ཉེ་ཆར་ཕྲན་གྱིས་བུ་སྟོན་རིན་པོ་ཆེ་དང་འབྲེལ་བའི་ལོ་རྒྱུས་ཡིག་ཆ་སྣ་ཚོགས་ཤིག་ཡོད་པ་ཁག་ལས་གང་འཚམ་ཞིག་ལ་མཇལ་སྐབས། བུ་སྟོན་དང་འབྲེལ་བའི་ལོ་རྒྱུས་སྐོར་ཞིག་ཟིན་བྲིས་སུ་བཏབ་ཡོད། དེ་དག་ནི་བུ་སྟོན་རིན་པོ་ཆེའི་སྐོར་གྱི་ཡིག་ཆ་དང་། རྣམ་ཐར། ཁོང་གི་འབོད་མིང་། བུ་སྟོན་ཁ་ཆེ་ཞེས་འབོད་དགོས་དོན། བརྩམས་ཆོས་བཅས་ཀྱི་སྐོར་ཡིན། དེ་ལ་འདིར་དེ་དག་རེ་རེ་བཞིན་ཞུའོ། །

གཅིག བུ་སྟོན་རིན་པོ་ཆེའི་སྐོར་གྱི་ཡིག་ཆ་ངོ་སྤྲོད།

བུ་སྟོན་རིན་པོ་ཆེའི་རྣམ་ཐར་རྒྱས་པ་ནི་སྔ་རབས་དང་ཉེ་རབས་ཀྱི་མཁས་པས་བརྩམས་པའི་གསུང་རྩོམ་ཁག་ཏུ་བཞུགས་པ་དཔེར་ན། ཁྲོ་ཕུ་བ་བསོད་ནམས་སེང་གེས་མཛད་པའི«བུ་སྟོན་གྱི་རྟོགས་བརྗོད་ངོ་མཚར་གཏམ་གྱི་རོལ་མོ་ཉེར་གཅིག་པ»དང་། བླ་མ་མགོན་པོ་དཔལ་བས་མཛད་པའི«ཆོས་རྗེའི་རྣམ་ཐར་རིན་ཆེན་ཕྲེང་བ།» སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་(1318-1388)གྱིས་མཛད་པའི«ཆོས་རྗེ་ཐམས་ཅད་མཁྱེན་པ་བུ་སྟོན་ལོ་ཙྪ་བའི་རྣམ་པར་ཐར་པ་སྙིམ་པའི་མེ་ཏོག»  ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས་ཀྱིས་མཛད་པའི«ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེའི་ལྷུན་པོ།» ཚེ་མཆོག་གླིང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་(1713-1793)གྱིས་མཛད་པའི«བུ་སྟོན་རིན་པོ་ཆེའི་གསུང་འབུམ་གྱི་དཀར་ཆག་བསྟན་པ་རིན་པོ་ཆེའི་མཛེས་རྒྱན།»བཅས་ནི་སྔ་རབས་ཀྱི་མཁས་པའི་བསྟན་བཅོས་ཁྲོད་དུ་བཞུགས་པའི་བུ་སྟོན་གྱི་རྣམ་ཐར་ཡིན།

སྟོད་མངའ་རིས་འབོ་དཀར་དགོན་གྱི་མཁན་པོ་བློ་གྲོས་དོན་ཡོད་ཀྱིས་བརྩམས་པའི«དུས་འཁོར་ཆོས་འབྱུང་ཨིནྡྲ་ནཱི་ལའི་ཕྲ་ཚོམ»དུ་འབྱུང་བའི་བུ་སྟོན་རིན་ཆེན་གྲུབ་ཀྱི་རྣམ་ཐར་དུང་དཀར་ཚིག་མཛོད་དུ་གསལ་བའི་བུ་སྟོན་གྱི་རྣམ་ཐར། ནོར་བྲང་ཨོ་རྒྱན་གྱི་གསུང་རྩོམ་ཕྱོགས་བསྡུས་སུ་གསལ་བའི་བུ་སྟོན་རིན་ཆེན་གྲུབ། སྐལ་བཟང་དང་རྒྱལ་པོས་བརྩམས་པའི་ཞ་ལུ་དགོན་གྱི་ལོ་རྒྱུས་མདོར་བསྡུས་སུ་གསལ་བའི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ཀྱི་རྣམ་ཐར་མདོར་བསྡུས། གཟུངས་འབུམ་ཐར་གྱིས་བརྩམས་པའི«བོད་ཀྱི་རིག་གནས་སྤྱི་རྣམ་རིན་ཆེན་ཀུན་འདུས»སུ་གསལ་བའི་བུ་སྟོན་རིན་ཆེན་གྲུབ་ཀྱི་རྣམ་ཐར་མདོར་བསྡུས། མི་རིགས་དཔེ་མཛོད་ཁང་གི་དཔེ་ཐོ་ལས་གསུང་འབུམ་སྐོར་གྱི་དཀར་ཆག་ཤེས་བྱའི་གཏེར་མཛོད་དུ་བཞུགས་པའི་བུ་སྟོན་གྱི་ལོ་རྒྱུས་ཉུང་བསྡུས་བོད་རྒྱ་ཤན་སྦྱར་མ་སོགས་ནི་ཉེ་རབས་པས་བྲིས་པའི་བུ་སྟོན་གྱི་རྣམ་ཐར་ཡིན་ནོ། །

བླ་མ་མགོན་པོ་དཔལ་བ་དང་། སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས་གསུམ་ནི་བུ་སྟོན་རིན་པོ་ཆེའི་དངོས་སློབ་ཡིན་པས། ཁོང་རྣམ་གསུམ་གྱིས་མཛད་པའི་བུ་སྟོན་གྱི་རྣམ་ཐར་དག་ཁུངས་དག་སྤུས་དག་ཡིན་པ་སྨོས་མ་དགོས་ཤིང་། ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས་དང་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་རྣམ་གཉིས་ཀྱིས་མཛད་པའི་བུ་སྟོན་གྱི་རྣམ་ཐར་ཧ་ཅང་རྒྱས་པ་ཞིག་དང་། བླ་མ་མགོན་པོ་དཔལ་བས་མཛད་པའི་བུ་སྟོན་གྱི་རྣམ་ཐར་དེ་ནི་ལྡེབ་གྲངས་༣༦ཅན་ཞིག་རེད། ཉེ་རབས་བྲིས་པའི་བུ་སྟོན་གྱི་རྣམ་ཐར་རྒྱས་ཤོས་ནི་མི་རིགས་དཔེ་མཛོད་ཁང་གི་དཔེ་ཐོ་ལས་གསུང་འབུམ་སྐོར་གྱི་དཀར་ཆག་ཤེས་བྱའི་གཏེར་མཛོད་དུ་བཞུགས་པའི་བུ་སྟོན་གྱི་རྣམ་ཐར་དེ་རེད་སྙམ་མོད། ཉེ་རབས་དང་དེང་རབས་ཀྱི་མཁས་པའི་གསུང་འབུམ་ཁྲོད་དུ་བཞུགས་པའི་བུ་སྟོན་གྱི་རྣམ་ཐར་དག་གི་ཆུ་མགོ་ནི་གོང་གི་བུ་སྟོན་གྱི་དངོས་སློབ་རྣམས་ཀྱིས་མཛད་པའི་རྣམ་ཐར་དེ་དག་ཡིན་པ་གོར་མ་ཆག་གོ།

རྩོམ་ཡིག་འདིའི་ཞབས་མཆན་དུ་ཡིག་ཚོགས་མང་བར་དོགས་ནས་གོང་དུ་ཞུས་ཟིན་པའི་རྣམ་ཐར་དེ་དག་གང་དུ་པར་སྐྲུན་བྱས་པ་དང་། ཤོག་གྲངས་སོགས་འགོད་པར་རྩོལ་བ་མ་བྱས།

ཁྲོ་ཕུ་བ་བསོད་ནམས་སེང་གེས་མཛད་པའི«བུ་སྟོན་གྱི་རྟོགས་བརྗོད་ངོ་མཚར་གཏམ་གྱི་རོལ་མོ་ཉེར་གཅིག་པ»ཞེས་པ་ཕྲན་ལ་མ་ཐོབ་མོད། མཁས་དབང་དུང་དཀར་རིན་པོ་ཆེ་(1927-1997)དང་བྱམས་པ་འཕྲིན་ལས་(1927-1993)རྣམ་གཉིས་ཀྱིས་བུ་སྟོན་གྱི་རྣམ་ཐར་སྐོར་གསལ་བཤད་གནང་སྐབས། ཁོང་རྣམ་གཉིས་ཀྱིས་ལད་ཟློས་ཀྱི་རྣམ་པའི་ཐོག་ནས་ཚལ་པ་སི་ཏུ་ཀུན་དགའ་རྡོ་རྗེའི་(1309-1364)གསུང་སྟངས་ལྟར་གནང་འདུག  ཞ་ལུ་དགོན་གྱི་ལོ་རྒྱུས་མདོར་བསྡུས་སུ་གསལ་བའི་བུ་སྟོན་གྱི་རྣམ་ཐར་དེ་ཡང་གོང་གི་རྣམ་ཐར་དེར་གཟིགས་ནས་བྲིས་ཚུལ་ཞིག་བཀོད་འདུག་པར་བལྟས་ན། ད་དུང་ཡང་རྣམ་ཐར་དེ་མཇལ་དུ་ཡོད་པ་འདྲ།

མི་རིགས་དཔེ་མཛོད་ཁང་གི་དཔེ་ཐོ་ལས་གསུང་འབུམ་སྐོར་གྱི་དཀར་ཆག་ཤེས་བྱའི་གཏེར་མཛོད་དུ་དགེ་སློང་རིན་ཆེན་སེང་གེས་བརྩམས་པའི«བུ་སྟོན་རྣམ་ཐར་ངོ་མཚར་གཏམ་གྱི་རོལ་མོ» [1]ཞེས་པ་ཞིག་ཀྱང་བཀོད་འདུག་པས། ཁྲོ་ཕུ་བ་བསོད་ནམས་སེང་གེ་ཞུ་བ་དང་དགེ་སློང་རིན་ཆེན་སེང་གེ་གཉིས་གང་ཟག་གཅིག་ཡིན་མིན་ལ་དོགས་པ་སླེབས་མོད།  བུ་སྟོན་གྱི་རབ་བྱུང་གི་མཁན་པོའི་མཚན་ལ་དགེ་སློང་རིན་ཆེན་སེང་གེ་ཞུ་བ་ཡིན་ནོ། །

གཉིས། བུ་སྟོན་གྱི་རྣམ་ཐར་མདོར་བསྡུས།  

བུ་སྟོན་རིན་ཆེན་གྲུབ་ཀྱི་རྣམ་པར་ཐར་བ་ནི་ཁོང་གི་དངོས་སློབ་ཁ་ཤས་ཀྱིས་རྒྱས་པར་མཛད་ཡོད་ཅིང་། ཉེ་རབས་ཀྱི་མཁས་པ་ཚོའི་ནང་དུའང་རྩོམ་མཁན་བྱུང་ཡོད་པ་གོང་དུ་ཞུས་ཟིན་པ་ལྟར་ཡིན་མོད། འདིར་དགོས་དབང་གིས་ཁོང་གི་རྣམ་ཐར་གྱི་སྙིང་པོ་འགའ་ཟུར་འདོན་བྱེད་རྒྱུ་ཡིན།

བུ་སྟོན་རིན་ཆེན་གྲུབ་ནི་གཙང་སྟོད་ཁྲོ་ཕུའི་ཕྱོགས་ཀྱི་ཤབ་སྨད་སྒོམ་གནས་དགོན་པར་རབ་བྱུང་ལྔ་བའི་ལྕགས་སྟག(སྤྱི་ལོ 1290) ལོར་སྐུ་འཁྲུངས།  ཁོང་དགོན་པ་ཞིག་ཏུ་འཁྲུངས་དགོས་དོན་ནི་ཡབ་ནི་རྙིང་མའི་བླ་ཆེན་བྲག་སྟོན་རྒྱལ་མཚན་དཔལ་བཟང་ཞུ་བ་ཡིན་པ་དང་། ཡུམ་བསོད་ནམས་འབུམ་ནི་གསང་སྔགས་ཉམས་སུ་ལེན་མཁན་གྱི་རྣམ་འབྱོར་མ་ཞིག་ཡིན་པ་དེ་ལ་ཐུག་ཡོད་པར་གྲགས། ཁོང་དགུང་ལོ་ལྔ་པ་ནས་མ་ཡུམ་ལས་ཡི་གེའི་སྦྱོར་ཀློག་གནང་བ་དང་། དགུང་ལོ་བདུན་པར་ཁྲོ་ཕུ་བསོད་ནམས་སེང་གེའི་དྲུང་དུ་ཐེག་ཆེན་སེམས་བསྐྱེད་དང་།  དགུང་ལོ་བརྒྱད་ལ་རྙིང་མའི་ཆོས་སྐོར་ཡོངས་རྫོགས་གསན། དགུང་ལོ་བཅོ་བརྒྱད་ལ་ཕེབས་པ་མེ་ལུག(སྤྱི་ལོ 1307)ལོར་ལོ་ཙཱའི་མཁན་བརྒྱུད་འཛིན་པའི་མཁན་པོ་རིན་ཆེན་སེང་གེ་དང་། བསོད་ནམས་མགོན་ཞེས་གྲགས་པ་ལས་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་བཞེས། སློབ་དཔོན་བསོད་ནམས་མགོན་ལས་ཕར་ཕྱིན་དང་འདུལ་བ་ཚད་མའི་གཞུང་ལུགས་སོགས་མ་ལུས་པ་གསན་ཏེ་མཁས་པར་གྱུར།  དགུང་ལོ་ཉེར་གཅིག་བཞེས་པའི་ཚེ་ན་དབུས་ཀྱི་ས་ཆ་ལ་གྲྭ་སྐོར་མཛད་དེ།  དབུས་ནས་མཁས་པ་ཤཱཀྱ་གཞོན་ནུ་དང་ཁ་རག་བྱང་གཞོན།  གཙང་ནས་མཁས་པ་དཔལ་ལྡན་སེང་གེ་དང་༌།  འཇམ་སྐྱ་སོགས་ལུང་རིགས་ཀྱི་བཏུལ་བས་སྙན་གྲགས་དབུས་གཙང་ཀུན་ཏུ་ཁྱབ་པར་གྲགས།

དགུང་ལོ་ཉེར་གསུམ་པ་ཆུ་བྱི(སྤྱི་ལོ 1312)ལོར་མཁན་ཆེན་བཀའ་བཞི་པ་གྲགས་པ་གཞོན་ནུ་དང་༌།  སློབ་དཔོན་བསོད་ནམས་གྲགས་པ་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། ཁྲོ་ཕུར་ཕར་ཕྱིན་དང་། འདུལ་བ། མངོན་པ་བཅས་ཀྱི་འཆད་ཉན་ལེགས་པར་མཛད། དེ་ནས་ཐར་ལོ་ཉི་མ་རྒྱལ་མཚན་ཞུ་བ་བ་སློབ་དཔོན་དུ་བསྟེན་ནས་ལེགས་སྦྱར་སོགས་ཡིག་རིགས་མང་པོ་མཁྱེན་ནས་ལོ་ཙཱ་བ་ཞིག་ཏུ་གྱུར་ཅིང་།  དབོན་པོ་རྡོ་རྗེ་རྒྱལ་མཚན་གྱི་དྲུང་ནས་དུས་འཁོར་གསན་པས་དེ་ལ་ཤིན་ཏུ་མཁས་པར་གྱུར་ཏེ་བོད་དུ་དུས་འཁོར་ལ་མཁས་པ་བུ་དོལ་གཉིས་ཞེས་གྲགས་པ་ཁྱབ། དགུང་ལོ་སོ་གཅིག་པ་ལྕགས་སྦྲེལ(སྤྱི་ལོ 1320)ལོར་ཞ་ལུ་ཆོས་སྡེ་ཆེན་པོའི་གདན་ས་བཟུང་། སྔགས་དང་མཚན་ཉིད་ཀྱི་བཤད་གྲྭ་བཙུགས་ནས་དམ་ཆོས་འཆད་སྤེལ་ལོ་ངོ་སུམ་ཅུ་སོ་དྲུག་མཛད་ཅིང་། ཆོས་སྡེ་ཆེན་པོར་དགེ་འདུན་ཚོགས་པ་སུམ་སྟོང་བརྒྱད་བརྒྱ་རེ་ཙམ་གྱི་ཚོགས་དཔོན་མཛད།    དེ་རྗེས་སྣང་ཐར་གི་བསྟན་འགྱུར་ལ་ཞུ་དག་གནང་ཞིང་། «དཀར་ཆག་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོའི་ཕྲེང་བ»ཞེས་པ་བསྒྲིགས།

དགུང་ལོ་སོ་གསུམ་ལ་སླེབས་པ་རབ་བྱུང་ལྔ་པའི་ཆུ་ཁྱི་སྟེ་སྤྱི་ལོ་༡༣༢༢ལོར་སྐད་གྲགས་ཅན་གྱི་བསྟན་བཅོས«བདེ་བར་གཤེགས་པའི་བསྟན་པའི་གསལ་བྱེད་ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད»ཅེས་བྱ་བའམ་ཡོངས་གྲགས་སུ«བུ་སྟོན་ཆོས་འབྱུང»ཞེས་བྱ་བ་མཛད། དགུང་ལོ་ང་ལྔ་ལ་ཕེབས་པ་རབ་བྱུང་དྲུག་པའི་ཤིང་སྤྲེལ(སྤྱི་ལོ 1344)ལོར་གོང་མ་ཟོན་ཏེའི་གསེར་ཡིག་པ་འབྱོར་ཡང་མ་ཕེབས་པའི་ལོ་རྒྱུས་འདུག      དེ་ནས་རེ་གཉིས་པ་ལྕགས་ཡོས(སྤྱི་ལོ 1351)ལོར་གཡའ་ཕག་གཉིས་ཀྱི་འཁྲུག་བསྡུམ་ཆེད་དབུས་ཕྱོགས་སུ་ཕེབས་ཡོད་ཅིང་། ཆུ་སྦྲེལ(སྤྱི་ལོ 1353)ལོར་ས་སྐྱར་བྱོན་ཏེ་བཀའ་བསྟན་འགྱུར་དང་བོད་ཀྱི་ལོ་པཎ་རྣམས་ཀྱིས་མཛད་པའི་བསྟན་བཅོས་སོགས་གསུང་རྟེན་དུ་མ་བཞེངས་པར་མཛད་ཅིང་། སྟོན་པ་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་སུམ་སྟོང་དང་བཞི་བརྒྱ་དགུ་བཅུ་གོ་བདུན་འདས་པ་དགུང་ལོ་བདུན་ཅུ་དོན་ལྔ་བ་རབ་བྱུང་དྲུག་པའི་ཤིང་འབྲུག(སྤྱི་ལོ 1364)ལོར་སྐུ་གཤེགས་འདུག

བུ་སྟོན་རིན་པོ་ཆེ་རྒྱུན་རིང་བཞུགས་སའི་གནས་ཁྲོ་ཕུ་དང་། ཞ་ལུ། རི་ཕུག་གཙོ་བོར་མཛད་འདུག ཁོང་ནི་ས་དགེ་བཀའ་རྙིང་གི་གྲུབ་མཐའ་གང་གི་ཁོངས་སུ་མི་གཏོགས་པའི་བོད་ཀྱི་གྲུབ་མཐའ་ཉི་ཚེ་བ་གྲགས་ཅན་འགའ་ཞིག་བྱུང་བའི་ནང་གསེས་ཀྱི་གཅིག་ཡིན་ཞིང་། ཁོང་གི་གྲུབ་མཐའ་ལ་ཞ་ལུ་བའི་གྲུབ་མཐའམ་བུ་ལུགས་ཞེས་གྲགས། ཡོངས་གྲགས་སུ་ལྟ་བའི་བཤད་པ་ནི་བཀའ་གདམས་པ་དང་མཐུན་ཤོས་ཆེ་ཞིང་། ཟླ་བའི་གཞུང་ལ་གཙོ་བོར་མཛད་པར་བཤད། ད་དུང་ས་དགེ་བཀའ་རྙིང་གི་གྲུབ་མཐའ་ཐམས་ཅད་ཀྱིས་ཚད་མར་བྱེད་དོ། །

མཁས་དབང་དགེ་འདུན་ཆོས་འཕེལ་(1903-1951)མཆོག་ཞ་ལུར་ཕེབས་ནས་བུ་སྟོན་རིན་པོ་ཆེའི་གཟིམ་ཤག་དང་འབྲེལ་བའི་སྐོར་ལ་ཚིག་ཐོ་འགའ་བཏབ་ཡོད་པ་འདི་ལྟར། ‘‘དེ་ནས་བཀྲས་ལྷུན་བརྒྱུད་དེ་ཞ་ལུར་བསླེབས། རི་ཕུག་ཏུ་མཇལ། ཀུན་མཁྱེན་བུའི་གཟིམ་ཤག་དེ་ཀ་བ་གཅིག་གི་ས། ཞལ་བ་ལ་ཚོན་ཀྱང་མེད་པ། སྒོ་ནས་འོངས་པ་མ་གཏོགས་སྐར་ཁུང་ཡང་མ་གཏོད་པ། ད་ལྟའི་གྲྭ་རྐྱང་དཀྱུས་མ་ཚོ་ཡང་སྡོད་མི་སྤྲོ་བ་དེ་འདྲ་ཞིག་རེད། ཕྱག་དཔེ་འགངས་ཆེན་དེ་རྣམས་ཤིང་སྒམ་སྐྱ་བོ་འཕང་དུ་མཐོ་གསུམ་ལ་ཚོན་གང་ཆད་པ། སྲིད་དུ་མཐོ་དྲུག་ཡོད་པ་གཉིས་ཀྱི་ནང་དུ་བཅུག་འདུག་པ་སྒམ་དེ་ཡང་བུ་སྟོན་གྱི་ཡིན་ཟེར། དེའི་ནང་དུ་བོད་དཔེ་བྲིས་མ་མང་པོ་ཡང་འདུག སུ་ལའང་རྒྱུས་མེད་པའི་དཔེ་རིང་ཞིག་གོས་ཐུམ་དགུ་ཙམ་གྱིས་དྲིལ་ནས་འདུག་པར་ལ་ཕྱེས་པས། བུ་སྟོན་གྱིས་མཛད་པའི་སྒྲོན་གསལ་བཤད་སྦྱར་མཐའ་དྲུག་གསལ་བ་དང་པོའི་རྩོམ་གདན་དེ་སྣང་། །’’[2]ཞེས་གསལ་བ་དང་། འདི་ལ་བསམ་བློ་བཏང་ན་བུ་སྟོན་གྱི་སྐུ་ཚེའི་སྣང་བརྙན་དེ་ཡང་ཡིད་ལ་འཆར་འོང་བ་ཞིག་འདུག

གསུམ། བུ་སྟོན་གྱི་འབོད་མིང་བཤད་པ།

བུ་སྟོན་རིན་པོ་ཆེར་སངས་རྒྱས་གཉིས་པ་བུ་སྟོན་རིན་པོ་ཆེ་དང་། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བུ་སྟོན་པ། ཀུན་མཁྱེན་བུ་སྟོན་རྗེ། བུ་སྟོན་ལོ་ཙཱ་བ། བུ་སྟོན་རིན་ཆེན་གྲུབ། བུ་སྟོན་རིན་པོ་ཆེ་སོགས་མཚན་གྱི་རྣམ་གྲངས་མང་ཞིང་། བུ་སྟོན་རིན་པོ་ཆེ་ནི་མདོ་སྔགས་རིག་གནས་མཐའ་དག་ལ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་པའི་ཆ་ནས་བོད་ཀྱི་མཁས་པ་ཀུན་གྱིས་མགྲིན་གཅིག་ཏུ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ་ཞེས་ཀྱང་བསྔགས་སྲོལ་ཡོད། འདིར་དཔེར་མཚོན་འགའ་དྲངས་ན། བུ་སྟོན་སྐུ་གཤེགས་ནས་ལོ་གསུམ་གྱི་རྗེས་སུ་འཁྲུངས་པའི་རོང་སྟོན་ཤཱཀྱ་རྒྱལ་མཚན(1364-1449)གྱིས‘‘མང་དུ་ཐོས་པ་རིན་ཆེན་ཁང་བཟང་རྩེར། །སྙན་པའི་བ་དན་ཕྱོགས་བཅུར་རྣམ་གཡོ་ཞིང་། །རྒྱལ་བའི་བཀའ་དང་བསྟན་བཅོས་དུ་མས་ཕྱུག །དོན་ཀུན་རྟོགས་པས་གྲུབ་པའི་ཕྲིན་ལས་ཅན། ། ་་་’’[3]ཞེས་དང་། པཎ་ཆེན་ཤཱཀྱ་མཆོག་ལྡན(1428-1507)གྱིས‘‘་་་ དེ་ལྟར་བོད་ཀྱི་ཡུལ་འདིར་སྔོན་བྱོན་པའི། །པཎ་གྲུབ་མང་པོའི་རྣམ་ཐར་དཔག་དཀའ་ཡང་། །རྩོམ་པའི་ཕྲེང་བས་བསྟན་པ་གསལ་མཛད་པ། །བུ་སྟོན་ལོ་ཙ་དང་མཚུངས་གཞན་མ་བྱོན། ། ་་་ ’’ [4]ཞེས་ལྟ་བུ། འབྲུག་པད་མ་དཀར་པོས(1527-1592)‘‘བུ་སྟོན་ཐམས་ཅད་མཁྱེན་པ་ལ་བསྟོད་པ། ལུང་དང་རིགས་པ་སྨྲ་བ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་བུ་སྟོན་ལོ་ཙ་བ་ཆེན་པོ་རིན་ཆེན་གྲུབ་པའི་ཞབས་ལ་ཕྱག་འཚལ་ལོ། །བསྟན་འཛིན་རྒྱ་མཚོའི་དབུས་ན་ཟླ་མེད་པའི། །ཐམས་ཅད་མཁྱེན་པའི་རིན་ཆེན་འདོད་དགུའི་ཚོགས། །ཡིད་བཞིན་གྲུབ་མཛད་གང་དེར་དང་བའི་བློས། །གུས་པར་ཕྱག་འཚལ་ཀུན་ནས་སྐྱབས་སུ་མཆི།  །’’[5] ཞེས་སོགས་མང་དུ་མཆིས་མོད། འདི་ཙམ་གྱིས་ཆོག་པར་བྱས་སོ། །

དེ་ལྟར‘‘བུ་སྟོན’’ཞེས་མང་དུ་འབྱུང་ནའང་། བུ་སྟོན་ཞེས་པའི་མིང་འདིའི་སྐོར་མ་ཞུས་གོང་དུ་ཕྱོགས་ངོས་གཞན་ཞིག་ཞུས་ན། བུ་སྟོན་རིན་ཆེན་གྲུབ་ཀྱི་རྣམ་ཐར་ཁག་ལྟར་ན། ཁོང་དགུང་གྲངས་བཅོ་བརྒྱད་བཞེས་པ་མེ་ལུག( སྤྱི་ལོ1307) ལོར་ཁྲོ་ཕུ་ལོ་ཙཱ་བའི་མཁན་བརྒྱུད་མཁན་པོ་ཡངས་རྩེ་བ་རིན་ཆེན་སེང་གེ་དང་། ལས་ཀྱི་སློབ་དཔོན་ཚད་མའི་སྐྱེས་བུ་བསོད་ནམས་མགོན་ཞེས་གྲགས་པ་ལས་གཉིས་ལས་རབ་ཏུ་བྱུང་བ་གོང་དུ་གླེང་ཟིན་པའི་ཁུལ་ཡིན་མོད། འོན་ཀྱང་ཁོང་རབ་ཏུ་མ་བྱུང་བའི་ལོ་བཅོ་བརྒྱད་ཀྱི་ཡར་སྔོན་ལ་ཁོང་གི་མཚན་ལ་ཅི་ཡིན་དང་འབྲེལ་བའི་ལོ་རྒྱུས་ཡོད་པ་གཅིག་ཀྱང་མཇལ་མ་སོང་བས། ཁོང་གི་དངོས་སློབ་ཁག་གི་རྣམ་ཐར་ཁག་ཏུ་བུ་སྟོན་གྱི་ཆུང་དུས་ཀྱི་མཚན་ཟུར་ཙམ་ཡང་ཐོན་མེད་པ་ཅུང་ཟད་མཚར། «བུ་སྟོན་གྱི་གསུང་འབུམ་གྱི་དཀར་ཆག་བསྟན་པའི་མཛེས་རྒྱན་ཕུལ་བྱུང་གསེར་གྱི་ཕྲེང་བ»རུ‘‘དེའི་ཚེ་སྔགས་ཀྱི་དཀྱིལ་འཁོར་་་ མཁན་པོའི་མཚན་ལས་གྲས་ཏེ་རིན་ཆེན་གྲུབ་ཅེས་མཚན་གསོལ་ཏོ།།’’[6] ཞེས་འབྱུང་བས། དགུང་ལོ་བཅོ་བརྒྱད་ནས་རིན་ཆེན་གྲུབ་ཞེས་གྲགས་ཤིང་། རིན་ཆེན་གྲུབ་ནི་མཁན་པོའི་མཚན་ལས་གྲས་པ་ཞིག་རེད་གསུངས་འདུག་མོད། སྔར་བཞིན་ཆུང་དུས་ཀྱི་མཚན་ནི་མ་རྙེད།

དེ་ནས་ཡོངས་གྲགས་སུ‘‘བུ་སྟོན’’ཞེས་པ་ནི།  སློབ་དཔོན་བསོད་ནམས་མགོན་ལས་ཕར་ཕྱིན་དང་འདུལ་བ་ཚད་མའི་གཞུང་སོགས་མ་ལུས་པ་གསན་ཏེ་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་དང་། ཡབ་དང་ལྷན་ཅིག་དབུས་གཙང་གཉིས་སུ་གྲྭ་སྐོར་མཛད་སྐབས། དབུས་ནས་མཁས་པ་ཤཱཀྱ་གཞོན་ནུ་དང་། ཁ་རག་བྱང་གཞོན། གཙང་ནས་མཁས་པ་དཔལ་ལྡན་སེངྒེ་དང་། འཇམ་སྐྱ་སོགས་ལུང་རིགས་ཀྱིས་བཏུལ་བས། ཕ་སྟོན་པ་ལ་བུའང་སྟོན་པ་བྱུང་འདུག་ཅེས་མཚན་དེ་སྐབས་དེར་ཐོགས་པར་གྲགས། «ཆོས་འབྱུང་བསྟན་པའི་པདྨོ་རྒྱས་པའི་ཉིན་བྱེད»དུ‘‘བུ་སྟོན་ནི་འཁྲུངས་ས་ཤབ་སྒོམ་གནས། ཁྲོ་ཕུར་ཚད་མའི་སྐྱེས་བུ་ཡང་རྩེ་བ་སོགས་ལ་གཏུགས། གྲགས་པར་གྱུར་ལ་ཡབ་དང་བཅས་ཏེ་དབུས་གཙང་ལ་གྲྭ་སྐོར་མཛད་པས། ཕ་སྟོན་པ་བུ་སྟོན་པ་འདུག་ཅེས་པས་མཚན་བུ་སྟོན་དུ་གྲགས།’’[7]ཞེས་གསལ་བ་དང་། «ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེའི་ལྷུན་པོ»རུ‘‘ལོ་ངོ་གཉིས་ལ་ཕར་ཕྱིན་དང་བསྡུས( ?)པ་མཁས་པར་མཁྱེན། ཡབ་བླ་མ་བྲག་སྟོན་པ་ཚད་མའི་གྲ་སྐོར་ལ་མཛད་པ་དང་སྟོངས( ?)ཏེ། ཕར་ཕྱིན་གྱི་གྲྭ་སྐོར་མཛད་པས་ཁྲོ་ཕུ་བ་བུ་སྟོན་ཞེས་དེ་ནས་གྲགས་སོ།།’’[8] ཞེས་འཁོད་འདུག་པས། རྣམ་ཐར་འདིའི་ཚིག་ཟིན་ལ་བལྟས་ནའང་། ཡབ་ཀྱིས་ཚད་མའི་གྲྭ་སྐོར་མཛད་པ་དང་། བུ་ཡིས་ཕར་ཕྱིན་གྱི་གྲྭ་སྐོར་མཛད་སྐབས་སུ་བུ་སྟོན་ཞེས་པའི་མིང་འདི་ཐོགས་ཚུལ་བསྟན་འདུག

འོན་ཀྱང་། ཁོང་ལ་བུ་སྟོན་ཞེས་པའི་མིང་འདི་ཐོགས་པར་ངག་རྒྱུན་ཞིག་ཀྱང་ཡོད་པ་འདི་ལྟར། བུ་སྟོན་རིན་ཆེན་གྲུབ་དགུང་ལོ་ཆུང་ངུའི་དུས་སུ། ཁོང་ཚང་ལ་འགྲུལ་པ་རེ་ཡོང་སྐབས། མི་དེ་དག་གིས་ཡུམ་ལ་ཁྱེད་ཚང་གི‘‘བུ་སྟོན་རོགས’’ཞེས་བསྐུལ་བར་བརྟེན་ནས་བུ་སྟོན་ཐོགས་ཚུལ་ཞིག་ཡོད། མ་ཡུམ་གྱིས་ཁྱིམ་ལ་འགྲུལ་པ་རེ་སླེབས་སྐབས་བུ་སྟོན་ཁྱིམ་ཕུག་ཏུ་སྦས་ཡོད་ཅིང་། དེའི་རྒྱུ་མཚན་ནི་བུ་སྟོན་གྱི་ཞལ་མི་མཛེས་པས་མི་གཞན་ལ་སྟོན་གྱི་མེད་པ་རེད་ཅེས་གྲགས། ཕྲན་གྱི་བསམ་ཚུལ་ལྟར་ན། གོང་གི་ངག་རྒྱུན་དེ་ཡོངས་སུ་གྲགས་པའི་ངག་རྒྱུན་ཞིག་ཡིན་པ་བདེན་མོད་ཀྱི། འོན་ཀྱང་ཡོངས་སུ་ཁས་ལེན་ཆོག་པའི་ངག་རྒྱུན་ཞིག་མིན་པར་སྙམ། སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་གྱིས་མཛད་པའི«ཆོས་རྗེ་ཐམས་ཅད་མཁྱེན་པ་བུ་སྟོན་ལོ་ཙྪ་བའི་རྣམ་པར་ཐར་པ་སྙིམ་པའི་མེ་ཏོག»ཏུ‘‘ཚད་མའི་གཞུང་བཟུང་ནས་ལོ་གཅིག་སོང་བའི་དཔྱིད་པོ་དེ་ཡབ་བླ་མ་བྲག་སྟོན་པ་དང་ལྷན་ཅིག་ཏུ་ཉི་མ་དབུས་ཀྱི་རྒྱལ་ཁམས་ལ་གྲྭ་སྐོར་ལ་བྱོན’’[9]ཞེས་ཁོང་དངོས་སུ་ཡབ་དང་ལྷན་དུ་གྲྭ་སྐོར་ལ་ཕེབས་སྐོར་དང་། «ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེའི་ལྷུན་པོའི»ནང་དུའང་བུ་སྟོན་ཞེས་པ་གྲྭ་སྐོར་མཛད་སྐབས་ཐོགས་ཚུལ་འཁོད་ཡོད་ཅིང་། རྣམ་པར་ཐར་བ་འདི་གཉིས་ཀྱི་མཛད་པ་པོ་ནི་བུ་སྟོན་གྱི་དངོས་སློབ་ཡིན་པས་ཡིད་ཆེས་བྱེད་ཆོག་པར་སྙམ།

བུ་སྟོན་རིན་པོ་ཆེས་རང་ཉིད་ལ་སྦྱར་བའི་མིང་ཡང་ཁ་ཤས་ཡོད་དེ། «བུ་སྟོན་ཆོས་འབྱུང»གི་མཇུག་བྱང་དུ‘‘ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད་ཅེས་བྱ་བ། མཁས་པ་ཆེན་པོ་ཚད་མའི་སྐྱེས་བུའི་གསུང་གི་འོད་ཟེར་ལས་སྐྱེས་པ་ཁྲོ་ཕུ་བ་བུ་སྟོན་གྱིས་སྦྱར་བ་རྫོགས་སོ། །’’[10]ཞེས་པ་དང་། «ལྟ་བ་ངན་སེལ»གྱི་མཇུག་ཏུ‘‘ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གྲུབ་པའི་རབ་ཏུ་བྱེད་པ་ལྟ་བ་ངན་སེལ་ཞེས་བྱ་བ། ཁྲོ་ཕུ་བ་བུ་སྟོན་གྱིས་སྦྱར།’’[11]ཞེས་བུ་སྟོན་གྱིས་རང་ཉིད་ཀྱི་བཏགས་མིང་གི་མགོར‘‘ཁྲོ་ཕུ་བ’’སྦྱར་ཡོད། དེ་ནི་ཁོང་དགུང་ལོ་བདུན་ལ་ཕེབས་སྐབས་ཁྲོ་ཕུ་རིན་པོ་ཆེ་སེམས་དཔའ་ཆེན་པོ་བསོད་ནམས་སེངྒེའི་དྲུང་དུ་སེམས་བསྐྱེད་དང་། བརྒྱད་པ་ལ་སྨིན་བྱེད་ཀྱི་དབང་ཟབ་མོ་ནོད་པར་མ་ཟད། ཁྲོ་ཕུ་ནས་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་བླངས་པ་སོགས། མདོར་ན་ཁྲོ་ཕུ་དགའ་ལྡན་གཙུག་ལག་ཁང་གི་གདན་ས་མཛད་པ་སོགས་ཀྱིས་ཆ་ནས་ཡིན་པ་སྨོས་མ་དགོས།

དེ་བཞིན་དུ། བུ་སྟོན་གྱི་བསྟན་བཅོས«ཆོས་མངོན་པ་ཀུན་ལས་བཏུས་པའི་རྣམ་བཤད་ཉི་མའི་འོད་ཟེར»ལས‘‘མདོ་སྨད་པ་བློ་གྲོས་བཀྲ་ཤིས་ཀྱིས་ཀྱང་འཕྲལ་དུ་ཡང་མེ་ཏོག་དང་བཅས་ཏེ་གསོལ་བ་བཏབ་པའི་ངོར། ཤཱཀྱའི་དགེ་སློང་རིན་ཆེན་གྲུབ་ཀྱིས་སྦྱར་བ་འདི།’’[12]ཞེས་པ་རུ‘‘ཤཱཀྱའི་དགེ་སློང་རིན་ཆེན་གྲུབ’’འབྱུང་ལ། «སྤྱོད་འཇུག་གི་འགྲེལ་པ་བྱང་ཆུབ་ཀྱི་སེམས་གསལ་བར་བྱེད་པ་ཟླ་བའི་འོད་ཟེར »དུ‘‘བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་རྒྱ་ཆེར་འགྲེལ་པ་བྱང་ཆུབ་ཀྱི་སེམས་གསལ་བར་བྱེད་པ་ཟླ་བའི་འོད་ཟེར་ཞེས་བྱ་བ་འདི། གཞོན་ནུ་རིགས་བཟང་དད་པའི་རྒྱན་གྱིས་མཛེས་པའི་ཡེ་ཤེས་ཀུན་དགས་རིན་པོ་ཆེའི་མེ་ཏོག་དང་བཅས་པས་གསོལ་བ་བཏབ་པའི་དོན་དུ། ཤཱཀྱའི་དགེ་སློང་རིན་ཆེན་གྲུབ་ཀྱིས་འབྲུ་མང་པོའི་ལོ། ་་་’’[13]ཞེས་པ་དང་། «སྟོན་པ་སངས་རྒྱས་ཀྱི་རྣམ་ཐར་དད་ཅིང་དགའ་སྐྱེད»དུ‘‘སྟོན་པའི་རྣམ་པར་ཐར་བ་གཙོ་བོར་གྱུར་པའི་སྐྱེས་རབས་དང་། གླེང་གཞི་དང་། རྟོགས་པ་བརྗོད་པ་དང་། དེ་ལྟ་བུ་བྱུང་བའི་སྙིང་པོ་བསྡུས་པ། དད་ཅིང་དགའ་སྐྱེད་ཅེས་པ་འདི། ཤཱཀྱའི་དགེ་སློང་རིན་ཆེན་གྲུབ་ཀྱིས།’’[14] ཞེས་པ་གཉིས་སུའང‘‘ཤཱཀྱའི་དགེ་སློང་རིན་ཆེན་གྲུབ’’འབྱུང་ངོ་།།

གཞན་ཡང་། «བུ་སྟོན་ཆོས་འབྱུང»དུ‘‘འཇིག་རྟེན་འདྲེན་པ་སྟོབས་བཅུ་མངའ་བ་ཐུབ་པ་མཆོག་རྣམས་འཇིག་རྟེན་གང་དུ་འབྱོན་པའི་ཚུལ། ཁྱད་པར་ཉི་མའི་གཉེན་གྱི་གདུང་རབས་ཐུབ་དབང་མི་མཇེད་ཞིང་དུ་མངོན་པར་སངས་རྒྱས་ཤིང་། རྣམ་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་མྱ་ངན་འདས་ནས་བསྟན་པ་རིམ་པར་བསྡུས་པར་ཚུལ། ཁ་བ་ཅན་དུ་བྱུང་ཞིང་བསྒྱུར་བ་མཁས་པའི་རྗེས་འབྲས་མདོ་ཙམ་བུ་སྟོན་ཁ་ཆེས་བཤད།’’[15]ཞེས་འབྱུང་ལ།  «རྟེན་ཅིང་འབྲེལ་བར་འབྱུང་བའི་བཤད་པ་ལུང་ཀུན་ལས་བཏུས་པ»རུ་‘‘བུ་སྟོན་ཁ་ཆེས་ཁྲོ་ཕུར་སྦྱར་བ་ཡི། །དགེ་བ་འོད་དཀར་ཅན་གྱི་འོད་ཟེར་འདི། ་་་ ’’ [16]ཞེས་བུ་སྟོན་གྱིས་རང་ཉིད་ལ‘‘བུ་སྟོན་ཁ་ཆེ’’ཞེས་བོས་འདུག་པས། དེ་ལྟར་ན་‘‘ཁྲོ་ཕུ་བ་བུ་སྟོན’’དང་། ‘‘ཤཱཀྱའི་དགེ་སློང་རིན་ཆེན་གྲུབ’’ དེ་བཞིན་དུ‘‘བུ་སྟོན་ཁ་ཆེ’’ཞེས་པ་འདི་དག་ནི་བུ་སྟོན་གྱིས་རང་ཉིད་ལ་བཏགས་པའི་མིང་ཡིན་པ་རེད། འོན་ཀྱང་ཕྲན་གྱིས་འདིར་བུ་སྟོན་གྱི་བསྟན་བཅོས་ཁག་འགའ་ལས་འབོད་མིང་འགའ་དཔེར་མཚོན་ཙམ་དུ་ཞུས་པ་ལས་བསྟན་བཅོས་ཡོད་ཚད་བཀླགས་ནས་སྡོམ་ཚིག་བཀོད་པ་ཞིག་མིན།

བཞི། བུ་སྟོན་ཁ་ཆེ་ཞེས་འབོད་དགོས་དོན།

བུ་སྟོན་རིན་པོ་ཆེར‘‘བུ་སྟོན་ཁ་ཆེ’’ཞེས«བུ་སྟོན་ཆོས་འབྱུང»དུ་ཐོག་མར་འབྱུང་བ་བཞིན། གཤམ་དུ་རྩོད་མེད་ཡོངས་གྲགས་ཀྱི་བོད་ཀྱི་མཁས་པ་དག་གིས་མཛད་པའི་ཆོས་འབྱུང་དང་ལོ་རྒྱུས་གཞན་དུའང་དེ་ལྟར་བྲིས་ཡོད་སྐོར་དང་། ལྷག་པར་དུ་བུ་སྟོན་ལ་བུ་སྟོན་ཁ་ཆེ་ཞེས་པ་ཅིའི་ཕྱིར་འབོད་དགོས་དོན་སོགས་ཀྱི་སྐོར་འགོད་རྒྱུ་ཡིན།

བུ་སྟོན་གྱི་དངོས་སློབ་མགོན་པོ་དཔལ་གྱིས‘‘བདག་ཅག་གི་བླ་མ་དམ་པ་བུ་སྟོན་ཁ་ཆེ་ཞེས་མཚན་ཡོངས་སུ་གྲགས་པ་འདི་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རྣམ་ཐར་་་’’[17]ཞེས་དང་། ཚལ་པ་སི་ཏུ་ཀུན་དགའ་རྡོ་རྗེས(1309-1364)‘‘ཡང་བཟད་རིངས་ཀྱིས་ཁྲོ་ཕུར་བཤད་གྲྭ་བཙུགས་ཏེ། འགའ་པ་དང་། སྟག་སྟོན་སྤྱིལ་བུ་བ་ལ་སོགས་སློབ་མ་མང་པོ་བྱོན། ལྡོང་གིས་གདན་ས་བྱས། དེའི་རྗེས་སུ་དེ་གཉིས་ཀྱི་སློབ་མ་སྟོ་པ་གྲུབ་སེང་གིས་བྱས་ཏེ། རོང་པ་དང་། རིགས་ཀྱི་ཐིགས་པ་དང་། གཞོན་མཛེས་དང་། ཞང་ལམ་དང་། ཉག་གཅིག་ལ་སོགས་སློབ་མ་མང་དུ་བྱོན། རིགས་ཐིགས་པའི་སློབ་མ་ཞ་ལུ་བ་བུ་སྟོན་ཁ་ཆེ་ཡིན།’’[18]ཞེས་གསུངས་འདུག་ཅིང་། འགོས་ལོ་ཙཱ་བ་གཞོན་ནུ་དཔལ(1392-1481)གྱིས‘‘ཆུ་མོ་ཡོས་ནི་གྲུབ་ཆེན་ཨུ་རྒྱན་པའི་བདུན་ཅུ་རྩ་བཞི་པ། བུ་སྟོན་ཁ་ཆེའི་ལོ་བཅུ་བཞི་པ། ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་ལོ་གཉིས་པ།’’[19]ཞེས་གསུངས། པཎ་ཆེན་ཤཱཀྱ་མཆོག་ལྡན (1428-1507)གྱིས‘‘རོང་སྟོན་སྨྲ་བའི་སེང་གེ་ཉིད་ཀྱི་སྤྱན་སྔར། རྒྱལ་ཚབ་མ་ཕམ་པའི་བཞེད་དགོངས་ཐོགས་མེད་མཆེད་ལས་བརྒྱུད། རྔོག་ལོ་ཙཱ་བ་ནས་རིམ་གྱིས་ཐམས་ཅད་མཁྱེན་པ་བུ་སྟོན་ཁ་ཆེ་ལ་ལེགས་པར་བཀའ་བབས་པ། གཡག་མ་ཕམ་ཆོས་ཀྱི་བླ་མའི་ཞལ་བུམ་ལས་དངོས་སུ་གསན་པའི་ཟབ་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྐོར་རྣམ་གྲངས་དཔག་མེད།’’[20]ཅེས་གསུངས་སོ། །

དེ་བཞིན་དུ་ངོར་ཆེན་ཀུན་དགའ་བཟང་པོ(1382-1456) སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན (1405- ?) གོ་བོ་རབ་འབྱམས་པ་བསོད་ནམས་སེངྒེས(1429-1489)  འབྲི་གུང་གདན་རབས་བཅུ་བདུན་པ་ཀུན་དགའ་རིན་ཆེན(1475-1527) འཇམ་མགོན་ཨ་མྱེས་ཞབས་ངག་དབང་ཀུན་དགའ་བསོད་ནམས(1597-1659/1660 ? ) རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ(1617-1682) མདོར་ན་ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ་(1698-1755)སོགས་ཀྱི་བསྟན་བཅོས་ཁྲོད་ནའང་བུ་སྟོན་ཁ་ཆེ་ཞེས་མང་དུ་མཇལ་རྒྱུ་འདུག

བོད་ཀྱི་མཁས་པ་འདི་དག་གིས་བུ་སྟོན་རིན་པོ་ཆེར་བུ་སྟོན་ཁ་ཆེ་ཞེས་འབོད་དགོས་པའི་རྒྱུ་མཚན་བྲིས་པ་མ་མཐོང་ནའང་། བུ་སྟོན་རིན་པོ་ཆེའི་རྣམ་ཐར་ཁག་ལ་མཇལ་ན་ཁོང་ལ‘‘བུ་སྟོན་ཁ་ཆེ’’ཞེས་པ་སྐུ་ན་གཞོན་དུས་ནས་ཐོགས་པའི་སྣང་ཚུལ་མཆིས་ཤིང་།  «ཆོས་རྗེ་ཐམས་ཅད་མཁྱེན་པ་བུ་སྟོན་ལོ་ཙཱ་བའི་རྣམ་པར་ཐར་བ་སྙིམ་པའི་མེ་ཏོག»ཏུ‘‘མཁས་པའི་ང་རྒྱལ་དང་ལྡན་པའི་མཁས་པ་ཐུག་པ་མེད་པ་རྣམས་ཀྱང་། ཁྲོ་ཕུ་བ་བུ་སྟོན་ཁ་ཆེ་གྲྭ་སྐོར་ལ་ཡོང་ཟེར་བས། དེ་ནི་ཤེས་རབ་ཐོད་རྒལ་བ་རྔམས་སུ་མི་ཆུག་པ་ཞིག་ཡོད་ཟེར་བས། བདག་ཅག་སྒྲིམ་དགོས་སོ་ཞེས་གླེང་བར་གྱུར།’’[21]ཅེས་འབྱུང་བ་དང་། ད་དུང«བུ་སྟོན་རིན་པོ་ཆེའི་གསུང་འབུམ་གྱི་དཀར་ཆག་བསྟན་པ་རིན་པོ་ཆེའི་མཛེས་རྒྱན»དུའང‘‘དེ་ནས་གཙང་ཕྱོགས་ཀྱི་བཤད་གྲྭ་གང་ན་ཡོད་པ་ཐམས་ཅད་གྲྭ་སྐོར་མཛད། དེ་ནས་དབུས་ཕྱོགས་སུ་བཤད་གྲྭ་རྣམས་སུ་གྲྭ་སྐོར་མཛད་བཞེད་དེ་འབྱོན་པར་ཆས་པ་ན་དབུས་ཕྱོགས་ཀྱི་གྲྭ་ས་ཆེན་པོ་རྣམས་སུ་ཚུལ་དེའི་གཏམ་གྲགས་ཏེ། གཙང་ཕྱོགས་ན་དབུ་ཚད་པ་འཇམ་སྐྱ་དང་། དཔལ་ལྡན་སེངྒེ་ལ་སོགས་པ་ལུང་དང་རིགས་པར་སྨྲ་བ་མཐའ་ཡས་པ་ཡོད་ཀྱང་གཞན་ཐམས་ཅད་དང་རྩོད་པར་བྱེད་པ་ནི་སླ་ཡི། ཁྲོ་ཕུ་ན་བུ་སྟོན་ཁ་ཆེ་ཞེས་བྱ་བ་ཤེས་རབ་མཚུངས་པ་མེད་པ། ་་་ ’’[22]ཞེས་གསལ།

ཁོང་གིས་དབུས་གཙང་ཕྱོགས་སུ་གྲྭ་སྐོར་མཛད་སྐབས་ནི་དགུང་ལོ་ཉེར་གཅིག་ཡིན་པ་རེད། འོན་ཀྱང་སྐབས་འདིར་ཡང‘‘ཁ་ཆེ’’ཞེས་པ་ནི་དངོས་མིང་ངམ་བཏགས་མིང་གང་ཡིན་གསལ་ཁ་མཛད་མེད། དེ་བས་ཕྲན་གྱིས་ཁོང་གི་རྣམ་ཐར་ཁག་ཏུ་ཞིབ་ཏུ་བཙལ་བར། «ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེའི་ལྷུན་པོ»རུ‘‘སྐྱེས་བུ་ཁྱད་འཕགས་ཅིག་ཡོང་བར་ཐུགས་ཀྱིས་དགོངས། ལ་ལ་ན་རེ་རྗེ་པཎ་ཆེན་ཤཱཀྱ་ཤྲིའི་སྐུ་སྐྱེ་བ་བཞེས་པ་ཡིན་ཞེས་རིན་པོ་ཆེ་ཁྲོ་ཕུ་བ་གསུང་།’’[23]ཞེས་དང་། ཚེ་མཆོག་གླིང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་བུ་སྟོན་རིན་པོ་ཆེའི་རྣམ་ཐར་དུའང‘‘ཆོས་རྗེ་བུ་སྟོན་རིན་པོ་ཆེ་འདི་ནི་ཁ་ཆེ་པཎ་ཆེན་གྱི་སྐུའི་ཡང་སྲིད་དུ་གྲགས་པས།’’[24]ཞེས་གསུངས་ཡོད་པ་དང་། རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་ཀྱང་བུ་སྟོན་གྱི་བསྟོད་པ་ཞིག་མཛད་དེ་ཁོང་གི་སྐྱེ་བ་གོང་མ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་ཡིན་པ་དང་དེ་རྔ་བོ་ཆེས་མདོ་དྲངས་ནས་བསྐལ་བཟང་བདུན་པར་འགྱུར་ཚུལ་གསུངས་འདུག་པས།   གུས་པ་ཤིན་ཏུ་དགའ་སྤྲོ་སྐྱེས་བྱུང་ལ། བུ་སྟོན་ཁ་ཆེ་ཞེས་པའི་ཁ་ཆེ་འདི་ནི་ཁ་ཆེ་པཎ་ཆེན་ལ་འབྲེལ་བ་ཡོད་པའི་ཆ་ནས་བཏགས་པ་ཞིག་རེད་སྙམ། གལ་སྲིད་དེ་ལྟར་ཡིན་ན་བུ་སྟོན་རིན་པོ་ཆེས་ཀྱང་རང་ཉིད་ཁ་ཆེ་པཎ་ཆེན་གྱི་ཡང་སྲིད་ཡིན་པར་ཁས་ལེན་མཛད་པའི་རྣམ་པ་མངོན་ཞིང་། ངག་རྒྱུན་དུ་བུ་སྟོན་ནི་ཞལ་སྒྲོས་ཆེ་བ་ཞིག་ཡིན་པའི་རྒྱུ་མཚན་གྱིས་བུ་སྟོན་ཞེས་བཏགས་པ་དེ་ཡང་རྒྱུ་མཚན་ཡོད་པ་ཞིག་ཏུ་མ་མཐོང་མོད།  སྐབས་འདིར་གནོད་བྱ་ཞིག་ཡོད་པ་ནི་བུ་སྟོན་རིན་པོ་ཆེ་ནི་ཁ་ཆེ་པཎ་ཆེན་སྐུ་གཤེགས་ནས་ལོ་དྲུག་ཅུ་རྩ་ལྔའི་རྗེས་སུ་འཁྲུངས་པ་དེའོ། །

འོན་ཀྱང་། གལ་སྲིད་བུ་སྟོན་རིན་པོ་ཆེའི་ཞལ་སྒྲོས་ཆེ་བའི་རྒྱུ་མཚན་གྱིས་བུ་སྟོན་ཐོགས་ཡོད་ཚེ། བུ་སྟོན་ཁ་ཆེ་ནི་མཚང་མིང་ལྟ་བུ་ཡིན་པས། བུ་སྟོན་གྱིས་རང་ཉིད་ལ་མཚང་མིང་སྦྱར་མི་སྲིད་ཅིང་། དངོས་སློབ་དག་གིས་མི་སྤྱོད་པ་གང་ལྟར་ཡང་། ཕྲན་གྱིས་བུ་སྟོན་གྱི་ཞལ་སྒྲོས་ཆེ་བར་གྲགས་པའི་ངག་རྒྱུན་དེ་ཁོང་གི་དངོས་སློབ་རྣམས་ཀྱིས་མཛད་པའི་རྣམ་ཐར་དང་། ཆོས་འབྱུང་། བུ་སྟོན་ལ་འབྲེལ་བ་ཡོད་པའི་མཁས་པ་གཞན་གྱི་རྣམ་ཐར་ཁག་ཏུ་གསལ་བ་མ་མཐོང་ཡང་།  «གངས་ཅན་བོད་ཀྱི་གནས་བཤད་ལམ་ཡིག་གསར་མ་ལས་གཞིས་རྩེ་ས་ཁུལ་གྱི་གནས་ཡིག»ཏུ། “ཞལ་དབྱིབས་མི་མཛེས་པ་སྤྲེལ་དང་འདྲ་བས་གཞན་ལ་སྟོན་མི་ཕོད་པའི་ཚུལ་མཛད་པས་ཀུན་གྱིས་“བུ་སྟོན་ཅིག བུ་སྟོན་ཅིག་”ཅེས་པའི་སྒྲ་ལས་བུ་སྟོན་ཞེས་དང་། ཡང་ཕ་བྲག་སྟོན་པ་འཁྲུངས་འདུག་ཅེས་པ་ལས་བུ་སྟོན་ཞེས་པའི་མཚན་འབྱུང་ཚུལ་གསུང་སྲོལ་མི་འདྲ་བ་སོ་སོར་ཡོད།’’[25]ཅེས་བྲིས་ཡོད་པ་མཐོང་བས་ཚིག་དུམ་འདི་འདིར་དྲངས་པ་ཡིན།

ཚེ་ཏན་ཞབས་དྲུང་ཚང་(1910-1985)གིས‘‘དགེ་སློང་བྱ་ཡི་གདོང་ཅན་ནི་ངའི་སེམས་ན་བུ་སྟོན་ཐམས་ཅད་མཁྱེན་པ་ལ་ངོས་འཛིན་དགོས་པ་ཞིག་དྲན་ཡུལ་ན་ཡོད་ཀྱང་གསལ་བོ་ཞིག་མི་དྲན། གང་ལྟར་དུས་འཁོར་ཆོག་ཆེན་གྱི་ནང་མཆོད་སྐབས་སུ། ཨོ་བུ་སྟོན་ཁ་ཆེ་ལ་ན་མོ་ཞེས་པའི་གཟུགས་བྱད་མི་མཛེས་ཤིང་ཞལ་སྒྲོས་ཆེ་བ་ཞིག་ཏུ་སྣང་བའི་གསུང་རྒྱུན་རྣ་ལམ་དུ་གསལ་བར་ཡོད་དོ།།’’[26]ཞེས་གསུངས་འདུག་མོད། དགེ་སློང་བྱ་ཡི་གདོང་ཅན་ནི«བུ་སྟོན་ཆོས་འབྱུང»དུ་གསལ་བའི་བོད་དུ་དམ་པའི་ཆོས་དར་བར་མཛད་པའི་པཎྜི་ཏ་དང་ལོ་ཙཱ་བའི་མཚན་ཐོ་ཞེས་པ་དེའི་ནང་འཁོད་པའི་ལོ་ཙཱ་བ་དང་པོ་ནས་མར་བརྩིས་ན ༡༤༥ པར་འཁེལ་ཞིང་། «ས་སྐྱའི་ཆོས་འབྱུང»དུའང་བུ་སྟོན་དང་དགེ་སློང་བྱ་ཡི་གདོང་ཅན་གཉིས་སོ་སོར་དབྱེ་མོད་གསལ་ཁ་མཛད་མེད། དོན་དངོས་སུ་དགེ་སློང་བྱ་ཡི་གདོང་ཅན་ནི་ལོ་ཙཱ་བ་རིན་ཆེན་བཟང་པོའི་མཚན་གྱི་རྣམ་གྲངས་ཤིག་ཡིན་ནོ། །

དགེ་འདུན་ཆོས་འཕེལ་གྱི་དེབ་དཀར་དུ‘‘དེ་བཞིན་དུ་ཞང་བློན་སྣ་བོ་ཆེ། བཙན་ཁ་བོ་ཆེ། ཨ་ཞ་མགོ་བོ་ཆེ་བྱ་བ་ལྟ་བུ་དག་ཀྱང་། དིང་སང་གི་ལས་སྣེ་ཆེན་མོ། ཞལ་ངོ་ཆེན་མོ། དབུ་མཛད་ཆེན་མོ་སོགས་དང་དོན་འདྲ་བ་ལ། འགའ་ཞིག་གིས་དེ་མ་གོ་བར། ཆེན་པོའི་རིགས་སུ་འཁྲུངས་པའི་སྔོན་དུས་ཀྱི་བླ་མ་འགའ་རེའི་མཚན་ལ་ཁ་ཆེ་དང་སྣ་བོ་ཆེ་སོགས་སུ་གྲགས་པར་བརྟེན་དོན་མེད་པའི་མཚར་གཏམ་སྣ་ཚོགས་སུ་སྨྲས་ནས་སྣང་།’’[27]ཞེས་འབྱུང་ཞིང་། ཁོང་གིས་ཁ་ཆེ་དང་སྣ་བོ་ཆེ་སོགས་ནི་ཐོབ་དང་གོ་སའི་མིང་ལས་རིགས་རུས་ཀྱི་ཆ་ནས་བཏགས་པ་མིན་པའི་དགོངས་པ་བཞེས་ཡོད་ནའང་། སྐབས་འདིའི་ཁ་ཆེ་ཞེས་པ་ནི་ཐོབ་དང་གོ་སའི་མིང་ཡང་མིན་ཏེ། «ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེའི་ལྷུན་པོ»རུ‘‘གདུལ་བྱ་མང་པོ་ལ་ཕན་པར་འདུག་པར་དགོངས་ཏེ། ཡབ་ཉང་དྲོ་སྣ་བཞིས་ཏུས་སྣ་བཞི་་་ དེའི་ནང་ནས་གདུང་རུས་བྲག་ཡིན། ཡབ་མེས་གོང་མ་་་ སྔགས་རྙིང་མའི་ཆོས་ལུགས་ལ་མཁས་ཤིང་གྲུབ་པ་བརྙེས་པའི་དབོན་པོ་བྲག་སྟོན་ཞེས་གྲགས་པ།’’[28]ཞེས་བུ་སྟོན་ཁ་ཆེའི་རིགས་ནི་བྲག་ཡིན་པར་གསུང་།

སྤྱིར་བཏང་བོད་ཀྱི་ལོ་རྒྱུས་ཁྲོད་དུ་མིང་ལ་ཁ་ཆེ་ཞེས་བཏགས་པའི་མི་སྣ་ཡོད་དེ། རྗེ་རིན་པོ་ཆེའི་སློབ་མའི་གྲས་སུ་འཇམ་དབྱངས་ཁ་ཆེ་ཟེར་བ་ཞིག་བྱོན་པ«བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན»དུ‘‘ཆོས་བསྒོ་བ་འཇམ་དབྱངས་ཁ་ཆེ་ནི། བསྒོམ་པའི་ཉམས་མྱོང་དང་། གསུང་རབ་ལ་གསན་རྒྱ་མཛད་པའི་མཁས་པ་ཞིག་ཡིན་ལ། རྗེ་རིན་པོ་ཆེར་སྔོན་དུ་ཅུང་མི་གུས་པ་ཞིག་ཡིན་འདུག་ཀྱང་། ཕྱིས་ཞབས་ཀྱི་པད་མོར་བཏུད་དེ་གསུང་རབ་མང་དུ་གསན་པས་ཤེས་ནས་ཐུགས་དད་ཆེན་པོ་ཐོབ་པར་གྱུར་བ་སྟེ་འབྲས་རྟགས་སུ་ཙོང་ཁ་བརྒྱ་རྩ་དང་། ཀ་ལ་བ་སོགས་བསྟོད་པའི་ཕྲེང་བ་བརྩམས་པའི་ཤེས་པར་བྱེད་པ་ལས་སོ། །’’[29]ཞེས་འབྱུང་བ་དང་། ཁོང་གིས་སྙན་ངག་མེ་ལོང་གི་ལེའུ་གཉིས་པའི་དཀའ་འགྲེལ་ཞིག་བྲིས་ཡོད་པ་མཐོང་ལ། ཁོང་ལ་སྙན་ངག་མཁན་ཆེན་པོ་དང་།  སྙན་ངག་པ་ཆེན་པོ་ཞེས་པའི་མིང་གི་ཆོ་ལོ་སྦྱར་འདུག

ཡང་། རི་བོ་དགའ་ལྡན་པའི་བསྟན་པ་བླ་རབས་དང་བཅས་པ་ཆོས་འབྱུང་གསལ་བར་སྟོན་པའི་སྒྲོན་མེ་རུ‘‘(རྗེ་རིན་པོ་ཆེའི)བསྟན་པའི་སྒྲོན་མེ་ལྟ་བུ་ནི། དཀོན་མཆོག་ཚུལ་ཁྲིམས། རྒྱལ་དབང་ཁ་ཆེ ། རིན་བསམ་པ། གྲགས་བཟང་བ། ཤེས་རབ་རྒྱལ་མཚན། ནམ་མཁའ་དཔལ། བློ་གྲོས་ཆོས་སྐྱོང༌། བ་སོ་ཆོས་རྒྱན། དཔལ་སེང་བ། སྣར་ཐང་བ་དང་བཅུའོ།’’[30]ཞེས་འབྱུང་བ་ལྟར་ན་སྟག་པ་ཁ་ཆེ་ཟེར་བ་ཞིག་བྱོན་པ་ཤེས་ཐུབ། གཞན་ཡང«བཀའ་གདམས་ཆོས་འབྱུང»དུ‘‘ལོ་ཙཱ་བའི་བུ་ཆེན་ཁྱུང་རིན་ཆེན་གྲགས་ཀྱི་སློབ་མ། སྟོད་ལུང་རྒྱ་དམར། སྟག་པ་ཁ་ཆེ་སོགས་ལས་བརྒྱུད་པ་ཉང་སྟོད་གནས་གསར་ལ་སོགས་སུ་དར་རོ། །’’[31]ཞེས་གསལ་བ་དང་། སྟག་པ་ཁ་ཆེ་ནི་རྔོག་ལོའི་སློབ་བརྒྱུད་ཅིག་ཡིན་པ་དང་། ཁོང་གི་མཚན་དེབ་དམར་དང་། དེབ་སྔོན། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ་དཔེ་བསྡུར་མའི་ནང་དུའང་མཇལ་རྒྱུ་འདུག་ནའང་། གོང་གི་ཁ་ཆེ་མིང་ཅན་གྱི་མི་སྣ་འདི་དག་བུ་སྟོན་ལ་འབྲེལ་བ་མེད་པར་སྙམ།

སྐབས་འདིར་ང་ཚོས་ཤེས་དགོས་པ་གཞན་ཞིག་ཡོད་པ་ནི། བུ་སྟོན་ལ་སྲས་ཀྱི་མཐུ་བོ་མང་པོ་བྱོན་ཡོད་ཀྱང་། དེ་དག་གིས་ཁོང་གི་སྐུ་སྐྱེས་བཙལ་བའི་ལོ་རྒྱུས་ཡོད་པ་མ་མཐོང་། སྐུ་ཚེ་བྱོན་མེད་པའི་སྐོར་གྱི་ལོ་རྒྱུས་ནི«པཎྜི་ཏ་སུམ་པ་ཡེ་ཤེས་དཔལ་འབྱོར་མཆོག་གི་སྤྱོད་ཚུལ་བརྗོད་པ་སྒྲ་འཛིན་བཅུད་ལེན་ཞེས་བྱ་བ་བཞུགས་སོ»ལས་འདི་ལྟར་གསུངས་ཡོད་དེ། ‘‘སྔོན་བྱོན་རྒྱ་གར་གྱི་རྒྱལ་བ་ཤཱཀྱ་ཐུབ་པ་དང་རྒྱན་དྲུག་མཆོག་གཉིས་གྲུབ་ཆེན་གྱ་བཞི(བརྒྱད་ཅུ)སོགས་དང་ཁ་ཆེ་བལ་ཡུལ་གྱི་པཎ་གྲུབ་དུ་མ་དང་བོད་ཀྱི་མར་པ་མི་ལ་བུ་སྟོན་རིན་པོ་ཆེ་རྗེ་ཙོང་ཁ་པ་ཡབ་སྲས་ལྟ་བུའི་དམ་པ་རིན་ཆེན་ཤིང་རྟ་སྲ་བརྟན་རྣམས་ཀྱིས་མུ་མཐའ་མེད་པའི་འཇིག་རྟེན་དུ་སྐུའི་སྐྱེ་འཕྲེང་རིམ་པར་རྒྱ་མཚོའི་རླབས་ལྟར་དུས་ལས་གཡོལ་མེད་དུ་བཞེས་ཏེ། ་་་ ཡུལ་དུས་དེར་སྤྲུལ་སྐུ་སྐུ་སྐྱེས་དར་སོ་མེད་པས་སམ་གང་དག་ཞིང་གཞན་དུ་བྱོན་ནམ་གང་ལྟར་ཡང་དེ་དག་ཕལ་ཆེར་ལ་སྔར་འཁྲུངས་ཡུལ་ཁོ་ནར་སྐུ་སྐྱེས་བྱོན་ནས་གདན་དྲངས་པའི་གཏམ་གྲགས་ཆེ་བ་སྒྲ་འཛིན་གྱི་ལམ་དུ་མ་ཞུགས་ལ།’’[32]ཞེས་གསལ་བ་ལགས་ཤིང་། བོད་ཀྱི་མཁས་པ་འགས་བོད་ཀྱི་སྤྲུལ་སྐུ་དང་འབྲེལ་བའི་སྐོར་གླེང་སྐབས་གོང་གི་སུམ་པའི་རང་རྣམ་དུ་འབྱུང་བའི་ཚིག་དུམ་འདི་འདྲེན་སྲོལ་ཞིག་མཆིས་ཀྱང་། སྐབས་རེར་ཚིག་དུམ་འདི་ཇི་བཞིན་དུ་མ་དྲངས་པར་བཅད་གཏུབ་བྱས་ཡོད་པ་དེ་ནི་ཤིན་ཏུ་མི་ལེགས་པ་རེད་སྙམ་པ་ནི་ཞོར་དུ་འཕྲོས་པ་ཙམ་མོ། །

ལྔ་། བུ་སྟོན་གྱི་གསུང་རྩོམ།

བུ་སྟོན་རིན་པོ་ཆེས་བསྟན་བཅོས་ཐོག་མར་མཛད་དུས་ནི་ཁོང་དགུང་ལོ་སུམ་ཅུ་ཡན་དུ་ཕེབས་ཡོད་པ་དང་། «མངོན་པ་ཀུན་ལས་བཏུས་ཀྱི་འགྲེལ་བ་རྣམ་བཤད་ཉི་མའི་འོད་ཟེར།»དང་། «སྤྱོད་འཇུག་གི་འགྲེལ་པ་ཟླ་བའི་འོད་ཟེར» «བུ་སྟོན་ཆོས་འབྱུང»སོགས་ནི་བསྟན་བཅོས་སྔ་ཤོས་ཀྱི་གྲས་ཡིན་ཅིང་། «བདེ་གཤེགས་སྙིང་པོའི་མཛེས་རྒྱན»ནི་སྐུ་ཚེའི་མཇུག་ཏུ་བརྩམས་པའི་བསྟན་བཅོས་ཡིན་སྐད། ཁོང་གི་བསྟན་བཅོས་ཁག་གི་དཀར་ཆག་གཞན་དང་གཞན་དུ་མང་ཙམ་བཀོད་འདུག་པས། ཕྲན་གྱིས་འདིར་འགོད་རྒྱུ་མིན་ལ། བུ་སྟོན་རིན་པོ་ཆེས་རང་ཉིད་ཀྱི་གསུང་རྩོམ་ཕལ་ཆེ་བར་ཞུ་དག་མཛད་པར་གྲགས་ཤིང་། ཁོང་གི་སྲས་ཀྱི་ཐུ་བོར་གྱུར་བའི་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་གྱིས་རྗེ་འདིའི་བསྟན་བཅོས་ཁག་ཕྱོགས་གཅིག་ཏུ་བསྡུས་ཏེ། པོད་ཀ་པ་ནས་ཤ་པའི་བར་པོ་ཏི་ཉེར་བདུན་དུ་བགོས་ནས་ཤིང་འབྲུག་ལོའི་(སྤྱི་ལོ1364)ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན་གྲུབ་ཡོད་པར་མ་ཟད། «དཀར་ཆག་རིན་ཆེན་ལྡེ་མིག»ཅེས་པ་ཞིག་བརྩམས་གནང་འདུག

གོང་དུ་ཞུས་པ་ལྟར། ཕྲན་གྱི་ལག་ཏུ«བུ་སྟོན་གྱི་རྟོགས་བརྗོད་ངོ་མཚར་གཏམ་གྱི་རོལ་མོ་ཉེར་གཅིག་པ»ཞེས་པ་མ་ཐོབ་མོད། མི་རིགས་དཔེ་མཛོད་ཁང་གི་དཔེ་ཐོ་ལས་གསུང་འབུམ་སྐོར་གྱི་དཀར་ཆག་ཤེས་བྱའི་གཏེར་མཛོད་དུ‘‘དགེ་སློང་རིན་ཆེན་སེང་གེས་བརྩམས་པའི་བུ་སྟོན་རྣམ་ཐར་ངོ་མཚར་གཏམ་གྱི་རོལ་མོ་ལས། པོ་ཏི་སུམ་ཅུ་སོ་གསུམ་ཡོད་པར་བཤད’’[33]ཅེས་བྲིས་ཡོད་པ་མཐོང་བྱུང་ལ། «དུས་འཁོར་ཆོས་འབྱུང་ཨིནྡྲ་ནཱི་ལའི་ཕྲ་ཚོམ»དུ་འབྱུང་བའི‘བུ་སྟོན་རིན་ཆེན་གྲུབ་ཀྱི་རྣམ་ཐར’དུ‘‘གཞན་ཡང་ཞ་ལུ་གདན་ས་གོང་འོག་སོགས་ཡུལ་དུས་སྔ་ཕྱི་ཅི་རིགས་སུ་མདོ་སྔགས་ཀྱི་གཞུང་སྔར་མ་འགྱུར་པ་བསྒྱུར་པ་དང་། བསྒྱུར་ཟིན་ཞུ་ཆེན་མཛད་པ་སོགས་ཀྱིས་གཏན་ལ་ཕབ། ཐུན་མོང་རིག་པའི་གནས་ཆེ་ཕྲ་དང་། ཐེག་མིན་སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞི་ལ་རང་རྩོམ་དང་། གཞན་འགྲེལ་མཛད་པའི་པོད་སུམ་ཅུར་ཉེ་བ་བཞུགས’’[34]ཞེས་བྲིས་ཡོད་ཅིང་། ལྷ་སའི་ཞོལ་པར་ཁང་དུ་དཔར་བའི་གསུང་རྩོམ་གྱི་གྲངས་ཀ་ལྟར་ན་ཁོང་ལ་གསུང་རྩོམ་པོད་ཆེན་ཉི་ཤུ་རྩ་དྲུག་བཞུགས། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་ལེགས་བསྒྲིགས་བྱས་པའི་བུ་སྟོན་རིན་ཆེན་གྲུབ་ཀྱི་གསུང་འབུམ་ལ་པོད་ཉི་ཤུ་རྩ་བདུན་བཞུགས་པ་རེད། གཟུངས་འབུམ་ཐར་གྱིས་བརྩམས་པའི«བོད་ཀྱི་རིག་གནས་སྤྱི་རྣམ་རིན་ཆེན་ཀུན་འདུས»སུ‘‘བུ་སྟོན་ལ་ཆོས་ཚན་ཉིས་བརྒྱ་གོ་བརྒྱད་དང་གསུང་འབུམ་ཁྱོན་པོ་ཏི་སུམ་ཅུ་སོ་གསུམ་ཡོད་པར་གསུངས།’’[35]ཞེས་བྲིས་ཤིང་། དེབ་དེའི་ནང་བུ་སྟོན་གྱི་གསུང་འབུམ་གྱི་དཀར་ཆག་དང་ངོ་སྤྲོད་གནད་བསྡུས་ཤིག་ཀྱང་གནང་ཡོད་པ་མཐོང་། གང་ལྟར། བུ་སྟོན་གྱི་གསུང་འབུམ་གྱི་གྲངས་ཀ་ཏག་ཏག་མི་མཐུན་ཞིང་ ། དེའི་རྒྱུ་མཚན་ནི་དུང་དཀར་རིན་པོ་ཆེས‘‘ད་དུང་སྔ་རྩོམ་གྱི་རིགས་འགའ་ཞིག་གླེགས་བམ་དུ་བསྡུ་མ་ཐུབ་པའི་གཞུང་ཡང་མང་པོ་ཡོད་པ་གྲགས།’’[36]ཞེས་གསུངས་པར་བལྟས་ན་ངེས་ཤེས་འདྲོངས་ནུས་ཤིང་། བུ་སྟོན་རིན་པོ་ཆེའི་གསུང་འབུམ་ཁྲོད་དུའང་ཁོང་གི་གསུང་འབུམ་གྱི་དཀར་ཆག་ཆོས་རྗེ་ཉིད་ཀྱིས་མཛད་པ་ཞིག་ཀྱང་འདུག་གོ །

བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་བོད་ཡིག་དཔྱད་གཞིའི་ཡིག་རིགས་དཀར་ཆག་སྒྲིག་མཁན་ཚོགས་ཆུང་གིས་བསྒྲིགས་པའི‘‘བུ་སྟོན་ལོ་ཙ་བ་རིན་ཆེན་གྲུབ་ཀྱི་གསུང་འབུམ་དཀར་ཆག’’ཅིག«བོད་ལྗོངས་ཞིབ་འཇུག»གི་དུས་དེབ་སྟེང་བཀོད་འདུག་པར་མ་ཟད། མི་རིགས་དཔེ་མཛོད་ཁང་གི་དཔེ་ཐོ་ལས་གསུང་འབུམ་སྐོར་གྱི་དཀར་ཆག་ཤེས་བྱའི་གཏེར་མཛོད་དུ་བུ་སྟོན་གྱི་གསུང་འབུམ་དཀར་ཆག་དང་ལོ་རྒྱུས་ཉུང་བསྡུས་ཤིག་ཀྱང་བཀོད་འདུག  མདོར་ན། བུ་སྟོན་སྐུ་གཤེགས་ནས་ལོ་ལྔ་བརྒྱ་དང་ལྔ་བཅུ་འདས་པ་རབ་བྱུང་བཅོ་ལྔ་པའི་མེ་སྦྲུལ་ལོ(1917)ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གི་བཀའ་བཀོད་འོག་སྡེ་པ་གཞུང་གི་བྲིས་མ་དང་། ཞ་ལུའི་བྲིས་མར་གཞིར་བཟུང་སྟེ་མཚན་ཞབས་པ་བདེ་ཡངས་བསྟན་འཛིན་འཕྲིན་ལས་དང་། རྡོ་སྦིས་ཤེས་རབ་རྒྱ་མཚོ་གཉིས་ཀྱིས་ཞུ་དག་མཛད་དེ་ལོ་གསུམ་ལ་ཤིང་སྤར་དུ་བརྐོས་རྗེས། ལྷ་ས་ཞོལ་གྱི་པར་ཁང་གངས་ཅན་ཕན་བདེ་གཏེར་མཛོད་གླིང་དུ་ཤིང་སྤར་དུ་བཞེངས་འདུག མཁས་དབང་ཚེ་ཏན་ཞབས་དྲུང་ཚང་ལྟ་བུས་གོང་གི་ཤིང་སྤར་དེར་གཟིགས་ནས‘‘བུ་སྟོན་གསུང་འབུམ་དབུས་པར་གྲས་དུས་འཁོར་བསྡུས་དོན་རྒྱུད་རྩ་འགྲེལ་གྱི་ཡི་གེ་དང་སྦྲུལ་ཤད་ལྷད་འདོན་སྐྱོན་བྲལ་ཤེལ་གྱི་མེ་ལོང’’ཞེས་པའི་དག་བཅོས་ཀྱི་རྩོམ་ཡིག་ཅིག་ཀྱང་སྤེལ་ཡོད་པ་ཁོང་གི་གསུང་འབུམ་ལས་མཇལ་ལོ། །

རྩོམ་ཡིག་འདིའི་མ་ཟིན་རྩོམ་རིག་གླེང་ངམ་ཞེས་པའི་སྐད་ཚོམས་སུ་གཏམ་བཤད་ཅིག་གི་རྣམ་པའི་ཐོག་ནས་བཤད་པ་ཡིན་མོད། རྩོམ་ཡིག་འདིར་རྒྱུ་ཆ་མ་འཛོམས་པ་ཁག་ཕྱིས་སུ་རག་ཚེ་ཁ་གསབ་བྱེད་འདུན་ཡོད། གཞན། ནང་བསྟན་དཔེ་ཚོགས་ལྟེ་གནས་ལ་བརྟེན་ནས་ཡིག་ཆ་མང་པོ་ཞིག་ཐོབ་པས་ཐུགས་རྗེ་ཆེ་ཞུས་པ་ཡིན།

དཔྱད་ཡིག

[1] ‘‘དགེ་སློང་རིན་ཆེན་སེང་གེས་བརྩམས་པའི་བུ་སྟོན་རྣམ་ཐར་ངོ་མཚར་གཏམ་གྱི་རོལ་མོ་ལས། པོ་ཏི་སུམ་ཅུ་སོ་གསུམ་ཡོད་པར་བཤད།’’ཅེས་གསལ། མི་རིགས་དཔེ་མཛོད་ཁང་གི་དཔེ་ཐོ་ལས་གསུང་འབུམ་སྐོར་གྱི་དཀར་ཆག་ཤེས་བྱའི་གཏེར་མཛོད། སྨད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དཔེ་སྐྲུན་གྱི་དུས་ཚོད། ༡༩༨༤-༡༩༩༧ ཤོག་གྲངས་༥༦

[2] དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། དེབ་དང་པོ། ༡༩༩༠ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་གྲངས་ ༡༧-༡༨ན་གསལ།

[3] རོང་སྟོན་ཤཱཀྱ་རྒྱལ་མཚན་གྱི་གསུང་སྐོར་པོད་ཁ་པ། ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་།  ཤིང་སྤར། ༡༩༩༩ ཤོག་གྲངས་ ༤༡༦

[4] འཛམ་གླིང་སངས་རྒྱས་བསྟན་པའི་རྒྱན་མཆོག་ཡོངས་རྫོགས་གནས་ལྔ་མཁྱེན་པའི་པཎྜི་ཏ་ཆེན་པོ་གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་གསུང་འབུམ་ལེགས་བཤད་གསེར་གྱི་བདུད་རྩི་ལས། གླེགས་བམ་ཙ་པ། ཤིང་སྤར། ཤོག་གྲངས་༤༢

[5] ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ། ཡོན་གནས་དམ་པ་རྣམས་ལ་བསྔགས་པའི་རིམ་པ་དཔའ་བོའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །            པོད་གྲངས་བཅུ་པའི་ཤིང་སྤར་མའི་ཤོག་གྲངས་༥༣ན་གསལ། གནམ་འབྲུག་དགོན་གྱི་སྤར་ཁང་།

[6] བུ་སྟོན་གྱི་གསུང་འབུམ་གྱི་དཀར་ཆག་བསྟན་པའི་མཛེས་རྒྱན་ཕུལ་བྱུང་གསེར་གྱི་ཕྲེང་བ། ཚེ་མཆོག་གླིང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། ཤིང་སྤར།  ཤོག་གྲངས་༣༡༢ན་གསལ།

[7] ཆོས་འབྱུང་བསྟན་པའི་པདྨོ་རྒྱས་པའི་ཉིན་བྱེད། འབྲུག་པ་པདྨ་དཀར་པོ། གནམ་འབྲུག་དགོན་གྱི་པར་ཁང་། ཤིང་སྤར་མའི་ཤོག་གྲངས་༤༡༦ན་གསལ།

[8] ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེའི་ལྷུན་པོ།   ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས། ཤིང་སྤར། དབུ་མེད་བྲིས་མ། ལྡེབ་གྲངས༨  དབུ་མེད་བྲིས་མའི་རྣམ་ཐར་འདིའི་ཤོག་ངོས་རེ་ཟུང་ཧ་ཅང་མི་གསལ་བས། འཁྲུལ་བ་མཆིས་ཚེ་མཐོལ་ལོ་བཤགས་སོ། །

[9] ཆོས་རྗེ་ཐམས་ཅད་མཁྱེན་པ་བུ་སྟོན་ལོ་ཙྪ་བའི་རྣམ་པར་ཐར་པ་སྙིམ་པའི་མེ་ཏོག   སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ། ཤིང་སྤར། དབུ་མེད་བྲིས་མ། ཤོག་གྲངས་༢༡ན་གསལ།

[10] བུ་སྟོན་ཆོས་འབྱུང་། བུ་སྟོན་རིན་ཆེན་གྲུབ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༨ ཤོག་གྲངས་༣༡༧ན་གསལ།

[11] བུ་སྟོན་རིན་ཆེན་གྲུབ་ཀྱི་གསུང་འབུམ། པོད་ཛ་པ། ཞོལ་པར་མ། ལྡི་ལིར་བསྐྱར་པར་བརྒྱབ་པ། ཤོག་གྲངས་༦༡ན་གསལ།

[12] བུ་སྟོན་རིན་ཆེན་གྲུབ་ཀྱི་གསུང་འབུམ། པོད་ཝ་པ། ཞོལ་པར་མ། ལྡི་ལིར་བསྐྱར་པར་བརྒྱབ་པ། ཤོག་གྲངས་༦༡ན་གསལ།

[13]  བུ་སྟོན་རིན་ཆེན་གྲུབ་ཀྱི་གསུང་འབུམ། པོད་ཛ་པ། ཞོལ་པར་མ། ལྡི་ལིར་བསྐྱར་པར་བརྒྱབ་པ། ཤོག་གྲངས་༦༠༢ན་གསལ།

[14] བུ་སྟོན་རིན་ཆེན་གྲུབ་ཀྱི་གསུང་འབུམ། པོད་ཟ་པ། ཞོལ་པར་མ། ལྡི་ལིར་བསྐྱར་པར་བརྒྱབ་པ། ཤོག་གྲངས་༦༦༡ན་གསལ།

[15] བུ་སྟོན་ཆོས་འབྱུང་། བུ་སྟོན་རིན་ཆེན་གྲུབ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༨ ཤོག་གྲངས་༣༡༥ན་གསལ།

[16] བུ་སྟོན་རིན་ཆེན་གྲུབ་ཀྱི་གསུང་འབུམ། པོད་ཝ་པ། ཞོལ་པར་མ། ལྡི་ལིར་བསྐྱར་པར་བརྒྱབ་པ། ཤོག་གྲངས་༧༧༡ན་གསལ།

[17]   བུ་སྟོན་རིན་པོ་ཆེའི་རྣམ་ཐར་རིན་ཆེན་ཕྲེང་བ། བླ་མ་མགོན་པོ་དཔལ་བ། ཤིང་སྤར། དབུ་མེད་བྲིས་མ། ལྡེབ་གྲངས་༡ན་གསལ།

[18]   དེབ་ཐེར་དམར་པོ། ཚལ་པ་ཀུན་དགའ་རྡོ་རྗེ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ཤོག་གྲངས་༧༢ན་གསལ།

[19]   དེབ་ཐེར་སྔོན་པོ། འགོས་ལོ་ཙཱ་བ་གཞོན་ནུ་དཔལ། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ཤོག་གྲངས་༢༤༥ན་གསལ།

[20] པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་གསུང་འབུམ་ལེགས་བཤད་གསེར་གྱི་བདུད་རྩི། པོད་མ་པ། ཤཱཀྱ་མཆོག་ལྡན་གྱི་རྣམ་ཐར་ཞིབ་མོ་རྣམ་པར་འབྱེད་པ། ཤིང་སྤར། ཤོག་གྲངས་༢༤ན་གསལ།

[21] ཆོས་རྗེ་ཐམས་ཅད་མཁྱེན་པ་བུ་སྟོན་ལོ་ཙྪ་བའི་རྣམ་པར་ཐར་པ་སྙིམ་པའི་མེ་ཏོག   སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ། ཤིང་སྤར། དབུ་མེད་བྲིས་མ། ཤོག་གྲངས་༢༠ན་གསལ།

[22] ཚེ་མཆོག་གླིང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ། པོད་ལྔ་པ། ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ཀྱི་གསུང་འབུམ་གྱི་དཀར་ཆག་བསྟན་པ་རིན་པོ་ཆེའི་མཛེས་རྒྱན་ཕུལ་བྱུང་གསེར་གྱི་ཕྲེང་བ། ཤིང་སྤར། ཤོག་གྲངས་༣༡༨ན་གསལ།

[23] ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེའི་ལྷུན་པོ། ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས། ཤིང་སྤར། དབུ་མེད་བྲིས་མ། ཤོག་གྲངས་༦ན་གསལ།

[24] ཚེ་མཆོག་གླིང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ། པོད་ལྔ་པ། ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ཀྱི་གསུང་འབུམ་གྱི་དཀར་ཆག་བསྟན་པ་རིན་པོ་ཆེའི་མཛེས་རྒྱན་ཕུལ་བྱུང་གསེར་གྱི་ཕྲེང་བ། ཤིང་སྤར། ཤོག་གྲངས་༣༥༡ན་གསལ།

[25] གངས་ཅན་བོད་ཀྱི་གནས་བཤད་ལམ་ཡིག་གསར་མ་ལས་གཞིས་རྩེ་ས་ཁུལ་གྱི་གནས་ཡིག ཆོས་འཕེལ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ཤོག་གྲངས་༡༥༦ན་གསལ།

[26] ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ། མི་རིགས་དཔེ་སྐྲུན་ཁང་། པོད་དྲུག་པ། ༢༠༠༧ ཤོག་གྲངས་༩༥ན་གསལ།

[27] དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། དེབ་གསུམ་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ཤོག་གྲངས་༢༡༩ན་གསལ།

[28] ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེའི་ལྷུན་པོ། ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས། ཤིང་སྤར། དབུ་མེད་བྲིས་མ། ཤོག་གྲངས་༢ན་གསལ།

[29] བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན། པཎ་ཆེན་བསོད་ནམས་གྲགས་པ། (རྔ་ཡུལ་ཀིརྟི་དགོན་གྱི་གློག་ཀླད་པར་མ།) ༢༠༠༧ ཤོག་གྲངས་༢༠༧ན་གསལ།

[30] རྗེ་བཙུན་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ཆོས་མཛད་ངག་དབང་བཟོད་པ་རྒྱ་མཚོས་བསྒྲིགས། པོད་ཨ་པ། རི་བོ་དགའ་ལྡན་པའི་བསྟན་པ་བླ་རབས་དང་བཅས་པ་ཆོས་འབྱུང་གསལ་བར་སྟོན་པའི་སྒྲོན་མེ། ༢༠༡༠ ཤོག་གྲངས་༣ན་གསལ།

[31] བཀའ་གདམས་ཆོས་འབྱུང་། འཇམ་དགོན་ཨ་མྱེས་ཞབས་ངག་དབང་ཀུན་དགའ་བསོད་ནམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ ཤོག་གྲངས་༡༦༣ན་གསལ།

[32] པཎྜི་ཏ་སུམ་པ་ཡེ་ཤེས་དཔལ་འབྱོར་མཆོག་གི་སྤྱོད་ཚུལ་བརྗོད་པ་སྒྲ་འཛིན་བཅུད་ལེན་ཞེས་བྱ་བ་བཞུགས་སོ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༢༠༠༡ ཤོག་གྲངས་ ༤ – ༥ན་གསལ།

[33] མི་རིགས་དཔེ་མཛོད་ཁང་གི་དཔེ་ཐོ་ལས་གསུང་འབུམ་སྐོར་གྱི་དཀར་ཆག་ཤེས་བྱའི་གཏེར་མཛོད། སྨད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ – ༡༩༩༧ ཤོག་གྲངས་ ༥༦ན་གསལ།

[34] དུས་འཁོར་ཆོས་འབྱུང་ཨིནྡྲ་ནཱི་ལའི་ཕྲ་ཚོམ། སྟོད་མངའ་རིས་འབོ་དཀར་དགོན་གྱི་མཁན་པོ་བློ་གྲོས་དོན་ཡོད་ཀྱིས་བརྩམས། འབོ་དཀར་ངེས་དོན་ཆོས་འཁོར་གླིང་གི་བླ་སྤྱིས་སྤར་བསྐྲུན་ཞུས། ༢༠༠༥ ཤོག་གྲངས་༦༡༧ན་གསལ།

[35] བོད་ཀྱི་རིག་གནས་སྤྱི་རྣམ་རིན་ཆེན་ཀུན་འདུས། གཟུངས་འབུམ་ཐར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ཤོག་གྲངས་༢༦༥ན་གསལ།

[36] དུང་དཀར་ཚིག་མཛོད་ཆེན་མོ། དུང་དཀར་བློ་བཟང་འཕྲིན་ལས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ཤོག་གྲངས་ ༡༣༩༦ན་གསལ།