་ཡིན་པ་ལྟར། དེང་སྐབས་ཀྱང་དེ་ལས་མ་འདས་པས།  རང་ཅག་གིས་ཕན་ཚུན་ལ་ཁ་དགྲ་རྣ་དགྲ་གསོག་དགོས་དོན་རྩ་ནས་མེད་ན་ཡང་། ལོ་རྒྱུས་ནི་ལོ་རྒྱུས་རང་ཡིན་པས་དེ་ཉིད་ལོ་རྒྱུས་ཀྱི་བྱུང་བ་དངོས་བཞིན་འཆད་ན་དགེ་མཚན་ཤིན་ཏུ་ཆེ་བ་དང་།  རིག་གསར་སོགས་ཀྱི་དུས་འགྱུར་བརྒྱུད་ནས་ལོ་རྒྱུས་ཀྱི་སྐབས་འགའ་ཞིག་ཇི་བཞིན་འཆད་མི་ཐུབ་པ་དག་ཀྱང་དེ་བཞིན་དཔྱད་གཞིར་བཞག་ན་ཤིན་ཏུ་འཚམ་པ་ལས། བསམ་བཞིན་བློ་བཅོས་ཀྱིས་གཏམ་རྒྱུད་བསྒྲིགས་ན་ཤིན་ཏུ་ནས་འོས་འཚམ་ག་ལ་ཡིན།

ཕྱིན་ཆད་སྔར་བྱུང་ཚད་ལྡན་ལོ་རྒྱུས་སྤྱི་དང་། ལྷག་པར་དུ་སྐྱབས་མགོན་དགེ་བཤེས་ཆེན་མོའི་ཞལ་གསུང་ཁག་ཏུ་གསལ་ཞིང་དག་པར་ཡོད་པའི་གོང་གསལ་དོན་གནད་འདི་ལྟ་བུ་ལའང་དེང་སང་སྐྱེ་བོ་སྨྱོ་ཧམ་ཆེན་པོ་འགས་ཇི་མི་སྙམ་དུ་དཀྱོག་བཤད་དང་། རྫུན་སྒྲིག་ཇི་འདོད་བྱེད་པོ་དག་གི་གདོང་འབག་དམར་རྗེན་དུ་བཤུ་བར་ཐེ་ཚོམ་རྩ་ནས་མེད་ལ། རང་གཞན་གཉིས་ཀའི་ནང་། ཚད་ལྡན་ལོ་རྒྱུས་ཀྱི་ཁོངས་མི་དགོས་པ། ལོ་རྒྱུས་རྩོད་སྒྲུབ་ཀྱི་རིགས་ལམ་མི་དགོས་པ།  སྐབས་དོན་དུས་རབས་ཀྱི་རྒྱབ་ལྗོངས་མི་དགོས་པར་ཚོད་ཚོད་ལ་ལོ་རྒྱུས་ནི་ལྷ་ཕེབས་པ་དང་། པྲ་དབབ་པ་ལྟར་ཇི་འདོད་རེ་བྲིས་ཤིང་སྐྲུན་བཞིན་པ་དང་། ཨ་རིག་གི་ལོ་རྒྱུས་དང་། ཨ་རིག་དགེ་བཤེས་ཀྱི་ངག་རྒྱུན། ཨ་རིག་རྭ་རྒྱ་དགོན་པའི་ངག་རྒྱུན་ཞེས་ཀུན་སློང་བཟང་ངན་ཅི་རིགས་དང་། ལོ་རྒྱུས་ཤེས་མི་ཤེས་ཐམས་ཅད་ཀྱིས་ཚོད་མེད་ཀྱིས་སྙིགས་རོ་སྤུངས་མཁན་ཚང་མས་ཚོད་འཛིན་པའི་དུས་ལ་བབས་ཡོད་པ་མ་ཟད།

དུས་རབས་གོང་མའི་ལོ་རབས་དགུ་བཅུ་བའི་ནང་མདོ་སྨད་དུ་མཁས་ཆེན་དུ་གྲགས་པའི་མི་བོ་རེ་འགས་ཀྱང་རྭ་རྒྱའི་ཤར་གྱི་སྟག་སྐྱ་བོ་ནས་ཁོང་ཚང་ལ་གཏོགས་རབས་དང་། ཨ་མྱེས་ཁྱུང་མགོན་གྱི་དབུ་རྩེ་ནས་ངེད་ཚང་ལ་དབང་རབས་སོགས་མཁས་མིང་ཐོགས་ཀྱང་གདོང་འབག་གཏན་ནས་མི་དགོས་པའི་སྨྱོ་བཤད་མང་པོ་བྲིས་ཡོད་པ་སྔར་ནས་མཐོང་ལ། དབང་ཡོང་རྒྱུ་གཅིག་ཀྱང་མེད་པར་ཡི་གེའི་ནང་གི་རྩོད་ཉོག་དེས་ཅི་བྱ་བསམས་ནས་ཡུན་རིང་པོར་བཞག་པ་ཡིན་མོད། ར་མ་མགོ་ཐོག་ལ་བཞག་ན་རིལ་མ་གདོང་ཐོག་ལ་གཏོང་བའི་དཔེ་བཞིན་ཧམ་རྫུན་གྱི་རྙོག་ཆུ་ལོ་རེ་བཞིན་ཇེ་མང་དུ་འགྱུར་བཞིན་འདུག་ན། མཁས་མིང་གི་གདོང་འབག་གྱོན་པའི་རྫུན་པོ་ཆེ་དག་གི་རང་བཞིན་རྗེན་པ་རིམ་གྱིས་སྟོན་ངེས་ཡིན།

རྒྱལ་ཁམས་ཀྱི་ཁ་ན་ཡེ་ཤེས་ཀྱི་སྤྱན་ཡོད་ཟེར་བ་ལྟར། དེང་སྐབས་སྤྱི་ཚོགས་འགྱུར་བའི་དབང་གིས་གཞོན་རབས་པའི་ཁྲོད་ན་ཚད་ལྡན་ལོ་རྒྱུས་ལ་ཞིབ་འཇུག་གི་རྣམ་དཔྱོད་མངའ་བ་མང་དུ་འབྱུང་བཞིན་པ་མ་ཟད། བརྡ་འཕྲིན་འཕེལ་རྒྱས་ཀྱི་རམ་འདེགས་དང་འབྲེལ་ནས་སྔར་ནག་ཁུང་དུ་ལུས་པའི་ལོ་རྒྱུས་ཀྱི་བབ་མང་པོ་ཞིག་ཇེ་གསལ་ནས་ཇེ་གསལ་དུ་འགྲོ་བཞིན་ཡོད་ན། ཁྱོད་རང་ཚོའི་སྒྲོ་སྐུར་རྫུན་སྒྲིག་གི་སྙིགས་རོ་དག་ཕྱགས་ལུད་དུ་འདེད་པར་ཐེ་ཚོམ་མི་དགོས་སོ། །

 

ངག་རྒྱུན་གཉིས་པ། སྦྲུལ་དུ་སྐྱེས་པའི་དགེ་བཤེས་ཀྱི་ཕ་རྒན།

 

ཉིན་ཞིག་ཨ་རིག་དགེ་བཤེས་ཀྱིས། གྲྭ་བ་ཤེད་ཤུགས་ཆེ་བ་མཐའ་དག་གིས་སྟ་རེ་འཁྱེར་ནས་ཤོག་གསུངས་པས་གྲྭ་བ་འཛོམས་དུས་ར་རྒྱ་དགོན་པའི་གོང་དུ་ཕ་བོང་མང་པོ་ཡོད་ས་ཞིག་ཡོད་པ་དེར་ཕེབས། ཁོང་གིས་ཕ་བོང་ཆེན་པོ་ཞིག་ཡོད་པ་དེར་ཕྱག་མཛུབ་གཏད་ནས་ཁྱོད་ཚོས་ཕ་བོང་འདི་སྟ་རེས་གསིལ་གསུངས། གྲྭ་བ་རྣམས་ཀྱིས་ཕ་བོང་དེ་གསིལ་པས་དེའི་ནང་ནས་སྦྲུལ་ནག་པོ་འཇིགས་སུ་རུང་བ་ཞིག་བྱུང་། གྲྭ་བ་དག་ཧ་ལས་ཤིང་། མཐའ་སྐོར་ཏེ་སྦྲུལ་དེ་ལ་བལྟས། སྦྲུལ་དེས་ཨ་རིག་དགེ་བཤེས་ལ་དགའ་དགའ་ལྟར་བྱས་ནས་དྲུང་དུ་སྡོད། ཁོང་གིས་དགོངས་པ་རྩེ་གཅིག་ཏུ་གཏད་ནས་མྱུར་མཛད་མ་དབྱངས་སུ་འཐེན་བཞིན་བཞུགས། ཡུད་ཙམ་ཀྱིས་ཤར་ལྷོའི་མཚམས་ནས་བྱ་རོགས་བཞི་བྱུང་ནས་སྦྲུལ་དེ་འཁྱེར། གྲྭ་བ་དག་ཧ་ལས་ནས་ཅི་ཡིན་གཏོལ་ལ་བྲལ་ནས་སྡོད་པའི་སྐབས་སུ་ཁོང་གིས། སྦྲུལ་འདི་ངེད་ཀྱི་ཕ་ཡིན་གསུངས། ཁོང་གིས་ངེད་ཀྱི་ཕ་ཡིན་གསུངས་པ་དང་མཉམ་དུ་གྲྭ་བ་དག་གིས་ངོ་མཚར་དང་བཅས་ཁོང་དང་ཁོང་གི་ཕ་རྒན་བར་གྱི་གནས་ཚུལ་དག་དྲན་འོང་། ཁོང་གི་ཕ་དེ་ཤིན་ཏུ་དབུལ་བོ་ཞིག་ཡིན་པས་འཕྱི་བ་བསད་དེ་ཁ་གསོ། ཨ་རིག་དགེ་བཤེས་ཀྱིས་ཁོང་ལ་འཕྱི་བ་གསོད་མཚམས་འཇོག་པར་ཐེངས་མང་བོར་བསྐུལ་མོད་ཁས་མ་བླངས། རྗེས་སུ་ཨ་རིག་དགེ་བཤེས་འཕྲིན་ལས་རྒྱས་ཏེ་རྟ་ནོར་ལུག་གསུམ་འབུལ་མཁན་མང་བོ་བྱུང་བས། ཉིན་གཅིག་ཁོ་ཨ་རིག་དགེ་བཤེས་ཀྱི་དྲུང་དུ་འོང་ནས་ད་ལྟ་ང་ལ་ཟས་གོས་སོགས་གང་ཡང་མེད་ཅིང་ཉམ་ངའི་སྐབས་ཡིན་པས་ཁྱོད་ཀྱིས་ང་ལ་མཛོ་མོ་ཞིག་གནང་རོགས་ཞེས་ཞུས། ཨ་རིག་དགེ་བཤེས་ཀྱིས། ངའི་རྒྱུ་ནོར་འདི་དག་དད་པས་ཕུལ་བའི་དཀོར་ཡིན་པས་ཁྱོད་ཚོས་ལོངས་སྤྱོད་མི་རུང་ཞེས་གང་ཡང་མ་གནང་། ཁོ་ཤིན་ཏུ་ཁྲོས་ནས་ཕྱིར་སོང་། ཉིན་ཞིག་འཕྱི་བ་གསོན་པོ་ཞིག་འཁྱེར་ནས་ཨ་རིག་དགེ་བཤེས་ཀྱིས་མཐོང་སར་བསྡད་ནས་འཕྱི་བའི་མགོ་ལ་དབྱུག་པས་ལན་རེ་རེ་གཉིས་གཉིས་བརྒྱབས་པས། ཨ་རིག་དགེ་བཤེས་ལག་ནས་རྒྱུ་ནོར་ཞིག་ཨེ་ལོན་བལྟས། ཨ་རིག་དགེ་བཤེས་ཀྱིས། ངས་ཁྱོད་ལ་འཕྱི་བ་འཁྱེར་ཤོག་མ་བྱས་པས་ཁྱོད་ཀྱིས་ཇི་ལྟར་བྱས་ཀྱང་ངས་ཁྱོད་ལ་དཀོར་ཟས་དཀོར་ཆུ་སྟེར་མི་སྲིད། དགེ་འདུན་གྱི་དཀོར་ནི་ལྕགས་གོང་མེ་འབར་བ་ལྟ་བུ་ཡིན་ཞིང་ཁྱོད་ངའི་ཕ་ཡིན་པས་ངས་ཁྱོད་ཀྱི་ཁ་ལ་ལྕགས་གོང་མེ་འབར་བ་མི་འཇུག་ཐག་ཆོད་ཡིན་གསུངས། དེ་དང་དེ་ལྟ་བུའི་གཏམ་རྒྱུད་མང་བོ་ཞིག་གྲྭ་བ་དག་གི་ཡིད་ལ་འཁོར་ཡོང་། སྐབས་དེར་ཨ་རིག་དགེ་བཤེས་ཀྱིས་སྦྲུལ་དེ་ངེད་ཀྱི་ཕ་ཡིན། ཁྱོད་ཚོ་མིན་ན་ཕ་བོང་འདི་ཆུས་མ་འཇིག་གི་བར་དུ་འདི་ལས་ཐར་དུས་མེད། ད་ཁྱོད་རང་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་ཁོ་རྡོ་ཕ་བོང་འདི་ལས་བཏོན། གནོད་སྦྱིན་ཆེན་པོ་བཞི་བྱ་རོག་ཏུ་སྤྲུལ་ནས་དུར་ཁྲོད་བསིལ་བ་ཚལ་དུ་འཁྱེར། ཞེས་གསུངས་པས་ཚང་མ་བསམ་གཞིག་ལས་བསླངས། ཁོང་གིས་མུ་མཐུད་དུ་གནོད་སྦྱིན་ཆེན་པོ་བཞིས་དུར་ཁྲོད་བསིལ་བ་ཚལ་དུ་འཁྱེར་ཏེ་སྦྲུལ་དེ་ཚེ་འཕོས་ནས་གནོད་སྦྱིན་གདུག་པ་ཅན་ཞིག་ཏུ་སྐྱེ། དེ་ནས་རིམ་བཞིན་ཡེ་ཤེས་མགོན་པོའི་ཞལ་མཐོང་ནས་རྗེས་སུ་འཛིན་པ་ཞིག་འོང་གསུངས། སྐབས་དེར་གྲྭ་བ་ཚང་མ་དལ་ཅག་གེར་གྱུར།   རྒྱ་གྲོལ་གྱིས། ཞེས་པ་འདི་ཡིན།

སྤྱིར་ན་ངག་རྒྱུན་འདིའི་བསྟན་དོན་ནི་ལས་འབྲས་བསམ་གྱིས་མི་ཁྱབ་པ་དང་། མི་རྣམས་དགེ་བར་བསྐུལ་བ། ཨ་རིག་དགེ་བཤེས་ཆེན་མོ་ནི་ལས་འབྲས་གསལ་བར་གཟིགས་པའི་འཕགས་ཆེན་ཡིན་པ་སོགས་བསྟན་པ་རེད་འདུག་མོད། ངག་རྒྱུན་ཚན་པ་འདི་ལ་དཔྱད་པར་བྱ་བ་འདི་ཡོད་དེ།

གཅིག་ཡུལ་ཆོས་དང་མི་འཚམ་པ།

སྤྱིར་ན་ཨ་རིག་དགེ་བཤེས་ཆེན་མོ་འཁྲུངས་སའི་ཡུལ་ནི་སྐབས་དེར་མདོ་སྨད་དུ་བཙན་ཕྱུག་དཔལ་གསུམ་འཛོམས་པའི་འབྲོག་སྡེ་ཆེན་པོ་ཨ་རིག་ཅེས་པ་དེ་ཡིན་ལ།  ཁོང་གི་ཡབ་ཀྱི་མཚན་ལ་མ་ཁྱེ་འཕགས་པ་སྐྱབས་དང་། ཡུམ་གྱི་མཚན་ལ་ཨ་སྐྱིད་བཟའ་བོ་ཅོག་སྐྱིད་ཟེར་བ་ཡིན། (དེང་སྐབས་ཨ་སྐྱིད་བཟང་བོ་ཅོག་སྐྱིད་དུ་བྲིས་པ་ནི་མ་དག་པ་སྟེ། ཨ་སྐྱིད་ནི་རུས་སམ་ཡང་ན་ཚོ་བའི་མིང་ཡིན་ལ། བཟའ་ཞེས་པ་བུད་མེད་ཀྱི་དོན་ཡིན། བོ་ཅོག་སྐྱིད་ནི་མ་ཡུམ་གྱི་མཚན་དངོས་ཡིན། མདོར་ན། ཨ་སྐྱིད་བཟའ་   བོ་ཅོག་སྐྱིད་ཅེས་བཀླགས་དགོས་པ་ཡིན། འཁྲུངས་སའི་ཡུལ་ནི་རྨ་རྒྱལ་སྦོམ་ར་དང་ཁད་ཉེ་བའི་ཁྱེབ་ཅེས་པའི་ས་ཆ་སྟེ། དེང་སང་གི་དབང་དུ་བྱས་ན་རྨ་ཆེན་རྫོང་རྭ་རྒྱ་གྲོང་བརྡལ་གྱི་ཁོངས་སུ་གཏོགས་པ་ཡིན།)   ཡུལ་འདིའི་མི་རྣམས་དགེ་བར་བརྩོན་པ་དང་སྡིག་པར་འཛེམས་པ། དད་འདུན་བརྟན་པ། ཐ་ན་རས་དམར་སེར་ཙམ་མནབས་པ་ཚུན་ཆད་སྐྱབས་གནས་དངོས་ཀྱི་འདུ་ཤེས་འཛིན་པ་སོགས་བཙན་པོའི་རྒྱལ་རབས་ནས་ཁྲིམས་སུ་བཅས་པའི་དམངས་སྲོལ་རྗེན་པར་བཟུང་བའི་ཡུལ་གྲུ་ཞིག་ཡིན།

དེའི་ཆ་ནས། ༸རྒྱལ་དབང་ལྔ་བ་ཆེན་པོའི་རང་རྣམ་དུ་ཀུ་ལའི་གོས་བཟང་ལས་ཀྱང་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་མཛད་པ་གནས་འདིར་འཕོས་པར་སྣང་ཞེས་བསྔགས་པ་བརྗོད་ཡོད་པ་ཡིན། དེ་ཙམ་མ་ཟད། སྐྱབས་མགོན་དགེ་བཤེས་ཆེན་མོའི་སྔོན་ལ་ཡང་ཡུལ་འདིར་སྐྱེས་ཆེན་དམ་པ་གྲངས་ལ་འདས་པ་བྱོན་ཏེ། དཔེར་ན། ཀིརྟི་བསྟན་པ་རབ་རྒྱས་དང་།  སེར་བྱེས་དགེ་བཤེས་སྟག་ཕྲུག་པ་བྱམས་པ་དོན་ཡོད། གཙང་དགེ་རབ་འབྱམས་པ་ཆེན་པོ། ར་ཡོབ་དགེ་བཤེས་འཇམ་དབྱངས་ཀུན་དགའ།  ཤིང་བཟའ་སྒོམ་ཆེན་པ་སོགས་ཨ་རིག་རང་གི་མཁས་གྲུབ་གསེར་རིའི་ཕྲེང་བ་ལྟར་བྱོན་ལ། མ་ཟད། རྒྱལ་དབང་གསུམ་པ་བསོད་ནམས་རྒྱ་མཚོ་དང་། ལྔ་བ་བློ་བཟང་རྒྱ་མཚོ་སོགས་སྐྱེས་ཆེན་སས་ཐེག་དཀའ་བ་མང་དུ་བྱོན་ཏེ་ཡུལ་འདིའི་མི་རྣམས་ཀྱི་བློ་སྣ་ཆོས་སུ་བསྒྱུར་བའི་བཀའ་དྲིན་ལ་བརྟེན། དད་པ་དག་སྣང་ཆེ་ཚུལ་གྱི་ངག་རྒྱུན་ནི་མདོ་སྨད་ཀྱི་ལྗོངས་ཙམ་མ་ཟད་བོད་གངས་རིའི་ཞིང་ལ་རླུང་ལྟར་གྲགས་ཡོད། དེའི་ཆ་ནས་ཀྱང་སྐབས་དེར་ཡུལ་ཁ་བ་ཅན་ན་སྙན་པ་ཆེ་བའི་ཨ་རིག་དགེ་བཤེས་ཆེན་མོའི་བཀའ་གསུང་ལ་རང་གི་ཕ་རྒན་གྱིས་མི་བརྩི་མི་སྲིད་པ་ཞིག་རེད།

གཞན་ཡང་། མདོ་སྨད་འབྲོག་ཕྱོགས་སྤྱི་དང་ཁྱད་པར་དུ་ཨ་རིག་པས་འཕྱི་ཤ་རྩ་ནས་མི་ཟ་བ་མ་ཟད། འཕྱི་བ་དགུན་ཟླ་གསུམ་ལ་འཕྱི་ཁུང་དུ་གཉིད་ཡོད་པ་དང་། དེ་ཡང་སྒོམ་ལ་གནས་ནས་སྒོམ་དུ་ལྷ་ཁང་བཞེངས་བཞིན་བསྡད་ཡོད་པས་ཁོ་ཚོ་སྒོམ་ལས་སློང་དོག་གིས་འཕྱི་ཁུང་ཡོད་སར་ལུག་ལྷས་བཟོ་མི་རུང་བའི་བཤད་རྒྱུན་དང་གོམས་སྲོལ་ཡོད་པ་ཡིན། རྒྱུ་མཚན་དེ་ལ་བརྟེན་ནས། རི་དྭགས་གཞན་པ་གསོད་པའི་རྔོན་པ་རེ་གཉིས་ཡོད་ན་ཡང་འཕྱི་བ་གསོད་མཁན་གཏན་ནས་མི་སྲིད་ལ། དུས་ཕྱིས་སུའང་རྒྱ་མི་འཕྱི་བ་གསོད་མཁན་ལ་བཙོག་ཏུ་བལྟས་ནས་ཉེ་སར་བཅར་བ་ལ་ཡང་རྣམ་རྟོག་ཏུ་འཛིན། འདི་ནི་ཡུལ་འདིའི་སྤྱི་སྲོལ་ཡིན་པས་ན་ཨ་རིག་དགེ་བཤེས་ཀྱི་ཡབ་ཆེན་དེ་ཉིད་དམིགས་བསལ་ཡུལ་ཆོས་དང་འགལ་བའི་ཉེས་ཅན་པ་ཞིག་ཡིན་དགོས་དོན་ག་ལ་ཡོད།

གཉིས་པ་དོན་གྱི་བབ་དང་མི་མཐུན་པ།

སྤྱིར་ན་ཨ་རིག་དགེ་བཤེས་ཆེན་མོའི་འཁྲུངས་གཞིས་དེ་ཁྱིམ་ཚང་འབྱོར་དམན་ཞིག་ཡིན་པར་བཤད་ཚོད་ཡོད་ན་ཡང་། ཡུལ་དེ་རུ་སྐྱེས་ཤིང་དེ་རུ་རྒས་པའི་མི་རྣམས་ཀྱི་ངག་རྒྱུན་ན་ཡོད་པ་ནི།

སྐྱབས་མགོན་དགེ་བཤེས་ཆེན་མོར་ཁོང་ཉིད་བརྩིས་པའི་སྐུ་མཆེད་བཞི་ཡོད་པ་དང་། ཁོང་ནི་ཆུང་ཤོས་དང་། ཆུང་དུས་ཀྱི་མཚན་ལ་དགེ་འདུན་དུ་གྲགས། ཁོང་ཉིད་སྐུ་འཁྲུངས་སྐབས་དེར་ཡབ་ཡུམ་གཉིས་ལ་བཞོན་མ་ལྔ་དྲུག་ཙམ་ལས་མེད་པའི་འབྱོར་མེད་འཁོས་ཆུང་ཞིག་ཡིན་པས། ཡབ་ཆེན་མ་ཡུམ་གྱི་སྐུ་གཟུགས་གསོ་ཕྱིར་ཁྱིམ་ཚང་རྒྱུ་ཆེན་ཞིག་གི་འཚེར་ཤུལ་དུ་རུས་པ་འཚོལ་དུ་འགྲོ་བའི་ལམ་བར་ཤྭ་བ་ཞིག་སྤྱང་ཀིས་དེད་ནས་གཡང་དུ་འཕངས་ཤིང་། དེ་ཡང་ཡབ་ཆེན་གྱི་མདུན་ལ་ལྷུང་ནས་ཤི་བས་ཤྭ་རོ་ཁྱེར་ཏེ་ཡུམ་གྱི་སྐུ་གཟུགས་གསོས་པར་གྲགས། དེ་ནས་རིམ་གྱིས་ཁྱིམ་ཚང་གི་འབྱོར་འཁོས་ཀྱང་ཧ་ཅང་ཐབས་སྡུག་གི་གནས་ལས་གྲོལ་ཏེ་བདེ་སྐྱིད་ལྡན་པར་བཤད་ལ།

འདི་ནི་ཡུལ་འདིར་རླུང་ལྟར་གྲགས་པའི་ངག་རྒྱུན་ཡིན་པ་མ་ཟད། གུས་པ་ཆུང་དུས་སུ་སྐྱ་སེར་གཉིས་ཀས་གླེང་བཞིན་པ་ཞིག་རེད། དེ་ལ་ལྟོས་ན་སྐྱབས་མགོན་དགེ་བཤེས་ཆེན་མོར་མཁས་པའི་གྲགས་པ་འབར་བའི་རྗེས་སུ་ད་དུང་ཡང་ཁོང་གི་འཁྲུངས་གཞིས་འཕྱི་བ་བསད་ནས་འཚོ་དགོས་པའི་ཚོད་ན་ཡོད་དོན་མི་འདུག

ངག་རྒྱུན་འདིའི་ནང་གསལ་བ་ལྟར་ཕ་བོང་བཀས་ནས་སྦྲུལ་དེ་ཕོ་རོག་གིས་ཁུར་རྗེས་ཨ་རིག་དགེ་བཤེས་ཆེན་མོས་སྦྲུལ་འདི་ང་ཕ་ཡིན་ཞེས་པ་ཙམ་ལས་མ་གསུངས་པར། དོན་དག་གཞན་རྣམས་གྲྭ་པ་རྣམས་ཀྱིས་དྲན་སོས་ཚུལ་ཙམ་བཤད་འདུག  སྤྱིར་ན་གྲྭ་པ་དེ་དག་ཚང་མ་ཨ་རིག་དགེ་བཤེས་ཀྱི་ཕ་ཁྱིམ་དང་འབྲེལ་བ་ཡོད་པ་ཤ་སྟག་ཡིན་ནམ། ཡང་ན། ཨ་རིག་དགེ་བཤེས་ཀྱི་ཕ་ཁྱིམ་དེ་རྭ་རྒྱ་དགོན་པའི་མཐའ་སྐོར་ཞིག་ཡོད་ཟེར་བ་ཡིན་ནམ། གང་ལྟར་མདོ་སྨད་ཆོས་འབྱུང་དང་རྭ་རྒྱའི་བཅའ་ཡིག་ལྟར་ན་རྭ་རྒྱའི་དགོན་ས་དེ་ཙང་ཀི་དབང་གྲགས་རྡོ་རྗེའི་ས་ཆ་ཡིན་ལ། ཨ་རིག་ཚབ་ཤུལ་ཚོ་བ་སྟེ་ཨ་རིག་དགེ་བཤེས་ཆེན་མོའི་འཁྲུངས་གཞིས་ཀྱི་རུ་སྡེ་ནི་ཨ་རིག་ཁྱེབ་ཀྱི་ས་སྟེ་རྭ་རྒྱ་དགོན་དང་ཅུང་ཙམ་ཐག་རིང་པོ་སར་ཆགས་ཡོད་པ་ཡིན་པས། ཨ་རིག་དགེ་བཤེས་ཆེན་མོའི་ཡབ་ཆེན་གྱི་རྒྱུན་ལྡན་གནས་ཚུལ་རྭ་རྒྱ་དགོན་པའི་གྲྭ་པ་སྤྱི་བྱིངས་ལ་དེ་ཙམ་རྒྱུས་ཡོད་ཡིན་དགོས་དོན་ཀྱང་གཏན་ནས་མེད་པ་ཞིག་རེད།

ཡང་ན་ནི། གྲྭ་པ་ཤེད་ཆེན་དེ་ཚོ་ཚང་མ་དགེ་བཤེས་ཆེན་མོ་དང་སྡེ་བ་གཅིག་པ་རྐྱང་ཡིན་དགོས་པ་རེད་དེ། དེ་ལྟར་བཤད་ཁག་པོ་མིན་ནམ། མ་གཞི་ནས་རྭ་རྒྱ་དགོན་པའི་ཉེ་སྐོར་ཞིག་ལ་ཨ་རིག་དགེ་བཤེས་ཆེན་མོའི་གྲུབ་རྟགས་ཀྱི་རྣམ་པ་དེ་འདྲ་ཞིག་བསྟན་ཡོད་ན་གནས་དེ་ན་ཡོངས་གྲགས་ཀྱི་རྟེན་ཞིག་མེད་མི་སྲིད་པ་ཡིན་མོད། ད་ལྟའི་བར་གོ་ཐོས་ཅི་ཡང་མེད་པ་འདིས་ཀྱང་དཔང་རྟགས་བླ་མེད་ཅིག་བསྟན་ཡོད།

མ་གཞི་འདི་འདྲའི་ངག་རྒྱུན་ཞིག་རང་ས་རང་ཡུལ་ནས་ད་ལྟའི་བར་གོ་རྒྱུ་མེད་པར་གློ་བུར་དུ་དབྱར་ཁའི་ཤྭ་མོ་བརྡོལ་བ་ལྟར་བྱུང་བ་ཡིན་པས་ངག་རྒྱུན་དེ་ནི་དོན་གྱིས་བབ་དང་མི་འཚམ་པ་ཞིག་རེད།

གསུམ་པ་ལོ་རྒྱུས་ཀྱི་ཁུངས་དང་མི་འཚམ་པ།

ངག་རྒྱུན་འདི་ནི་ལོ་རྒྱུས་ཀྱི་ཁུངས་དང་མི་འཚམ་པ་ཞིག་རེད། རྒྱུ་མཚན་ནི། སྐྱབས་མགོན་དགེ་བཤེས་ཆེན་མོས་ལྷ་རམས་དགེ་བཤེས་དམ་འཇོག་གནང་རྗེས་རྒྱུད་དུ་ཕེབས་ཤིང་། དེ་ནས་ཐོན་རྗེས་རྗེ་ཕུར་ལྕོག་བྱམས་པ་རིན་པོ་ཆེའི་མདུན་རི་ཁྲོད་དུ་བཞུགས། ཕྱིས་སུ་བླ་མ་བྱམས་པ་རིན་པོ་ཆེ་དགོངས་པ་རྫོགས་ནས་པན་ཆེན་དཔལ་ལྡན་ཡེ་ཤེས་ལ་རང་ཡུལ་དུ་ཕེབས་དང་དབུས་སུ་འདུག་པའི་བརྟག་པ་ཕུལ་བས་རང་ཡུལ་དུ་ཕེབས་དགོས་པའི་བཀའ་གནང་བ་དང་། སྐབས་དེར་རང་ཡུལ་ནས་ཕ་མ་གཉིས་ཀྱིས་བསུ་མི་དབུས་སུ་བཏང་ཡོད་པ་རེད།

དེ་ཡང་། ཉིད་ཀྱིས་མཛད་པའི་<<བཅའ་ཡིག་གཉིས་འཐུང་འགུག་པའི་ལྕག་ཀྱུ་>>ལས། རང་ཡུལ་ནས་ཕ་མ་རྒན་རྒོན་གཉིས་ཀྱིས་རེ་བ་ཆེན་པོས་བསུ་མཁན་ཞིག་བཏང་བྱུང་བར་རྒན་རྒོན་གཉིས་ཀྱི་འབྱོར་རྒུད་གནས་ཚུལ་ལ་བསམ་ཚེ་ཤ་རུས་ཞིག་འགྲོ་བ་ཙམ་གྱིས་སེམས་ལས་ཀྱིས་ནོན་ནས། ༸ཀུན་གཟིགས་སྐྱབས་མགོན་པཎ་ཆེན་རིན་པོ་ཆེའི་ཞབས་པད་དུ་ཕྲན་བུ་ཚེ་རིང་ཞིང་དགེ་སྦྱོར་འཕེལ་བ་ལ་ཕུར་བུ་ལྕོགས་རང་དུ་གཏན་སྡོད་དང་། རང་ཡུལ་དུ་ཕྱིན་པ་གང་ལེགས་ཞུས་པར་ཕྱི་མ་ལེགས་པའི་བཀའ་འཁྲོལ་བཞིན་་་་་ཞེས་སོགས་གསལ་ཡོད་པ་ཡིན།

ལོ་རྒྱུས་དུམ་ཚན་འདིས་གསལ་བཤད་བྱས་པ་ནི། སྐྱབས་མགོན་དགེ་བཤེས་ཆེན་མོ་མདོ་སྨད་དུ་ཕེབས་ཁའི་ལོ་དེར་ཁོང་གི་ཡབ་ཡུམ་གཉིས་འཕྱི་བ་བསད་ནས་འཚོ་དགོས་པའི་ཚོད་ན་མེད་པ་ཤེས་ཐུབ་སྟེ། རང་གི་བུ་དབུས་ནས་མདོ་སྨད་དུ་བསུ་བའི་ཕོ་ཉ་གཏོང་ཐུབ་པའི་ཚོད་ན་ཡོད་པ་དེ་རེད། འཕྱི་བ་བསད་ནས་ཁ་གསོ་དགོས་མཁན་ཞིག་ལ་དེའི་ནུས་པ་མེད་པ་ནི་བཤད་མ་དགོས་སོ། ། ཡང་ན་སྐབས་དེ་མ་ཡིན་པར་དགེ་བཤེས་ཆེན་མོ་ཕ་ཡུལ་ལ་འབྱོར་བའི་རྗེས་སུ་ཁོང་གི་འཁྲུངས་གཞིས་གློ་བུར་རྒུད་སོང་བ་རེད་ཅི་མི་ཟེར་རམ།

གཞན་ཡང་རྗེ་གསེར་ཁང་པ་ཆེན་པོའི་རྣམ་ཐར་ནང་གསལ་བ་ལྟར། སྐྱབས་མགོན་དགེ་བཤེས་ཆེན་མོའི་མ་ཡུམ་ནི་རྗེ་བཙུན་སྒྲོལ་མའི་རྣལ་འབྱོར་ལ་ཆུང་དུས་ནས་བརྩོན་པ་ཞིག་ཡིན་ལ། དགེ་བཤེས་ཆེན་མོ་ཉིད་ལའང་སྒྲོལ་མ་སློབ་མཁན་ཁོང་གི་མ་ཡུམ་ཡིན། དོན་གནད་འདིས་དགེ་བཤེས་ཆེན་མོའི་འཁྲུངས་ཁྱིམ་གྱི་དད་མོས་གནས་ཚུལ་དང་། དེང་སྐབས་ཀྱི་བཤད་ཚུལ་ལྟར་ན་ཁྱིམ་ཚང་སློབ་གསོའི་རྣམ་པ་དེ་གང་འདྲ་ཞིག་ཡོད་པ་སྟོན་གྱིན་ཡོད། ཁོང་གི་མ་ཡུམ་དད་པ་ཆེ་བ་དང་དགེ་སྦྱོར་ལ་བརྩོན་པ་ཞིག་ཡིན་བཞིན་དུ་དམིགས་བསལ་ཕ་རྒན་དེ་སྙིང་རྗེའི་དྲི་ཙམ་མི་བྲོ་བའི་ཀླ་ཀློ་བ་ཞིག་ཡིན་དགོས་དོན་རྩ་ནས་མེད་དེ། གང་ཞིག་གསེར་གྱི་རི་ལ་གནས་བཅས་པ། དེ་ཡི་འདབ་ཆགས་ཐམས་ཅད་གསེར་དུ་འགྱུར་ཞེས་པ་ལྟར། ཡུལ་སྡེ་སྤྱི་ཆོས་ལ་དད་ཅིང་སྡིག་པར་འཛེམས་པ། ཡ་རབས་ཆོས་སྲོལ་རྒྱུན་ཆགས་སུ་གནས་པའི་གྲགས་པ་ཧ་ཅང་ཆེ་བ་དང་། སྐུ་ཟླ་ཡང་རྗེ་བཙུན་སྒྲོལ་མའི་རྣལ་འབྱོར་ལ་བརྩོན་པ་མ་ཟད། བྱིས་པ་རྣམས་ལ་ཆུང་དུས་ནས་སྒྲོལ་མ་འདོན་ཚུལ་སོགས་སློབ་ཀྱི་ཡོད་པའི་ཁོར་ཡུག་དེ་ལྟ་བུ་ནས་ཁོང་གི་ཡབ་ཆེན་གྱིས་གཤིས་སྤྱོད་དེ་འདྲ་ཞིག་ཡོང་མི་སྲིད་པ་རེད།

གཞན་ཡང་། དགེ་བཤེས་ཆེན་མོ་སྐུ་ན་ཆུང་ངུའི་སྐབས་ནས་མི་གཞི་དང་ཤེས་རབ་ལེགས་པས་རྒྱལ་ལུ་བློ་བཟང་བསྟན་དར་བས་ཡབ་ཡུམ་ལས་བསླངས་ཏེ་བསྐྱངས་ཞེས་ལོ་རྒྱུས་ཡིག་ཚང་ཁག་ཏུ་གསལ་བ་མ་གཏོགས།  ལྟོ་མི་རག་པའི་ངན་སློང་གི་ཕྲུ་གུ་ཞིག་བདག་ཉར་གནང་སྟེ་དབུས་སུ་བརྫངས་སོགས་གཏན་ནས་འཁོད་མེད་པ་འདིས་ཀྱང་འཕྱི་ཤས་འཚོ་བ་རོལ་དགོས་པའི་ཚོད་དུ་ལྷུང་མེད་པ་གསལ་བཤད་གནང་ཡོད། རྒྱུ་མཚན་འདི་དག་གི་ཆ་ནས་ངག་རྒྱུན་འདི་ནི་ལོ་རྒྱུས་ཀྱི་ཁུངས་དང་མི་འཚམ་པ་ཞིག་རེད།

བཞི་བ་དགེ་བཤེས་ཆེན་མོའི་མི་གཤིས་དང་ཉམས་ལེན་ལ་མི་འཚམ་པ།

སྤྱིར་ན་ཨ་རིག་དགེ་བཤེས་ཆེན་མོ་ནི་བཀའ་གདམས་གཙང་མའི་རྣམ་ཐར་འཛིན་པའི་སྐྱེས་བུ་ཆེན་པོ་ཞིག་ཡིན་ལ། དམིགས་བསལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་དང་། ཇོ་འབྲོམ་ཡབ་སྲས་ཀྱི་རྣམ་ཐར་ཇི་ལྟ་བ་བཞིན་ཉམས་ལེན་གྱི་སྙིང་པོར་མཛད་མཁན་ཞིག་ཡིན་པས། མདོ་སྨད་ཀྱི་བླ་སྤྲུལ་སྐྱེས་ཆེན་མང་པོའི་རྣམ་ཐར་ནང་། བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཆེན་པོ་ཨ་རིག་དགེ་བཤེས་ཞེས་ལན་གྲངས་མང་དུ་ཐོན་ཡོད་པ་ཡིན། དེའི་ཆ་ནས་གྲུབ་པའི་གོ་འཕང་མ་བརྙེས་པ་མ་ལགས་ཀྱང་། ཐུན་མོང་སྣང་ངོར་ཡབ་རྗེའི་བཀའ་སྲོལ་ཇི་བཞིན་སྐྱོང་བ་ལས། གྲུབ་རྟགས་དང་། མངོན་ཤེས། མངོན་སྤྱོད་དྲག་ལས་སོགས་ཀྱི་ཐོ་ཅོའི་སྤྱོད་པར་གཏན་ནས་ཐུགས་མི་དགྱེས་པ་ཡིན་ཏེ།

དཔེར་ན། དགོན་ལུང་ལ་རྒྱ་དམག་གི་འཇིགས་པ་བྱུང་སྐབས་ཤིག་ལ། ལྷ་བ་ཞིག་གིས་དཔལ་ལྡན་ལྷ་མོའི་སྒོ་ནས་མངོན་སྤྱོད་ཞག་བདུན་དུ་བསྒྲུབས་ན་རྟགས་ཤིག་ཡོང་བར་བཤད་པ་ལྟར་བསྒྲུབས་ཀྱང་རྟགས་མ་ཐོན་པ་ཁོང་ལ་ཞུས་པས། དེ་ལྟར་བྱས་པ་ཆོས་དང་མི་མཐུན་ཚུལ་གྱིས་བཀའ་བཀྱོན་དང་འབྲེལ་མངོན་སྤྱོད་ཀྱི་ལས་སྒྲུབ་པར་དགག་པ་མཛད་པ་མདོ་སྨད་ཆོས་འབྱུང་དུ་གསལ་བ་དེ་ལྟར་རེད། འདི་ལྟར་བཀའ་གདམས་རྣམ་ཐར་གཙང་མ་ཉམས་ལེན་གྱི་སྙིང་པོར་འཛིན་མཁན་ཞིག་གིས་ཐུན་མོང་བའི་སྣང་ངོར་སྐྱེ་བ་མང་པོ་མངོན་པར་མཁྱེན་པའི་ཚུལ་དེ་འདྲ་གནང་མི་སྲིད་པ་ཞིག་རེད།

གཞན་ཡང་། གལ་ཏེ་སྐྱབས་མགོན་དགེ་བཤེས་ཆེན་མོའི་ཡབ་ཆེན་དེ་ངག་རྒྱུན་འདི་ལྟར་དུ་འཕྱི་ཤ་མ་གཏོགས་ཟས་མེད་པའི་མི་ཞིག་ཡིན་དབང་དུ་བཏང་ན་ཡང་། བྱུང་ཚུལ་འདི་ནི་སྐྱབས་མགོན་དགེ་བཤེས་ཆེན་མོའི་ཉམས་ལེན་དང་གཏན་ནས་མི་འཚམ་སྟེ། ཁོང་ཉིད་མདོ་སྨད་དུ་ཕེབས་པ་ནས་རྒྱ་བོད་ཧོར་སོག་གི་སྦྱིན་བདག་རྣམ་ལས་རྙེད་པ་དག་གིས་རྭ་རྒྱ་དགོན་པ་གསར་འདེབས་དང་། ལྷག་པར་དུ་དབུས་ཀྱི་གདན་ས་ཆེན་པོ་གསུམ་དང་། སྐྱབས་མགོན་རྒྱལ་པ་ཡབ་སྲས་གཉིས་སོགས་ལ་ལོ་རེ་རེ་བཞིན་དུ་འབུལ་བ་དང་སྤྱི་འཇོག་གཏོས་ཆེན་པོ་སྐུར་བཞིན་ཡོད་ལ།

དུས་རྒྱུན་དུ་ཐ་གུ་རིང་པོ་ཞིག་ལ་དོང་ཙེ་བརྒྱུས་ནས་གང་བ་ན་གྲོང་མཐའ་སོགས་ཀྱི་དབུལ་ཕོངས་ལ་སྦྱིན་པ་གཏོང་ཞིང་། སླར་ཡང་དེ་ལྟར་བསགས་ཏེ་སྦྱིན་པར་གཏོང་བ་སོགས་སྐུ་ཚེ་གང་བོའི་ཉམས་ལེན་གྱི་ཆ་ཤས་སུ་འཛིན་གནང་བ་རེད། འོ་ན་ཕ་སྤྲང་པོ་ལ་སྦྱིན་པ་གཏན་ནས་གཏོང་མི་ཉན་པར་གཞན་ལ་གཏོང་ཆོག་པ་དེ་ཅི་ཡིན་ནམ། གཞན་པར་བཏང་བ་དེ་ལྕགས་གོང་མེ་འབར་བ་ཅིའི་ཕྱིར་མ་ཡིན། དེ་སྦྱིན་པ་རེད་ཟེར་ན། ཕ་ལ་སྦྱིན་པ་གཏོང་མི་ཆོག་པ་ཅི་ཡིན།  སྦྱིན་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་དྲུག་གི་དང་པོར་བསྔགས་ཤིང་དེ་ཡང་མར་གྱུར་སེམས་ཅན་ཐམས་ཅད་ལ་དམིགས་དགོས་པ་ཞིག་ལས། ཚེ་འདིའི་ཕ་དེའི་ནང་དུ་མི་གཏོགས་པའི་བྱང་ཆུབ་སེམས་དཔའི་བསླབ་བྱ་ཞིག་གང་ན་འདུག

ད་དུང་ཡང་། དགེ་བཤེས་ཆེན་མོས་རང་གི་ཕ་རྒན་གྱིས་ལས་ཚབ་པོ་ཆེ་དེ་འདྲ་བསགས་ནས་སྦྲུལ་དུ་སྐྱེ་འགྱུར་དང་གནོད་སྦྱིན་དུ་སྐྱེ་འགྱུར་ཤེས་བཞིན་དུ་སྐྱོབས་ཐབས་མི་མཛད་པ་ནི་དཔེ་མི་སྲིད་པ་སྟེ། ངག་རྒྱུན་འདི་ལྟར་ན་ཕ་རྒན་ལ་འབྱོར་བའི་ཕྱོགས་ནས་དགོས་མཁོ་སྐོང་དགོས་པ་ལས། ཡིན་གཅིག་མིན་གཉིས་དགེ་བཤེས་ཆེན་མོར་གཞན་གྱིས་ཕུལ་བའི་མཛོ་མོ་གང་རུང་ཞིག་དགོས་ཞེས་པ་ནི་མིན་ཚོད་རེད།

དེ་མིན། སྐྱབས་མགོན་དགེ་བཤེས་ཆེན་མོ་ནི་དཀོར་ཟས་ཀྱི་ཉེས་པ་ཙམ་ལ་བསམས་ཏེ་བསྡུ་བ་རྣམ་བཞིའི་ཉམས་ལེན་བློས་གཏོང་མཁན་ཞིག་ཀྱང་གཏན་ནས་མིན་ཏེ། དཔེར་ན། རྒྱ་བཟའི་ཚག་ལོ་དང་བོང་སྟག་རུ་ལོ་ཟེར་བའི་སྡེ་དཔོན་གཉིས་ལ་རྟ་རེ་དང་གསེར་སོགས་གནང་སྦྱིན་མཛད་ནས་ཇག་རྐུན་ལས་ལྡོག་པར་མཛད་པ་སོགས་ཧ་ཅང་མང་།

གཞན་ཡང་། སྐྱབས་མགོན་དགེ་བཤེས་ཆེན་མོ་ནི། ཡུལ་ཕྱོགས་འདིའི་རྒྱལ་པོའམ་དཔོན་པོ་ཝང་ངག་དར་རྒྱས་དང་། མགོན་པོ་རྡོ་རྗེ་ཇ་སག་དང་། ཧོ་ཤོས་ཙང་ཀི་དབང་གྲགས་རྡོ་རྗེ། བེ་ཅིང་ཚེ་རིང་དོན་གྲུབ་སོགས་རྒྱ་བོད་ན་ལུང་ལས་ཀྱིས་མཐོ་བ་མང་པོ་ཞིག་གི་རིགས་ཀྱི་བདག་པོ་དང་གཙུག་གི་ནོར་བུ་ཉག་གཅིག་དེ་ཡིན་པས། ཁོང་གིས་འཁྲུངས་གཞིས་ལ་འབྱོར་བའི་ཕྱོགས་ནས་ཕན་འདོགས་ཤིག་བྱ་དགོས་ན། ཡིན་གཅིག་ཁོང་ལ་གཞན་གྱིས་ཕུལ་བའི་དད་ཟས་ཙམ་ལ་རེ་དགོས་དོན་ཀྱང་ག་ལ་ཡོད་དེ། ས་ཆུ་ཕུན་སུམ་ཚོགས་ཤིང་ཡུལ་གྲུ་སྤྱིའི་འབྱོར་ཕྱུག་ནི་གཞན་འགྲན་མེད་པའི་ཚོད་དུ་ཡོད་པ་སྐབས་དེའི་མདོ་སྨད་ལྷོ་བྱང་གི་ལོ་རྒྱུས་ལ་བལྟས་ན་ཧ་ཅང་གསལ་བོ་ཡིན།

མདོར་ན།  གོང་དུ་གསལ་བའི་རྒྱུ་མཚན་དེ་དག་ནི་རྩོམ་པ་པོ་གྲགས་ཅན་རྒན་རྒྱ་གྲོལ་ལྟ་བུས་མི་མཁྱེན་པ་ག་ལ་སྲིད་ཀྱང་། དུས་དང་གནས་སྐབས་ཐམས་ཅད་དུ་རང་གི་ལྟོས་གོས་གཏམ་གསུམ་དང་འབྲེལ་བའི་སྙན་པ་ཉི་ཚེ་བ་རེའི་ཆེད་དུ། མི་བྱེད་དགུ་བྱེད་དང་མི་བདེན་རྫུན་སྒྲིག  རང་ཆེ་གཞན་ཆུང་གི་བྱ་སྤྱོད་ངན་པས་ལང་དུ་ཤོར་བ་ཞིག་གིས་རྒྱུ་ཆ་རྫུན་སྒྲིག་གིས་ཕུལ་བ་ཐུགས་ཉམས་མ་བཞག་པར་དྲ་བར་བཀོད་པ་ཡིན་ཤག་ལ།  ལར་ནས། དམ་པའི་རྣམ་ཐར་དང་མི་མཐུན་པ་དང། ལོ་རྒྱུས་ཀྱི་བབས་དང་འགལ་བ། ཐ་ན་ཡུལ་སྲོལ་གོམས་གཤིས་དང་གཏན་འགལ་དུ་གྱུར་བའི་ངག་རྒྱུན་དུ་གྲགས་པ་འདི་རིགས་ཁྱི་དང་གློ་བ་འཕྲད་པའི་དཔེ་བཞིན་རྩོམ་དུ་བྲིས་པ་དང་དེབ་ཏུ་དཔར་བ་ནི་ཕན་ལས་གནོད་ཆེ་བས་ཐུགས་ཉམས་འཇོག་དགོས་པའི་གནས་སོ། །

 

རྩོམ་ཡིག་འདིའི་དཔྱད་གཞི་ཡིག་ཆ་ནི།   ཞྭ་དམར་པཎྡི་ཏས་མཛད་པའི་ཤིང་བཟའ་རྡོ་རྗེ་འཆང་གི་རྣམ་ཐར་ཀུན་བཟང་སྤྱོད་ཚུལ་གསལ་བའི་མེ་ལོང་། བྲག་སྒོམ་པ་བསྟན་པ་རབ་རྒྱས་ཀྱིས་མཛད་པའི་མདོ་སྨད་ཆོས་འབྱུང་། མགོ་ལོག་རུས་མཛོད་མེ་ཏོག་སྐྱེད་ཚལ། ཨ་རིག་དགེ་བཤེས་ཆེན་མོས་མཛད་པའི་རྭ་རྒྱའི་བཅའ་ཡིག མགོ་ལོག་རིག་གནས་ལོ་རྒྱུས་དེབ་དང་པོ། རྒྱ་ཡིག་གི་ཆིན་རྒྱལ་རབས་ལས་ཇ་ཆིན་སྐབས་ཀྱི་ཟིན་བྲིས་ཟེར་བ་སོགས་ཡིན།  དོན་གནད་རེ་རེ་བཞིན་ལུང་ཁུངས་དང་ཐོ་གཏུག་པའི་ངལ་བ་བརྟེན་མ་ཐུབ་ཀྱང་། རྗེས་སུ་རིམ་གྱིས་འདི་དང་འབྲེལ་བའི་ཡིག་ཆ་རྒྱས་པ་རེ་འབྱུང་ངེས་ཡིན་པས། སྐབས་དེར་དོན་གནད་དང་ལུང་ཁུངས་སྦྲེལ་ཆོག་ཞུ་བ་ལགས།

རྭ་རྒྱ་བློ་དབང་ངམ་དྲ་མིང་ལ་ཨ་རིག་རྭ་རྒྱ་བར་འབོད་པས་ཐའེ་ལན་ཀྲིའི་རྒྱལ་ས་བྷང་ཀོག་ཏུ་2016། 12། 27 ཉིན་བྲིས།