དེ་རིང་ཁ་སང་རང་དབང་རྩོམ་པ་པོ་རུ་སྐད་པ་དང་།བསམ་བློ་པ་རྒན་པ་རུ་སྐད་པ་མང་པོ་ཞིག་གིས་ང་ཚོ་ན་གཞོན་དག་ལ་ཡིད་ཆད་མདོག་གིས་མང་པོ་ཞིག་ལ་ཁྱེད་ཚོས་”འགན་འཁུར་མི་འདུག”ཅེས་ཏེ་ཁ་ཚོན་ཆོད་པོས་སྨྲ་ཡི་འདུག ད་དུང་།རེ་ཆད་ཀྱི་རྣམ་པའང་བསྟན་གྱིན་འདུག སྐད་ཆ་དེ་དག་གོ་བས་ཁོ་བོ་ཅག་ནི་ཁྱེད་ཅག་གི་གཞིག་ཚུལ་དྲན་ནས་དགོད་ཙམ་བྱེད་པ་ལས་ཅང་བཤད་རྒྱུ་མི་འདུག

   རེད་དེ།ཁྱེད་ཅག་གིས་ང་ཚོའི་རྒྱུད་ཚོད་མི་ཟིན་པས།རང་ཉིད་”ཤེས་བྱ་ཀུན་མཁྱེན་”གྱི་བཟོ་འདྲ་བོ་དང་།རང་གིས་ཤེས་ཚོད་ཀྱི་བློ་དེས་ཡོད་ཚད་ལ་མད་གཞལ་དང་། ང་ཚོའི་རྩ་དོན་ནི་སློབ་སྦྱོང་བྱས་ཏེ་མུ་མཐུད་ལམ་ལ་ཆས་རྒྱུ་དེ་ཡིན་པས།ང་ཚོས་རྩ་དོན་གང་མ་དོར་སྔ་རོལ་དུ་དེ་འདྲའི་མཁས་མཅདོག་དང་ཡིན་མདོག་ཁ་པོས་སྐད་ཆ་བཤད་མ་ཡོང་།དེ་མིན།གཞུག་གི་ང་ཚོས་ཁྱེད་ཚོའི་ངོ་གདོང་ལ་མེ་དྲོད་འཕྱུར་དུ་འཇུག་ཀྱང་སྲིད། དེ་བས།ཁྱེད་ཅག་ང་ཚོ་ལ་ཁོ་ཆད་ཀྱིན་ཡོད་པ་ནང་བཞིན་ང་ཚོ་ཡང་ཁྱེད་ཅག་གི་ལོ་ཚོད་དང་སྦྱང་ཚད་སོགས་ལ་ལྟོས་པའི་བསམ་བློའི་དཔྱོད་ཚད་དང་།སྤྱི་ཚོགས་ཟབ་འཇུག་གི་ཟབ་ཚད།བསྒྱུར་བྲིས་མང་པོའི་བརྩམས་ཆོས་དག་ལའང་ལ་སུན་ཞིང་ཆད་འོང་གི་ཡོད།དེའི་ཕྱིར། ཁྱེད་ཚོས་ང་ཚོར་དཔྱད་བརྗོད་བྱེད་རྒྱུ་དང་།ལྷག་པར།ཅིག་དང་ཉིག་འཁྱོངས་ཡོད་མེད་དང་།འགན་འཁུར་མ་ཁུར་སོགས་ཀྱི་སྐད་ཆ་བཤད་མ་ཡོང་ན་མི་བཟང་ངམ།ཡིན་ཡང་།ཁྱེད་ཚོས་ང་ཚོར་སྐད་ཆ་བཤད་པ་དང་ལྟ་ཚུལ་འདོན་པའི་ཐོབ་ཐང་གཙང་མ་ལ་གུས་བརྩི་ཙམ་ནི་ལོས་ཡོད། གཞན་དུ།ང་ཚོ་དང་ཁྱེད་ཚོའི་བར་ན་སློབ་སྦྱོང་གི་བརྒྱུད་རིམ་དང་།འཚོ་བའི་ཉམས་མྱོང་སོགས་ལ་ཁྱད་པར་རབ་ཏུ་ཡོད་པར་མ་ཟད།ལོ་དང་དུས་ཀྱི་ཆ་ནས་ཀྱང་ཁྱད་པར་ཤིན་ཏུ་ཆེ་ན།ང་ཚོ་ན་གཞོན་དག་གིས་འདི་དང་གན་འཁྱོངས་དགོས་དང་འོས་ཞེས་བཙན་བཀའ་ཡང་མི་གཏང་རོགས། ལོ་དང་སློབ་སྦྱོང་གི་བརྒྱུད་རིམ་ཐད་ནས་ཁྱེད་ཚོའི་སར་ང་ཚོ་བསླེབ་ཉིན།ང་ཚོ་ཡང་ཁྱེད་ཚོ་ལས་མི་མཐོ་ཡང་མི་དམན་པར་འདོད་ཡོད་ལགས།
བྲན་རྒོལ་པ་ཁྲག་ཐིགས་ཀྱིས།