ཚལ་པ་ཀུན་དགའ་རྡོ་རྗེས་(1309-1365)བརྩམས་ཤིང་དུང་དཀར་བློ་བཟང་འཕྲིན་ལས་(1927-1997)མཆོག་གིས་མཆན་འགྲེལ་བཀོད་པའི«དེབ་ཐེར་དམར་པོ»རུ་དཔལ་ཆེན་རྒྭ་ལོའི་སྐོར་ལ‘‘དཔལ་ཆེན་རྒ་ལོ། (རྒ་ལོ་ཙཱ་བ་གཞོན་ནུ་དཔལ) གུང་ཐང་བླ་མ་ཞང་དང་དུས་མཉམ་པ་ཁོང་གི་རྣམ་ཐར་ལས་བཤད། འཁྲུངས་ཡུལ་ཁམས་ལྡན་མ་ནས་ཡིན ། ལོ་རྒྱས་རྒྱས་པ། ཇོ་ནང་པ་ཏཱ་ར་ནཱ་ཐས་མཛད་པའི«གཤིན་རྗེ་གཤེད་ཀྱི་ཆོས་འབྱུང»དང་། «ཆོས་འབྱུང་མཁས་པའི་དགའ་སྟོན»ལེ་ཚན(ཏ)པའི་གྲངས་ 12 བ 1—7 བར་གསལ།’’།[1]ཞེས་མཆན་བུ་ཞིག་བྲིས་འདུག «དུང་དཀར་ཚིག་མཛོད་ཆེན་མོ»རུའང་གོང་གི་དཔལ་ཆེན་རྒྭ་ལོའི་སྐོར་གྱི་མཆན་བུ་ཇི་བཞིན་བཤུས་པ་མཐོང་བས།  «གཤིན་རྗེ་གཤེད་ཀྱི་ཆོས་འབྱུང»ཞེས་པ་ཞིག་མ་རྙེད་མོད། ཇོ་ནང་ཏཱ་ར་ནཱ་ཐའི་གསུང་འབུམ་ཁྲོད་དུ«རྒྱུད་རྒྱལ་གཤིན་རྗེ་གཤེད་ཀྱི་ཆོས་འབྱུང་རྒྱས་པ་ཡིད་ཆེས་ངོ་མཚར་བཞུགས»ཞེས་པ་ཞིག་བཞུགས་པ་བཀླགས་ནས་དཔལ་ཆེན་རྒྭ་ལོའི་སྐོར་བཙལ་སྐབས། ཆོས་འབྱུང་དེའི་ནང་ན‘‘རྗེ་བཙུན་འབུམ་སེང་ལ་ཟུར་དུ་བྱོན་པའི་སྲས་བློ་གྲོས་སེང་གེ་ནས་བརྒྱུད། གདུང་རབས་འགའ་རེ་བྱོན་འདུག འགྲོ་དོན་ཆེ་བ་རང་མ་བྱུང་བ་འདྲ། སློབ་བརྒྱུད་བུ་ཆེན་བཟའ་ལ་མང་བ་བྱུང་། ཐུགས་སྲས་ཀྱི་གཙོ་བོ་རོང་པ་རྒ་ལོ་རྡོ་རྗེ་རྣམ་རྒྱལ་ཡིན། མདོ་སྔགས་ཐམས་ཅད་དང་། ཁྱད་པར་དུ་དུས་འཁོར་ལ་མཁས་ཤིང་གྲུབ་པ་ཐོབ། དེའི་སྲས་རྗེ་ཤེས་རབ་སེང་གེ་དང་། བླ་མ་ཨ་ཀ་ར་གཉིས་ཀྱང་དུས་འཁོར་དང་གཤིན་རྗེ་གཤེད་པ་ལས་མཁས་ཤིང་། འཇིགས་མཛད་ལ་བརྟེན་ནས་ནུས་པའང་ཐོབ་བོ། །’’[2]ཞེས་འབྱུང་བ་འདི་ནི་རོང་པ་རྒྭ་ལོ་ཡིན་ཞིང་། «ཆོས་འབྱུང་མཁས་པའི་དགའ་སྟོན»དུ་འབྱུང་བའི་རྒྭ་ལོའི་ལོ་རྒྱུས་ནི་རྒྭ་ལོ་གཞོན་ནུ་དཔལ་གྱི་ལོ་རྒྱུས་ཡིན་པ་རེད། དེ་བས་བསྟན་བཅོས་མི་འདྲ་བ་གཉིས་ལས་འབྱུང་བའི་རྒྭ་ལོ་འདི་གཉིས་ནི་མི་སྣ་གཅིག་མ་ཡིན་ཞིང་། ཁྱད་པར་དུ་རྒྭ་ལོ་གཞོན་ནུ་དཔལ་གྱི་རྣམ་ཐར་བཀླགས་ཡོད་ཚེ། ཁོང་གི་འཁྲུངས་ཡུལ་ནི་ཁམས་ལྡན་མ་ཡིན་པའི་ལོ་རྒྱུས་མི་གསལ། དེ་བས། རྒྭ་ལོ་གཞོན་ནུ་དཔལ་གྱི་ལོ་རྒྱུས་བཙལ་འཚོལ་དང་འབྲེལ་ཏེ་ཁམས་པ་སྒ་ལོ་དང་། རོང་པ་རྒྭ་ལོ་གཉིས་ཀྱི་སྐུ་ཚེའི་ལོ་རྒྱུས་ཀྱང་རྣམ་ཐར་དང་ཡིག་ཆ་ཁག་ལས་གང་མཐོང་བ་རྣམས་ཟིན་བྲིས་སུ་བཏབ་ཡོད་དོ། །

 

རྒྭ་ལོ་གཞོན་ནུ་དཔལ་གྱི་རྣམ་ཐར་ངོ་སྤྲོད་པ།

 

སྔ་རབས་ཀྱི་ཡིག་ཆ་རྣམས་ཀྱི་ཁྲོད་དུ་བླ་མ་ཞང་བརྩོན་འགྲུས་གྲགས་པས(1123/1121-1193)མཛད་པའི«དཔལ་ཆེན་པོའི་རྒ་ལོའི་རྣམ་ཐར»ཞེས་པ་འབྱུང་། རྣམ་ཐར་དེ་ཁོང་གི་གསུང་འབུམ་ཁྲོད་དུ་བཞུགས་ཤིང་དེ་ལ་ཤོག་ལྡེབ་ཉེར་བཞི་མཆིས། བླ་མ་ཞང་བརྩོན་འགྲུས་གྲགས་པ་ནི་རྒྭ་ལོ་གཞོན་ནུ་དཔལ་གྱི་དངོས་སློབ་ཡིན་ཅིང་། རྣམ་ཐར་དེའི་མཇུག་ཏུ་གསལ་བའི་ཚིག་ཟིན་འགའ་ལ་བལྟས་ན་ཁོང་གིས་རྒྭ་ལོ་གཞོན་ནུ་དཔལ་དགུང་ལོ་བགྲེས་པའི་སྐབས་སུ་བླ་མར་བསྟེན་ཡོད་ཅིང་། «བཀའ་བརྒྱུད་ཆོས་འབྱུང་ནོར་བུའི་ཕྲེང་བ»ན་བླ་མ་ཞང་བརྩོན་འགྲུས་གྲགས་པའི་རྣམ་ཐར་མདོར་བསྡུས་ཤིག་འཁོད་པ་ལྟར་ན། སྐབས་དེར་ཁོང་བླ་མ་རྒྭ་ལོར་མཇལ་དུས་ནི་དགུང་ལོ་ཉི་ཤུ་ལྷག་ཡིན་པ་ཤེས་ཐུབ། འདིས་རྒྭ་ལོ་གཞོན་ནུ་དཔལ་ནི་ཕལ་ཆེར་དུས་རབས་བཅུ་གཅིག་པའི་མཇུག་དང་དུས་རབས་བཅུ་གཉིས་པའི་སྟོད་དུ་འཁྲུངས་པ་གསལ་ཁ་བཏོད་འདུག

དེང་རབས་ཀྱི་ཡིག་ཆའི་ཁོངས་སུ«གངས་ཅན་མཁས་དབང་རིམ་བྱོན་གྱི་མིང་མཛོད»དུ་རྒྭ་ལོ་གཞོན་ནུ་དཔལ་ཞེས་གྲགས་པའི‘‘དམ་པ་འདི་ནི་དུས་རབས་བཅུ་གཉིས་པའི་དུས་སྟོད་དུ་ཁམས་ལྡན་མར་སྐུ་འཁྲུངས་པའི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན།’’[3] ཞེས་འབྱུང་ཞིང་། ནུབ་ཕྱོགས་ཀྱི་བོད་རིག་པ་ཨ་ལེ་ཁུ་སན་ཌིར གྷ་ཊི་ནཱ(Alexander Gardner)ཞུ་བས་ཀྱང་རྒྭ་ལོ་གཞོན་ནུ་དཔལ་གྱི་ལོ་རྒྱུས་ཀྱི་ཕྱེད་ཀ་ཙམ་གོང་གི་མིང་མཛོད་དུ་འབྱུང་བ་ལྟར་བྲིས་འདུག[4]  ལོ་རྒྱུས་འདིའི་ཁུངས་རྩད་ཞིབ་བྱས་མོད་རེ་ཞིག་མ་རྙེད་པར་གྱུར། འོན་ཀྱང་མིང་མཛོད་དེའི་ནང་ཁོང་གི་རྣམ་ཐར་མདོར་བསྡུས་ཤིག་གསལ་བ་འདིར་དྲངས་ན། ‘‘ཁོང་དགུང་ལོ་ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ཞུགས་ཤིང་། རབ་བྱུང་དང་། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་མདོ་སྔགས་གཉིས་ཀའི་ཆོས་གཞུང་ལ་ལེགས་ཐོས་བསམ་ལེགས་པར་མཛད་ཅིང་། དེ་ནས་ལེགས་སྦྱར་གྱི་སྐད་ཡིག་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་དེ་བསམ་ཡས་མཆིམས་ཕུ་དང་། ཕོ་བྲང་སྣེའུ་གདོང་། སྣར་ཐང་། རྩེས་ཐང་སོགས་སུ་བཞུགས་ནས་བསྟན་བཅོས་དུ་མ་བོད་ཡིག་ཏུ་བསྒྱུར་བ་མཛད།’’[5]ཅེས་གསལ།

བླ་མ་ཞང་བརྩོན་འགྲུས་གྲགས་པས་མཛད་པའི་རྣམ་ཐར་ནི་རྒྭ་ལོ་གཞོན་ནུ་དཔལ་གྱི་རྣམ་ཐར་ཆེས་སྔ་ཤོས་དེ་སྙམ་དུ་བསམ་ཞིང་། འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོའི(1143-1217)བཀའ་འབུམ་ཁྲོད་དུ་བཞུགས་པའི‘‘ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཐུན་མོང་མ་ཡིན་པ་ནང་གི་ཟབ་ཆོས་ནོར་བུའི་ཕྲེང་བ་བཞུགས་སོ།།’’ཞེས་པ་ན་བླ་མ་རྒྭ་ལོའི་རྣམ་ཐར་དང་འབྲེལ་བའི་ཚིག་ཕྲེང་འགའ་འབྱུང་ཞིང་། འཇམ་མགོན་ཨ་མྱེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི«དཔལ་དུས་ཀྱི་འཁོར་ལོའི་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་ངོ་མཚར་དད་པའི་ཤིང་རྟ»ཞེས་པ་ནའང་ཤོག་ལྡེབ་འགའ་གསལ་ལོ། །

རྒྭ་ལོ་གཞོན་ནུ་དཔལ་གྱི་རྣམ་ཐར་ཞིབ་ཏུ་མཁྱེན་འདོད་མཁན་ཚོས་བླ་མ་ཞང་བརྩོན་འགྲུས་གྲགས་པས་མཛད་པ་དེ་ལས་ཤེས་པར་བྱ་མོད། ཁོང་གི་རྣམ་ཐར་གྱི་སྡོམ་ལྟ་བུ་ཞིག་དཔའ་བོ་གཙུག་ལག་ཕྲེང་བས(1504-1564/1566)མཛད་པའི«ཆོས་འབྱུང་མཁས་པའི་དགའ་སྟོན»དུ་གསལ་བ་དྲངས་ན། ‘‘རྒྭ་ལོ་གཞོན་ནུ་དཔལ་འདི་མདོ་ཁམས་སུ་འཁྲུངས། རུས་རྒྭ་ཡིན་པ་རྒན་གཞོན་གཉིས་ཕྱིན་པས་རྒྭ་ཆེན་རྒྭ་ཆུང་དུ་གྲགས། རྒྱ་གར་དུ་སུ་མཁས་དྲིས་པས་ཙ་ནི་ཁོ་ན་མཁས་ཟེར་བས་རྒྱ་གར་དུ་ཡོང་ནས་བོད་གཅིག་གིས་གཅིག་ལ་ཉན་པ་མི་ཡོང་བསམས་ནས་གཞན་དྲིས་པས་ཨ་བྷྱ་ཀཱ་ར་དང་ཨོ་རྒྱན་གྱི་པཎྜི་ཏ་ཝཱ་གི་ཤཱ་ར་མཁས་ཟེར་ཏེ་དེ་གཉིས་ཀྱང་ཙ་མི་ལ་ཆོས་ཉན་ཞིང་འདུག་པས་སླར་ཙ་མི་དང་ཨ་བྷྱ་ལ་ཆོས་ཞུས། བདེ་མཆོག་གི་བསྙེན་པ་བྱས་པས་ཡི་དམ་གྱི་ལུང་བསྟན་བྱུང་ནས་སྤྱོད་པ་ལ་དུར་ཁྲོད་གསིལ་བ་ཚལ་དུ་ཕྱིན། དེར་ལས་མགོན་བྱ་རོག་མས་སྲོག་སྙིང་ཕུལ། བར་ཆད་མེད་པར་ལོག་པས་བླ་མ་གཉིས་ཀྱིས་ཀྱང་བཀུར་སྟི་མཛད། མ་ག་དྷའི་རྒྱལ་པོས་སྤྱན་དྲངས་སྐྱེ་བོའི་ཚོཊ་ས་གཞི་གང་བ་འདུས་ཏེ་མེ་ཏོག་གཏོར་བ་ལ་པུས་མོ་ནུབ་པ་ཙམ་བྱུང་སྟེ་སངས་རྒྱས་མྱ་ངན་ལས་འདས་རྗེས་ཆོས་སྨྲ་བ་ལ་མེ་ཏོག་གཏོར་བ་དེ་ལས་མང་བ་མ་བྱུང་བར་གྲགས། ཆོས་དུ་མ་བསྒྱུར་ཞིང་ཁྱད་པར་མགོན་པོ་བྱ་རོག་མ་སྤྱན་དྲངས་ཏེ་རྗེ་དུས་མཁྱེན། ཞང་རིན་པོ་ཆེ། ཁམས་པ་ཨ་སེང་གསུམ་ལ་གནང་ཞིང་ཁམས་པ་ཨ་སེང་ལ་དཔལ་ཕག་མོ་གྲུ་པས་གསན་ཏེ་མགོན་པོ་ཀུར་ལུགས་ཚལ་ལུགས་འབྲི་གདན་གྱི་ལུགས་རྣམས་བྱུང་ངོ་། །’’ [6] ཞེས་འབྱུང་ངོ་། །

 

རྒྭ་ལོ་གཞོན་ནུ་དཔལ་གྱི་རྣམ་ཐར་གྱི་ཟུར་རྒྱན།

 

རྒྭ་ལོ་གཞོན་ནུ་དཔལ་རྒྱ་གར་དུ་ཕེབས་སྐབས་དགུང་ལོ་སུམ་ཅུ་ཙམ་ཡིན་པ་ཁོང་གི་རྣམ་ཐར་དུ་འབྱུང་ཞིང་། ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་(1575-1634)གསུང་ན‘‘ཙ་མི་ལོ་ཙཱ་སངས་རྒྱས་གྲགས་རྒྱ་དཀར་དུ་ཕེབས་པའི་སྐབས་སུ་རྡོ་རྗེ་གདན་པ་ཕྱི་མ་ཨ་བྷ་ཡ་ཀ་ར་གུཔྟ་ཡི་གདུལ་བྱ་སྐྱོང་ནས་ཅུང་ཟད་ལོན་པའི་དུས་དང་། དཔལ་ཆེན་པོ་སྒ་ལོ་རྒྱ་དཀར་དུ་ཕེབས་སྐབས་ཁོང་གི་སྐུ་ཚེའམ་སྨད་ལ་ཐུག་པར་མངོན།’’[7]ཞེས་གསལ་ཞིང་། ཇོ་ནང་ཏཱ་ར་ནཱ་ཐའི(1575-1634)གསུང་ནའང‘‘རྡོ་རྗེ་གདན་ན་ཙ་མི་སངས་རྒྱས་གྲགས་པ་བཞུགས། རྒ་ལོའི་ལོ་རྒྱུས་དཀྱུས་མ་ལྟར་ན་ཁོང་རང་བོད་དུ་འབྱོན་ཁར་ཡང་ཨ་བྷ་ཡཱ་ཀ་ར་བཞུགས་རྒྱུ་བྱས་འདུག་ནའང་། དང་པོར་སློབ་དཔོན་ཨ་བྷ་ཡཱ་ཀ་ར་མཇལ་ནས། ཡུན་རིང་བསྟེན་ལོང་མ་བྱུང་བར་མངོན་ལ།’’[8]ཞེས་འབྱུང་བ་ལ་བརྟགས་ན། རྒྭ་ལོ་གཞོན་ནུ་དཔལ་རྒྱ་གར་དུ་ཕེབས་སྐབས་ཙ་མི་པཎ་ཆེན་དགུང་ལོ་བགྲེས་པོ་ཡོད་པ་དང་། ཁོང་གིས་བླ་མ་ཨ་བྷ་ཡཱ་ཀ་རའི་ཞབས་ལ་བསྟེན་ལོང་རིང་པོ་བྱུང་མེད་པ་སོགས་ཤེས་ནུས།

རྒྱ་གར་དུ་རྒྭ་ལོའི་མཛད་པ་འཕྲིན་ལས་རྒྱས་བཞིན་ཡོད་པའི་སྐབས་དེར་ཁོང་བོད་དུ་ཕྱིར་ཕེབས་དོན་ཅི་ཡིན་གསལ་པོ་མ་ཤེས་མོད། ‘‘ཁམས་སྡེ་དགེ་རྗོང་སར་བླ་མ་ལྷ་ཁང་དུ་བཞུགས་པའི་དཔེ་རྙིང’’དུ་བཞུགས་པའི‘‘རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་རྫོགས་རིམ་རྩ་དབུ་མའི་ཁྲིད་ཀྱི་ཆོས་ཉིད་དངོས་སྟོན་ཞེས་པའི་ཉམ་ལེན་ཉུང་བསྡུས།’’ཞེས་དབུ་མེད་ལག་བྲིས་མ་ཞིག་བཞུགས་པ་དེའི་ནང་དུ་རྒྭ་ལོ་གཞོན་ནུ་དཔལ‘‘དེར་མཚམས་དམ་པོ་ལ་ཡོད་དུས་བུག་སྒོར་གྲོགས་མཆེད་ཨཱ་ཙ་ར་གཅིག་འཕྲད་པར་འོངས། ཁོས་སྒ་ལོ་བོས་པས་ལན་མ་བྱུང་བར། ཁོ་རེ་ཁྱོད་ང་ལ་ལན་མི་ཟེར་འདུག་ཀྱང་ཕ་ཚད་ན་དུ་རུ་ཀའི་དམག་ཡོང་གིན་འདུག་གོ་ཞེས་བསྡིགས་རི་བཏང་བས་སྒ་ལོ་ཁོང་སྐྲག་པའི་རྐྱེན་གྱིས་ཁམས་འདུས་ཞུགས་ནས་སྨྱོ་བ་རྒྱ་གར་དུའང་མ་སེལ་བར་བོད་དུ་ཨཱ་ཙ་ར་བཞི་བསྐྱེལ་དུ་བཏང་སྟེ་ས་ཆེན་ཀུན་དགའ་སྙིང་པོས་གེགས་སེལ་མཛད་པའི་གཏམ་རྒྱུད་ཡོད་དོ།།’’[9]ཞེས་བླ་མ་རྒྭ་ལོར་ཁམས་འདུས་ཞུགས་པའི་རྐྱེན་གྱིས་བོད་དུ་ཕེབས་དགོས་ཚུལ་གྱི་ལོ་རྒྱུས་གསལ་ཞིང་། ལོ་རྒྱུས་འདི་ཡིག་ཆ་གཞན་དུའང་གསལ་མོད་མང་དུ་སྤྲོས་ནས་ཅི་བྱ་སྟེ།  འབྲུག་པ་པདྨ་དཀར་པོས(1527- 1592) ‘‘རྒ་ལོ་ལ་སྙིང་རླུང་བྱུང་ནས་བོད་དུ་བྱོན་པ་ས་ཆེན་གྱིས་བསལ་ཟེར་བ་གཉིས་ཀ་སྔོན་གྱི་ཡི་གེ་ཁུངས་མ་ལ་མི་སྣང༌། ཕྱིས་བྲིས་པར་འདུག་པས་མི་བདེན་ནོ། །’’[10]ཞེས་གསུངས་ཤིང་།  གསུང་དུམ་འདི་ལ་རྐྱེན་བྱས་ཏེ‘‘དཔལ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོའི་རྣམ་ཐར’’(1092- 1158) བཀླགས་མོད་ལོ་རྒྱུས་དེ་ལྟ་བུ་ཞིག་མ་མཐོང་ངོ་། །

དུས་རབས་བཅུ་གཉིས་པའི་ནང་བྱོན་པའི་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོའི་གསུང་དུ(1143-1217)‘‘དུས་ཕྱིས་མདོ་སྨད་ཀྱི་ཁམས་སུ་འཁྲུངས་པའི་བླ་མ་རྒ་ལོ་ཙཱ་བ་ཆེན་པོ་དེ། བརྩོན་འགྲུས་ཆེན་པོས་རྒྱུད་བསྐུལ་ནས། ཡོན་ཏན་རིན་པོ་ཆེའི་དོན་དུ་རྒྱ་གར་དུ་བྱོན་ནས། བླ་མ་རྩ་མི་ལ་གདམས་ངག་ཞུས། ཨབྷྱ་ལ་དཔལ་འཁོར་ལོ་སྡོམ་པའི་གདམས་ངག་ཞུས་ནས་ཀོ་ས་ལ་ཀྲ་མའི་གཙུག་ལག་ཁང་གི་ནང་དུ་སྒྲུབ་པ་ལོ་བདུན་མཛད། གྲུབ་པ་ཐོབ་ནས་ཏིང་ངེ་འཛིན་གྱི་རྩལ་སྦྱོང་བའི་དོན་དུ། དུར་ཁྲོད་བསིལ་བ་ཚལ་དུ་བྱོན་ནས་ཆོས་སྐྱོང་འདི་ཞལ་གཟིགས་གཏོར་མ་བྱིན། ཤིང་གླང་མའི་མེ་ཏོག་གི་ཕྲེང་བ་ཞིག་ཕུལ་ནས། ཧཱུྃ། དུར་ཁྲོད་ཆེན་པོ་བསིལ་བ་ཚལ། ། ཞེས་པའི་བསྟོད་པ་དེ་དེར་མཛད། དེ་ནས་ཆོས་སྐྱོང་ལུས་དང་གྲིབ་མ་བཞིན་དུ་ཕྱིར་འབྲངས་ནས། བོད་དུ་བྱོན་པ་ལ་ཆོས་རྗེ་ཕག་མོ་གྲུ་པས་ཞུས་སོ། ། དེ་ནི་ངེས་ཤེས་བསྐྱེད་པའི་ལོ་རྒྱུས་སོ།།’’[11] ཞེས་གསལ་བ་དང་། མགོན་པོ་ཕྱག་བཞི་པ་བོད་དུ་གདན་འདྲེན་མཁན་ནི་རྒྭ་ལོ་གཞོན་ནུ་དཔལ་ཡིན་ཞིང་། ཁོང་གིས་ཕག་མོ་གྲུ་བར(1110-1170)མགོན་པོ་ཕྱག་བཞི་པའི་སྒྲུབ་ཐབས་ཀྱི་སྐོར་ལའང་ཞུས་ལན་མཛད་ཡོད་ཅིང་། རྒྭ་ལོའི་གསུང་རྩོམ་སྐོར་གཤམ་དུ་ཞུ་རྩིས་ཡོད།

འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས(1813-1899)ཀྱིས་སྦྱོར་དྲུག་གི་སྐོར་གསུང་སྐབས་སུའང་རྒྭ་ལོ་གཞོན་ནུ་དཔལ་གྱི་སྐོར་ཅུང་ཙམ་གསལ་བ་འདིར་དྲངས་ན། ‘‘ལོ་ཙཱ་བ་ཆེན་པོ་གྱི་ཇོ་ཟླ་བའི་འོད་ཟེར་གྱི་སྦྱོར་དྲུག་གི་མན་ངག ། སྦྱོར་དྲུག་གི་སྒོས་ཀྱི་རྒྱུད་ཆུང་འགྲེལ་པ་དང་བཅས་པ་དང༌། ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་ཀྱི་ལུགས་ཀྱི་སྦྱོར་དྲུག་དང༌། ཁྲོམ་ལོ་ཙཱ་བ་པདྨ་འོད་ཟེར་གྱི་སྦྱོར་དྲུག་དང༌། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བླ་མ་ནག་པོ་མངོན་ཤེས་ཅན་ལ་གསན་པའི་སྦྱོར་དྲུག་དང༌། ཁ་ཆེ་པཎ་ཆེན་ཟླ་བ་མགོན་པོ་ནས་བརྒྱུད་པའི་སྦྱོར་དྲུག་ལ་འབྲོ་ལུགས་སུ་གྲགས་པའི་སྦྱོར་དྲུག་དང༌། རྭ་ལོ་ཙཱ་ཆོས་རབ་ཀྱིས་པཎྜི་ཏ་ས་མནྟ་ཤྲིའ་ལ་གསན་པའི་སྦྱོར་དྲུག་དང༌། ཙ་མི་ལོ་ཙཱ་བ་སངས་རྒྱས་གྲགས་ཀྱིས་མཛད་པའི་སྦྱོར་ཕྲེང་གི་ལུགས། སེ་ལོ་དང་གཉོས་སྟོན་འོད་མ་ནས་བརྒྱུད་པ་འདི་ལ་ཙ་མི་ལུགས་རང་དུ་གྲགས་པ་དང༌། རས་ཆུང་རྡོ་རྗེ་གྲགས་པས་ཨ་མོ་གྷ་བཛྲ་ལ་གསན་པའི་སྦྱོར་དྲུག་དང༌། ཙ་མི་ནས་བརྒྱུད་པ་ཡིན་ཡང་སྦྱོར་ཕྲེང་ལུགས་དང་མི་གཅིག་པ་དཔལ་ཆེན་རྒྭ་ལོ་ནས་བརྒྱུད་པ་ལུགས་གསུམ་སྟེ། རྒྭ་ལོས་དུས་འཁོར་རང་ལུགས་ཀྱི་སྦྱོར་དྲུག་ཞང་ཚལ་པ་སོགས་ལ་གནང་བ་དང༌། མ་རྒྱུད་ཀྱཻའི་རྡོ་རྗེའི་སྦྱོར་དྲུག་བླ་མ་ས་སྐྱ་པ་ཆེན་པོ་ལ་གནང་བ་དང༌། ཕ་རྒྱུད་གསང་བ་འདུས་པའི་སྦྱོར་དྲུག་དགེ་བཤེས་སྐྱུ་ར་ཨ་སྐྱབས་ལ་གནང་བ་དང་གསུམ་མོ། །རྒྭ་ལོས་ཙ་མི་ལ་གསན་པ་ཡིན་ཡང༌། སྦྱོར་ཕྲེང་གི་ལུགས་དང་རྒྭ་ལོ་ལུགས་གཉིས་གདམས་ངག་སྟོན་ཚུལ་མི་འདྲ་བ་ཆེར་ཡོད་པས་ལུགས་སོ་སོར་བགྲང་ངོ་། ༌།’’[12]ཞེས་པ་ལྟ་བུ་སྔ་རབས་ཀྱི་ཡིག་ཆ་རྣམས་ཀྱི་ཁྲོད་དུ་མཇལ་རྒྱུ་ཡོད་མོད་ཞིབ་བརྩད་བྱས་མེད། འོན་ཀྱང་འདི་དག་གིས་མཚོན་པའི་རྣམ་ཐར་ཐོར་བུ་ཁག་གུང་བསྒྲིགས་ན་རྒྭ་ལོ་གཞོན་ནུ་དཔལ་གྱི་རྣམ་ཐར་ཇེ་གསལ་དུ་འགྲོ་བ་སྨོས་མ་དགོས།

གཞན་ཡང་། ཕག་མོ་གྲུབ་པ་རྡོ་རྗེ་རྒྱལ་པོའི་རྣམ་ཐར་དང་།  བླ་མ་ཞང་བརྩོན་འགྲུས་གྲགས་པའི་རྣམ་ཐར་ལྟ་བུ་དག་ནའང་རྒྭ་ལོ་གཞོན་ནུ་དཔལ་གྱི་སྐོར་འབྱུང་ཞིང་། གཙོ་བོ་སློབ་མ་དེ་དག་གིས་བླ་མ་རྒྭ་ལོའི་མདུན་ནས་འཆད་ཉན་དང་གདམ་ངག་ཞུ་སྐབས་ཀྱི་ལོ་རྒྱུས་བཤད་སྐབས་ཐོར་རེ་བ་འབྱུང་བ་ཙམ་མོ། །

 

རྒྭ་ལོ་གཞོན་ནུ་དཔལ་གྱི་གསུང་རྩོམ།

 

ནང་བསྟན་དཔེ་ཚོགས་ལྟེ་གནས་ཞེས་པའི་དཔེ་མཛོད་ཁང་དེའི་དཀར་ཆག་ཏུ་རྒྭ་ལོ་གཞོན་ནུ་དཔལ་ལ་གསུང་རྩོམ་གང་དག་ཡོད་མེད་བཙལ་སྐབས། ‘‘དཔལ་མགོན་པོ་བྱ་རོག་མའི་བསྐངས་ཀྱི་ཆོ་གའི་རིམ་པ།’’ཞེས་པ་དང་། ‘‘དཔལ་ནག་པོ་ཆེན་པོའི་དངོས་གྲུབ་དང་བསྲུང་བ་དང་བཟློག་པའི་སྒྲུབ་ཐབས།’’གཉིས་འཁོད་འདུག བསྟན་བཅོས་དང་པོའི་མཛད་བྱང་དུ‘‘དཔལ་མགོན་པོའི་བྱ་རོག་མའི་བསྐབས་ཀྱི་ཆོ་གའི་རིམ་པ། བླ་མ་ཨ་བྷ་ཡ་ཀཱ་རས། དཔལ་ནཱ་ལེནྟྲའི་གཙུག་ལག་ཁང་དུ། རྡོ་སྐུ་རང་བྱུང་གི་རྩར་མཛད་པའོ། ། ཕྱིས་བླ་མ་ཆེན་པོ་དཔལ་རྒ་ལོས་རང་འགྱུར་མཛད་པའོ། །’’[13]ཞེས་གསལ་ཞིང་། ཤོག་གྲངས་བརྒྱད་བཞུགས། བསྟན་བཅོས་གཉིས་པའི་མཇུག་ཏུ‘‘དཔལ་རྒ་ལོས། ཕག་མོ་གྲུབ་པ་ལ། གསུངས་པ་འདི་ནི་ཤིན་ཏུ་གཉན་པས་དམ་ཚིག་མེད་པ་ལ་མི་བསྟན། གང་རུང་རུང་དུ་མི་བྱའོ། །’’[14]ཞེས་འབྱུང་ཞིང་། དེ་ལ་ཤོག་གྲངས་གསུམ་བཞུགས་སོ། །

དེ་ནས«དུས་འཁོར་ཕྱོགས་བསྒྲིགས་ཆེན་མོ»ཞེས་པའི་དཔེ་ཚོགས་དེའི་གླེགས་བམ་བཅུ་གཉིས་པའི་ནང་། ‘‘དཔལ་རྒ་ལོའི་སྦྱོར་དྲུག་བཞུགས་སོ’’ཞེས་པའི་དབུ་མེད་བྲིས་མའི་བསྟན་བཅོས་དེ་ལ་ཤོག་ལྡེབ་དགུ་བཞུགས། ‘‘སྦྱོར་བ་ཡན་ལག་དྲུག་པ་དཔལ་ཆེན་དགའ་ལོའི་ལུགས་བཞུགས་སོ’’ཞེས་པའི་དབུ་མེད་བྲིས་མ་ཤོག་ལྡེབ་དགུ་ཅན་ཞིག་ཀྱང་བཞུགས་མོད་དེ་ལ་མཛད་བྱང་མི་བཞུགས། ཡང་། ‘‘སློབ་མ་རྟག་པ་དང་སྦྱོར་དྲུག་གི་མན་ངག་བཞུགས་སོ། ། དཔལ་ཆེན་རྒྭ་ལོའི་མན་ངག་མཐར་ཐུག་པ’’ཞེས་པའི་བསྟན་བཅོས་དབུ་ཅན་མ་དེར་ཤོག་ལྡེབ་བཞི་བཞུགས། ‘‘དུས་འཁོར་རྫོགས་རིམ་སྦྱོར་དྲུག་བཞུགས་སོ’’ཞེས་པའི་དབུ་མེད་ཅན་གྱི་བསྟན་བཅོས་ལ་ཤོག་ལྡེབ་གཅིག་བཞུགས་པ་མཇལ་བྱུང་། འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོའི་གསུང་རྩོམ་གྱི་ཁྲོད་ན‘‘དཔལ་རྒ་ལོས་མཛད་པའི་འཁོར་ལོ་སྡོམ་པ་ལྷན་སྐྱེས་སྒྲུབ་ཐབས་ཀྱི་མཆན་འགྲེལ’’ཞེས་བྱ་བ་ཞིག་བཞུགས་པར་བསམས་ན། རྒྭ་ལོ་གཞོན་ནུ་དཔལ་གྱིས‘‘འཁོར་ལོ་སྡོམ་པ་ལྷན་སྐྱེས་སྒྲུབ་ཐབས’’ཞེས་པའི་བསྟན་བཅོས་ཤིག་ཀྱང་མཛད་ཡོད་པར་སྙམ།

 

བསྟན་བཅོས་སྒྱུར་མཁན་གྱི་མཚན་ནོར་བ།

 

«གངས་ཅན་མཁས་དབང་རིམ་བྱོན་གྱི་མིང་མཛོད»དུ‘‘ཁོང་གི་བསྒྱུར་རྩོམ་ནི«བསྟན་འགྱུར»ལས  «དཔལ་རི་ཁྲོད་ཞབས་ཀྱི་བསྟོད་པ»དང་། «དབང་མདོར་བསྟན་པའི་མདོར་བཤད།» «དཔྱིད་ཀྱི་ཐིག་ལེའི་རྒྱ་ཆེར་འགྲེལ་བ།» «ལྷ་བཅུ་གསུམ་གྱི་བདག་ཉིད་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག» «གཏུམ་ཆེན་དྲག་པོའི་མངོན་པར་རྟོགས་པ།» «མི་གཡོ་བའི་མངོན་པར་རྟོགས་པ་རབ་ཏུ་དགའ་བར་མངོན་པར་བརྗོད་པ།» «རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་ཆེན་པོའི་འགྲེལ་བཤད་ཀྱི་སྨད་དུམ།» «བླ་མ་ལྔ་བཅུ་པའི་དཀའ་འགྲེལ»བཅས་བཞུགས་སོ། །’’[15]ཞེས་འབྱུང་མོད། བསྟན་བཅོས་འདི་དག་མཛད་མཁན་ནི་རྒྭ་ལོ་གཞོན་ནུ་དཔལ་མ་ཡིན་ནོ། །

དེས་ན། ཚེགས་ལ་མ་འཛེམས་པར་འདིར་བསྟན་བཅོས་འདི་དག་གི་འགྱུར་བྱང་ཆ་ཚང་དྲངས་ནས་གསལ་བཤད་བྱས་ན་འདི་ལྟར། «དཔལ་རི་ཁྲོད་ཞབས་ཀྱི་བསྟོད་པ»ཞེས་པའི་འགྱུར་བྱང་དུ‘‘མཁས་པ་ཆེན་པོ་དཔལ་ནགས་ཀྱི་རིན་ཆེན་གྱིས་མཛད་པ་རྗེ་བཙུན་དམ་པ་དེ་ཉིད་ཀྱི་སྤྱན་སྔར་ཆོས་སྨྲ་བ་གཞོན་ནུ་དཔལ་གྱིས་དིང་རིར་བསྒྱུར་བའོ། །’’[16]ཞེས་འབྱུང་བ་དང་། «དབང་མདོར་བསྟན་པའི་མདོར་བཤད»ཀྱི་འགྱུར་བྱང་དུ‘‘རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་གནས་བརྟན་བྱང་ཆུབ་སེམས་དཔའ་ནགས་ཀྱི་རིན་ཆེན་གྱི་ཞལ་སྔ་ནས་དང་། ལོ་ཙྪ་བའི་ཆ་ཤས་སུ་གྱུར་པ་གཞོན་ནུ་དཔལ་གྱིས། ཆོས་འཁོར་དཔལ་བསམ་ཡས་ཀྱི་དབེན་གནས་མཆིམས་ཕུའི་གནས་སུ་བསྒྱུར་བའོ། །’’[17]ཞེས་འབྱུང་། «དཔྱིད་ཀྱི་ཐིག་ལེའི་རྒྱ་ཆེར་འགྲེལ་བ»ཞེས་པའི་འགྱུར་བྱང་དུ‘‘ས་སྐྱོང་འཛིན་མའི་ཐིག་ལེའི་གཙུག་རྒྱན་ནགས་ནང་དུ། །འཕགས་ཡུལ་མཁས་པའི་དཔྱིད་ཀྱི་རིན་ཆེན་རབ་དགོད་པ། ། དེ་ཚེ་དཔྱིད་ཀྱི་ཐིག་ལེའི་རྒྱས་འགྲེལ་མེ་ཏོག་གི། །རྫོགས་པའི་སྦྲང་རྩི་བུང་བ་གཞོན་ནུས་འཐུངས་པའོ། ། རྒྱ་གར་ཤར་ཕྱོགས་ཀྱི་མཁས་པ་ཆེན་པོ་ནགས་ཀྱི་རིན་ཆེན་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་རྣམ་འབྱོར་མའི་ཞབས་ཀྱི་ཐིག་ལེ་ལ་ཡང་དག་པར་རེག་པས། དཔལ་ཧེ་རུ་ཀའི་དཔྱིད་ཀྱི་དགའ་བ་ཡང་དག་པར་ཐོབ་པ་དེ་ལ། ཆོས་ཀྱི་རྒྱལ་པོ་གྲགས་པ་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་མཛོད་མཐའ་དག་གཟིགས་པའི་སྤྱན་དང་ལྡན་པ་དེས་གསོལ་བ་བཏབ་ནས། དེའི་བཀའ་ལུང་དང་། གྲུབ་པའི་སྐྱེས་བུ་ཞང་གི་རིང་ལུགས་པ་ཆེན་པོ་བསོད་ནམས་རིན་ཆེན་གྱིས་བསྐུལ་ནས། པཎྜི་ཏ་ཆེན་པོ་དེ་ཉིད་དང་། གཞོན་ནུ་དཔལ་གྱིས་རྒྱལ་པོའི་ཕོ་བྲང་སྣེའུ་གདོང་དུ་བསྒྱུར་ཅིང་ཞུས་པའོ། །’’[18]ཞེས་འབྱུང་། «ལྷ་བཅུ་གསུམ་གྱི་བདག་ཉིད་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག»ཞེས་གྲགས་པའི་བསྟན་བཅོས་འདི«བསྟན་འགྱུར»ཁྲོད་དུ་བཞུགས་པ་མ་མཐོང་མོད། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན(1697-1774)གྱི་གསུང་ན‘‘ལྷ་བཅུ་གསུམ་གྱི་བདག་ཉིད་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་དཔལ་བ་ན་རཏྣས་མཛད་པ། ལོ་ཙཱ་བ་ཆེན་པོ་གཞོན་ནུ་དཔལ་གྱིས་ལེགས་པར་བསྒྱུར་ཅིང་གཏན་ལ་ཕབ་པ’’[19]ཞེས་འབྱུང་བར་བརྟགས་ན། བསྟན་བཅོས་འདི་བོད་སྐད་དུ་སྒྱུར་མཁན་ཡང་ལོ་ཙཱ་བ་གཞོན་ནུ་དཔལ་ཡིན་པ་རྟོགས་ནུས་སོ། །

གཞན་ཡང་། «གཏུམ་ཆེན་དྲག་པོའི་མངོན་པར་རྟོགས་པ»ཞེས་པའི་བསྟན་བཅོས་ཀྱི་འགྱུར་བྱང་དུ‘‘པཎྜི་ཏ་བདེ་བ་ཆེན་པོའི་རྡོ་རྗེས་བསྒྲིགས་པའོ། །ཤཱཀྱའི་དགེ་སློང་གཞོན་ནུ་དཔལ་གྱིས་བསྒྱུར།’’[20]ཞེས་འབྱུང་བ་དང་། «མི་གཡོ་བའི་མངོན་པར་རྟོགས་པ་རབ་ཏུ་དགའ་བར་མངོན་པར་བརྗོད་པ»ཞེས་གྲགས་པ་དེའི་འགྱུར་བྱང་དུ‘‘སློབ་དཔོན་དཔལ་ནགས་ཀྱི་རིན་ཆེན་གྱི་ཞལ་སྔ་ནས་མཛད་པའོ། ། འདི་ནི་ལྷོ་ཕྱོགས་ཀྱི་སའི་ཐིག་ལེར་བློ་གྲོས་ཆེན་པོ་ཅན། དཔལ་ཨ་མོ་གྷ་སིདྡྷི་ཞེས་བྱ་བས། དཔལ་ཀུན་དུ་བཟང་པོའི་ནགས་ཀྱི་གྲུབ་པའི་རིང་ལུགས་པ་ཆེན་པོ་ཟབ་པ་དང་རྒྱ་ཆེ་བའི་གཞུང་ལུགས་ཐམས་ཅད་པ་ཨ་ནནྡ་སཱ་དྷཱ༘འི་ཞབས་ཀྱི་དྲུང་དུ་གསོལ་བ་བཏབ་སྟེ། དེ་ཉིད་ཀྱིས་ཇའི་གནང་སྦྱིན་བཟང་པོ་དང་བཅས་པའི་བཀའ་གནང་བ་ལས། ལེགས་པར་སྦྱར་བའི་ཆ་ཤས་རིག་པ་ཆོས་སྨྲ་བའི་དགེ་སློང་གཞོན་ནུ་དཔལ་གྱིས་བསྒྱུར་བའོ།།’’[21]ཞེས་འབྱུང་། «རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་ཆེན་པོའི་འགྲེལ་བཤད་ཀྱི་སྨད་དུམ»ཞེས་པ་འདི«བསྟན་འགྱུར»ཁྲོད་དུ་མི་སྣང་མོད། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་གསུང་ན‘‘རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་ཆེན་པོའི་འགྲེལ་བཤད་ཀྱི་སྨད་དུམ་སློབ་དཔོན་སངས་རྒྱས་གསང་བས་ཕྱིན་ཅི་མ་ལོག་པར་མཛད་པ། དཔལ་སྣར་ཐང་གི་གཙུག་ལག་ཁང་དུ་བསྟན་བཅོས་བོད་ཀྱི་ཡུལ་དུ་འགྱུར་བ་ཇི་སྙེད་པ་བསྡུས་པའི་ཚེ་འགྲེལ་པ་འདིའི་དཔེ་ཕྱི་མོ་མ་དག་ཅིང་གོང་འོག་འཁྲུགས་ལ་བར་བར་ནས་ཅུང་ཟད་མ་ཚང་བ་ལ་བརྟེན་པས་བསྟན་འགྱུར་ཐམས་ཅད་དུ་མ་དག་པ་བརྒྱུད་པ་དང༌། སྐད་གསར་ཆད་ཀྱིས་གཏན་ལ་མ་ཕབ་པའི་འགྱུར་ཡང་མི་བདེ་བ་ཞིག་སྣང་བས། སྐད་གཉིས་སྨྲ་བའི་དབང་པོ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་བའི་རྒྱུད་ཀྱི་ཚིག་དང་བསྟུན་ཏེ་སྐད་གསར་བཅད་དང་མཐུན་པར་བཅོས་པ་འདི་ནི་ཡུལ་དབུས་ཀྱི་ལོ་ཙཱ་བ་གཞོན་ནུ་དཔལ་ཞེས་བྱ་བས་དཔལ་རྩེ་ཐང་གི་གཙུག་ལག་ཁང་དུ་བྲིས་པ་ཞེས་པའི་མཐའ་ཅན། ’’[22]ཞེས་འབྱུང་ངོ་། ། «བླ་མ་ལྔ་བཅུ་པའི་དཀའ་འགྲེལ»གྱི་འགྱུར་བྱང་དུ‘‘བླ་མ་ལྔ་བཅུ་པའི་དཀའ་འགྲེལ་འདི་ནི་རྫོགས་སོ། ། རྒྱ་གར་ཤར་ཕྱོགས་ཀྱི་མཁས་པ་ཆེན་པོ་དཔལ་ནགས་ཀྱི་རིན་ཆེན་གྱི་བཀའ་དྲིན་ལས་ལེགས་པར་སྦྱར་བའི་སྐད་ཀྱི་ཆ་ཤས་རིག་པ་གཞོན་ནུ་དཔལ་གྱིས་དཔལ་ལྡན་བླ་མ་དམ་པའི་དབེན་གནས་ལྷ་ཁང་སྟེང་དུ་བསྒྱུར་བའོ། །’’[23]ཞེས་འབྱུང་བ་ལགས་སོ། །

འདིར་ཞུ་དགོས་པའི་དོན་གྱི་གཙོ་བོ་ནི་གོང་དུ་དྲངས་པའི་བསྟན་བཅོས་ཁག་གི་འགྱུར་བྱང་དུ་གསལ་བའི་གཞོན་ནུ་དཔལ་ནི་རྒྭ་ལོ་གཞོན་ནུ་དཔལ་མ་ཡིན་ནོ། ། སྐབས་འདིའི་གཞོན་ནུ་དཔལ་ནི་འགོས་ལོ་ཙཱ་བ་གཞོན་ནུ་དཔལ(1392-1481)ཡིན་ཅིང་། རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན་ནི་ཁོང་གི་བླ་མ་ཡིན་པ་རེད། ཁོང་གིས་བསྟན་བཅོས་འགའ་ཞིག་ནི་པཎྜི་ཏ་ཆེན་པོ་དེ་ལོ་ལྔ་ཙམ་རིང་བསྟེན་སྐབས་བསྒྱུར་པ་ཞོར་ནས་ཤེས་ཐུབ། མཁས་པ་འགོས་ལོ་གཞོན་ནུ་དཔལ་གྱི་རྣམ་ཐར་ཁག་ཏུ་དམ་པ་འདིར«དེབ་ཐེར་སྔོན་པོ»གཙོས་པའི་གསུང་རྩོམ་པོད་བཅུ་བཞུགས་པར་གྲགས་ཀྱང་། དུས་དབང་གིས་དཀོན་པར་གྱུར་ཚུལ་སོགས་གསལ་མོད། དོན་དངོས་སུ་ཁོང་གི་འགྱུར་རྩོམ་སྐོར་ཞིག་ནི་བསྟན་འགྱུར་ཁྲོད་དུ་གཟིམས་འདུག་པ་འདི་རེད།

 

ཁམས་པ་སྒ་ལོའི་སྐོར་གྱི་ཡིག་ཆ།

 

ཁམས་པ་སྒ་ལོའི་སྐོར་དེ་རོང་པ་རྒྭ་ལོའི་སྐོར་བཤད་སྐབས་འབྱུང་ཞིང་།  འདིར་དཔེ་མཚོན་འགའ་དྲངས་ན། «རྗེ་བཙུན་རྒ་ལོའི་གདུང་རབས་དང་རྣམ་ཐར་གསོལ་འདེབས་འགྲེལ་པ་དང་བཅས་པ»ཞེས་པའི་དབུ་ཅན་བྲིས་མ་ཞིག་ཡོད་པ་དེའི་ནང་‘‘དེའི་སྲས་རྗེ་བཙུན་རྒ་ལོ་ནི། ཡབ་ཀྱི་མཚན་ལྟས་ལ་བརྟེན་ནས། སྔོན་གྱི་ཁམས་པ་རྒ་ལོ་ཚཱའི་སྐྱེ་ངར་དགོངས་ནས། མཚན་དུའང་དེ་ཉིད་བརྟགས’’[24]ཞེས་འབྱུང་ཞིང་། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན(1405- ?)གྱི་གསུང་ནའང‘‘དེའི་སྲས་རྗེ་བཙུན་རྒ་ལོ་ཡིན་ཏེ། མཚོན་ལྡན་ལ་རྟེན་ནས་སྔོན་གྱི་ཁམས་པ་རྒ་ལོའི་སྐྱེ་བར་ཡབ་ཀྱིས་དགོངས་ནས་མཚན་དུའང་དེ་ཀ་བཏགས།’’[25]ཞེས་འབྱུང་བ་དང་། རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས(1617-1685)མཛད་པའི‘‘དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་རོ་ལངས་བརྒྱད་སྐོར་ལྷ་དགུ་པ་རྭ་ལུགས་ཀྱི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་ནོས་པའི་ལུང་བརྒྱུད’’ན‘‘རྭ་ཆེན་ལོ་ཙཱ་བ་རྡོ་རྗེ་གྲགས། རྭ་ལོ་ཙཱ་བ་ཆོས་རབ། རྭ་ཡེ་ཤེས་སེང་གེ། རྭ་འབུམ་སེང་། རོང་པ་རྒ་ལོ་རྣམ་རྒྱལ་རྡོ་རྗེ། ཁམས་པ་རྒ་ལོའི་སྐྱེ་བར་གྲགས་པས་དེ་ལྟར་ཐོགས།’’[26]ཞེས་འབྱུང་བ་ལྟར་རོ། །

དེས་ན་གོང་གི་གསུང་དུམ་འདི་དག་ལས་རོང་པ་རྒྭ་ལོ་ནི་ཁམས་པ་སྒ་ལོའི་ཡང་སྲིད་ཡིན་པའི་ངེས་པ་སྟེར་མོད། ཁོང་གི་ལོ་རྒྱུས་ཞིབ་ཏུ་བཙལ་སྐབས། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས(1523-1596)མཛད་པའི་བསྟན་རྩིས་ན‘‘སུམ་སྟོང་སུམ་བརྒྱ་དང་སོ་ལྔ་འདས་པའི་སོ་དྲུག་པ་ཆུ་མོ་ཕག་ལ་རོང་པ་སྒ་ལོ་བྱོན། ཁམས་པ་སྒ་ལོའི་སྐྱེ་བར་བཟུང་བས་རྒ་ལོ་ཟེར། ཁམས་པ་རྒ་ལོ་ནི་ས་ཆེན་དང་ཕར་སློབ་ཚུར་སློབ་ཡིན།’’[27]ཞེས་མཐོང་། དེ་ལྟར་ན། ཁམས་པ་སྒ་ལོ་ནི་ས་ཆེན་དང་ཆོས་ཕར་ཞུ་ཚུར་ཞུ་ཡིན་པ་དང་། ཕལ་ཆེར་དུས་རབས་གཅིག་གི་མི་ཡིན་པ་ཤེས་ཐུབ་ནའང་། ས་ཆེན་ཀུན་དགའ་སྙིང་པོའི(1092- 1158)རྣམ་ཐར་ཁག་ཏུ‘‘ཕར་སློབ་ཚུར་སློབ’’ཀྱི་ལོ་རྒྱུས་མཇལ་དུ་མེད་ཅིང་། ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དྲྭ་རྒྱ་ན་ཁམས་པ་སྒ་ལོའི་བླ་མ་རྒྱ་གར་གྱི་མཁས་པ་བེེ་རོ་ཙ་ན་ཞེས་གྲགས་པ་དེ་ཡིན་པར་བཤད་འདུག་པས། འབྲི་གུང་བཀའ་བརྒྱུད་ཆོས་མཛོད་ཆེན་མོའི‘‘མཛད་པ་རྣམ་ཐར’’གྱི་སྐོར་ནང་བཞུགས་པའི«བླ་མ་བེེ་རོའི་རྣམ་ཐར»ཕར་སློག་ཚུར་སློག་བྱས་མོད་ཁམས་པ་སྒ་ལོའི་རྣམ་ཐར་རྙེད་སོན་མ་བྱུང་།

‘རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་རྫོགས་རིམ་རྩ་དབུ་མའི་ཁྲིད་ཀྱི་ཆོས་ཉིད་དངོས་སྟོན་ཞེས་པའི་ཉམ་ལེན་ཉུང་བསྡུས’’སུ‘‘སྔོན་བྱུང་ཁམས་པ་སྒ་ལོ་རྒྱ་གར་རྡོ་རྗེ་གདན་དུ་བྱོན་པས་རྩྭ་མི་ལོ་ཙཱ་དང་མཇལ་ཞིང་ཁོང་གཉིས་པོ་འཁྲུངས་ས་ཁམས་པར་སོང་བ་དང་༌།’’[28]ཞེས་རྒྭ་ལོ་གཞོན་ནུ་དཔལ་དེ་ཁམས་པ་སྒ་ལོར་འཁྲུལ་འདུག

ཡང་གཅིག་བཤད་ན། ཁམས་པ་སྒ་ལོ་ནི་ས་ཆེན་དང་ཆོས་ཕར་ཞུ་ཚུར་ཞུ་ཡིན་ཚེ། ཁོང་ནི་དུས་རབས་བཅུ་གཅིག་པའི་འཁྲུངས་པ་ཡིན་ནོ། ། འདི་ཙམ་ལས་ལོ་རྒྱུས་གཞན་མ་ཐོབ།

 

ཁམས་པ་སྒ་ལོའི་གསུང་རྩོམ་གྱི་གྲས་སུ་བཞག་པ་ནོར་བ།

 

ནང་བསྟན་དཔེ་ཚོགས་ལྟེ་གནས་ཞེས་པའི་དཔེ་མཛོད་ཁང་དེའི་དཀར་ཆག་ཏུ་ཁམས་པ་སྒ་ལོའི་འབྲེལ་ཡོད་ཀྱི་བརྩམས་ཆོས་ཀྱི་ཁོངས་སུ‘‘སྒ་ལོ་ཙཱ་བས་འགྲོ་མགོན་ཕག་མོ་གྲུ་པ་ལ་གནང་བའི་ཞལ་གདམས་ཐུན་མོང་མ་ཡིན་པ།’’ཞེས་པ་དང་། ‘‘ནག་པོ་ཆེན་པོའི་བསྟོད་པ།’’ ‘‘རང་བྱིན་གྱིས་རླབས་པའི་རིམ་པའི་མན་ངག་གི་བསྡུས་དོན།’’ ‘‘གསང་སྒྲུབ་རིན་ཆེན་གཏེར་མཛོད།’’བཅས་འཁོད་འདུག་མོད། བསྟན་བཅོས་འདི་དག་བམ་ཀློག་ཅིག་བྱེད་སྐབས། ‘‘སྒ་ལོ་ཙཱ་བས་འགྲོ་མགོན་ཕག་མོ་གྲུ་པ་ལ་གནང་བའི་ཞལ་གདམས་ཐུན་མོང་མ་ཡིན་པ།’’ཞེས་པའི་མཇུག་བྱང་དུ‘‘ཤིན་ཏུ་ཟབ་པའི་མན་ངག ནག་པོ་སྲོག་ཏིག་སྔགས་ཀྱི་དག་ཡིག བླ་མ་རྩ་མའི་ཞལ་གདམས་ལས། དཔལ་རྒ་ལོས་ཅུང་ཟད་རྒྱས་པར་མཛད་པའོ། ། འདི་བསྟན་ན་ཡེ་ཤེས་མགོན་པོ་ཡང་སྙིང་ཐག་རིང་དུ་འགྲོ་བ་ཡིན་གསུང་བས། གསང་ཞིང་སྦ་བར་བྱ་བ་ཤིན་ཏུ་གལ་ཆེའོ། ། བླ་མ་ཆེན་པོས་དཔལ་རྒ་ལོས་སྦར་མ་གནང་བ་འདི། ཕྱིས་ཡེ་ཤེས་མགོན་པོ་བླ་མ་ཞལ་འཚལ་བ་ལ། ཁྱོད་ལ་ད་དུང་བླ་མས་གསང་སྔགས་མ་གནང་ཅེས་གསུང་། དེ་ནས་ཞུས་པས་གནང་བ་ཡིན་གསུང་།’’[29]ཞེས་འབྱུང་བ་དང་། ‘‘ནག་པོ་ཆེན་པོའི་བསྟོད་པ།’’ཞེས་པ་དེའི་མཇུག་བྱང་ནའང‘‘དུར་ཁྲོད་ཆེན་པོའི་བསིལ་བའི་ཚལ་དུ། བླ་མ་དཔལ་སྒ་ལོས་ནག་པོ་ཆེན་པོ་བྱ་རོག་གདོང་བ་ཅན་གཟིགས་པའི་དུས་སུ་མེ་ཏོག་སྣ་མའི་ཕྲེང་བ་གཏད་ཅིང་བསྟོད་པ་མཛད་དོ། །’’[30]ཅེས་འབྱུང་ངོ་། །

གཞན་ཡང་། ‘‘རང་བྱིན་གྱིས་རླབས་པའི་རིམ་པའི་མན་ངག་གི་བསྡུས་དོན།’’གྱི་མཇུག་བྱང་ན‘‘རང་བྱིན་གྱིས་རླབས་པའི་རིམ་པའི་མན་ངག་བསྒྲུབ་ཐབ་ཀྱིས་བསྡུས་པའི་དོན་བསྟན་པ། རྣམ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་རྒ་ལོས་མཛད་པ་རྫོགས་སོ། ། ’’[31]ཞེས་འབྱུང་ཞིང་། ‘‘གསང་སྒྲུབ་རིན་ཆེན་གཏེར་མཛོད’’ཀྱི་མཇུག་བྱང་དུ‘‘ནག་པོ་ཆེན་པོའི་གསང་བསྒྲུབ། ལག་ལེན་དུ་སྒྲིགས་པ། རིན་པོ་ཆེའི་གཏེར་མཛོད། དཔལ་རྒ་ལོས་རྗེ་ཕག་མོ་གྲུ་པ་ལ་གདམས་པའོ། །’’[32]ཞེས་འབྱུང་བ་བཅས་ལ་བརྟགས་ན། བསྟན་བཅོས་འདི་དག་ནི་རྒྭ་ལོ་གཞོན་ནུ་དཔལ་གྱི་གསུང་རྩོམ་ཡིན་པ་རྟོགས་ནུས་པས། ཁམས་པ་སྒ་ལོའི་འབྲེལ་ཡོད་ཀྱི་བརྩམས་ཆོས་ཀྱི་གྲས་སུ་བཞག་པ་ནི་ནོར་བ་ཡིན་ནོ། །

 

རོང་པ་རྒྭ་ལོའི་རྣམ་ཐར་མདོར་བསྡུས།

 

སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན(1405- ?)དང་། འཇམ་མགོན་ཨ་མྱེས་ཞབས་ངག་དབང་ཀུན་དགའ་བསོད་ནམས།(1597-1659/1660) འབྲུག་པ་པདྨ་དཀར་པོ།(1527- 1592)  མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་སོགས་ཀྱི་གསུང་ན་རོང་པ་རྒ་ལོའི་རྣམ་ཐར་ཐར་ཐོར་གསལ་ཞིང་། ཁོང་གི་བླ་མ་དང་སློབ་མར་གྱུར་པའི་ཁྲོ་ཕུ་ལོ་ཙཱ་བ(1173-1236)དང་། འགྲོ་མགོན་ཆོས་རྒྱལ་འཕགས་པ(1235-1280)ལྟ་བུའི་རྣམ་ཐར་རེ་ཟུང་ནའང་་ཁོང་གི་མཚན་དང་རྣམ་ཐར་ཐོར་རེ་བ་འབྱུང་མོད། «རྗེ་བཙུན་སྒ་ལོཙྪའི་གདུང་རབས་དང་། རྣམ་པར་ཐར་བའི་གསོལ་འདེབས། འགྲེལ་བ་དང་བཅས་པ་བཞུགསོ། །»ཞེས་པའི་མཚན་བྱང་ཅན་གྱི་དབུ་ཅན་བྲིས་མ་ཤོག་ལྡེབ་སོ་ལྔ་ཅན་ཞིག་བཞུགས་པ་དེ་ནི་རོང་པ་རྒྭ་ལོའི་རྣམ་ཐར་རྒྱས་ཤོས་མིན་ནམ་སྙམ།

འོན་ཀྱང་། རོང་པ་རྒྭ་ལོའི་གདུང་རབས་དངོས་ལ་ལ་ཤོག་ལྡེབ་ལྔ་ཙམ་བཞུགས་ཤིང་། གདུང་རབས་ཀྱི་མཇུག་བྱང་དུ‘‘ལེགས་བཤད་བླ་མའི་རྣམ་ཐར་ལས། ། ལེགས་བསྟོན་བུ་བསྟོན་ཆོས་རྗེ་དེས། ལེགས་ཉེས་མ་ནོར་ཤན་ཕྱེ་ནས། །ལེགས་བསྡེབས་གསུང་བཞིན་བཀོད་པ་ལགས། ། །’’[33]ཞེས་འབྱུང་བ་དཔགས་ན། གདུང་རབས་འདི་བུ་སྟོན་རིན་ཆེན་གྲུབ(1290-1364)ཀྱི་གསུང་མིན་ནམ་སྙམ་པ་བྱུང་མོད། གལ་སྲིད་བུ་སྟོན་རིན་པོ་ཆེ་ཡིན་ཚེ་དགུང་ལོ་གཞོན་དུས་མཛད་པ་ཞིག་ཡིན་ཤས་ཆེ། རྣམ་ཐར་གསོལ་འདེབས་དང་འགྲེལ་པའི་མཛད་བྱང་དུ། ‘‘དུས་ཀྱི་ཁྱད་པར་མེ་ལུག་སྦྱིར་འབྲིང་གི། ། བར་ངོ་བཅུ་བཞིའི་ཉིན་མོར་གྱུར་པའི་ཚེ། །གནས་ཀྱི་ཁྱད་པར་ཁྲོ་བོིའི་དབེན་གནས་སུ། །བརྩོན་པའི་ཁྱད་པར་ཤེས་རབ་སེང་གེ་ཡིས། །གཞུང་གི་ཁྱད་པར་མཐོང་ཐོས་ངན་པའི་མདོའ། །གསལ་བར་བྱེད་འདི་ཡི་གེར་བགོད་བྱེད་བ། །རྡོ་རྗེ་རྒྱལ་མཚན་དཔལ་ལྡན་བཟང་བོ་ཡིས། །བརྩོན་པས་སྐུལ་བས་མྱུར་དུ་གྲུབ་པ་ཡིན། །’’[34] ཞེས་འབྱུང་བས། འགྲེལ་པ་འདི་འཆད་མཁན་ནི་རོང་པ་རྒྭ་ལོའི་ཐུགས་སྲས་ཤེས་རབ་སེང་གེ་(1251-1315)དང་། ཡི་གེར་འགོད་མཁན་ནི་ཤེས་རབ་སེང་གེའི་སློབ་མ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་ཡིན་པར་སྣང་།

རོང་པ་རྒྭ་ལོའི་རྣམ་ཐར་ལོ་ཚིགས་དང་གུང་བསྒྲིགས་ནས་ཞུ་ནུས་བྲལ་མོད། གོང་གི་གདུང་རབས་ཀྱིས་མཚོན་པའི་ཡིག་ཆ་ཁ་ཤས་ལས་ཁོང་གི་སྐོར་ཐོར་བུ་ཙམ་བཏུས་ཏེ་བཀོད་ན་འདི་ལྟར། རོང་པ་རྒྭ་ལོ་ནི་གཙང་རོང་ཞེས་པའི་ཡུལ་དུ་ཆུ་མོ་ཕག་སྟེ་སྤྱི་ལོ་༡༢༠༣ལོར་འཁྲུངས་འདུག ཡབ་ཀྱིས་ཁམས་པ་སྒ་ལོའི་སྐྱེ་བར་དགོངས་ནས་མཚན་དུའང་དེ་ལྟར་བཏགས། དགུང་ལོ་གསུམ་གྱི་དུས་སུ་ཡུམ་གྱིས་ཁ་ཆེ་པཎ་ཆེན་གྱི་བཞུགས་ཡུལ་ངུར་སྨུག་ཏུ་བསྣམས་ནས་བྱིན་རླབས་ཞུས་པར། སྐྱེས་བུ་དམ་པ་འགྱུར་བར་ཤིས་བརྗོད་མཛད། དེ་ནས་ཡབ་ཀྱི་དྲུང་ནས་འབྲི་ཀློག་དང་མན་ངག་གསན་འགོ་ཚུགས་ཏེ། དཔྱལ་ཆོས་བཟང་གི་ཞབས་ལ་གཏུགས་ནས་སམ་སྐྲི་ཏའི་སྐད་དང་། ཁྱད་པར་དགྱེས་ཕག་གཉིས་ལ་སྦྱངས། དགུང་ལོ་དྲུག་པ་ལ་ངུར་སྨིག་ཏུ་བཤད་གསར་མཛད་ནས་དགྱེས་ཕག་གསུངས། གཞན་ཡང་ནཱ་རོ་འགྲེལ་ཆེན་དང་། བདེ་མཆོག་གཞུང་འབྲེལ་མན་ངག་དང་བཅས་པ་གསན། གཤིན་རྗེ་གཤེད་དམར་གྱི་དབང་ཡང་ཞུས་འདུག

དེ་ནས་ཆོས་རྗེ་ས་པཎ(1182-1251)གྱི་ཞབས་ལ་གཏུགས་ཏེ་བདེ་མཆོག་ནག་པོ་སྐོར་གྱི་ཆོས་སྐོར་དང་། ཆོས་རྗེ་འཇམ་གསར་གྱི་དྲུང་ནས་ཕྱི་མཚན་ཉིད་ཀྱི་སྐོར་དང་། དུས་འཁོར་འགྲོ་ལུགས་ཀྱི་བཀའ། བཤད་པ་མན་ངག་དང་བཅས་པ་གསན། བླ་མ་ར་འབུམ་སེང་གེའི་དྲུང་ནས་ཀྱང་དུས་འཁོར་རྭ་ལུགས་ཀྱི་དབང་བཤད་མན་ངག་ཐམས་ཅད་རྫོགས་པར་ནོས།  ལྕེ་མདོ་སྡེ་སེང་གེ་ལ་གསང་འདུས་དང་ཡོ་གའི་སྐོར་མང་པོ་གསན། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་ལས་ཀྱང་མན་ངག་མང་པོ་གསན། གཞན་ཡང་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལས་དབང་དང་བཤད་པ་གསན་པ་དང་། མཚོ་ཡངས་པ་སྙན་དར་མ་རྒྱལ་མཚན་དང་། སྲིན་པོ་རི་པ་མཁན་པོ་འཇམ་དབྱངས་སོགས་བསྟེན་ནས་ཆོས་བསྐོར་མང་པོ་གསན་པས་རྒྱུད་སྡེ་དུ་མའི་བཤད་སྒྲུབ་ཡུན་རིང་མཛད་པར་གྲགས། སྐབས་རེར་ཁོང་གིས་རིག་སྔགས་བསྟན་པའི་ལོ་རྒྱུས་སོགས་མཐོང་མོད་འདིར་མ་བྲིས།

རྭ་ལུགས་དང་འབྲོ་ལུགས་ཞེས་པ་གྲགས་པ་འདི་ལོ་ཙཱ་བའི་དབང་གིས་བརྒྱུད་པ་མི་འདྲ་བ་གཉིས་བྱུང་ཞིང་། དཔལ་ཆེན་རྒ་ལོ་ནས་བརྒྱུད་པ་གཉིས་འདྲེས་སུ་གྱུར་པའི་ལོ་རྒྱུས་ཡོད་ཅིང་། རོང་པ་རྒྭ་ལོས་དུས་འཁོར་གྱི་བཤད་པ་ཡུན་རིང་དུ་མཛད་ནས་སློབ་མ་མཁས་པར་གྱུར་པ་ཉིད་ཀྱི་སྐུའི་སྲས་རྣམས་དང་། སྐུ་དེ་ཉིད་པོ་ཏ་ལར་གཤེགས་པའི་མན་ལུང་གུ་རུ་དང་། ལྷོ་པ་གྲུབ་སེང་། ལ་སྟོད་ཆོས་ལྡན། དབུས་པ་ཚུལ་དར། ཐང་སྟོན་ལོ་ཙཱ་བ་ལ་སོགས་པ་དུས་འཁོར་ལ་མཁས་པའི་མཆོག་ཏུ་གྲགས་པ་མང་པོ་དང་། འཕགས་པ་དང་། ཁྲོ་ཕུ་རིན་པོ་ཆེ་ལ་སོགས་པ་སྐྱེས་བུ་དམ་པའི་སློབ་མ་མང་པོ་སྨིན་གྲོལ་ལ་བཀོད་ནས་དགུང་ལོ་བརྒྱད་ཅུ་བཞེས་པ་ཆུ་ཕོ་རྟ་སྤྱི་ལོར་1282དགོངས་པ་རྫོགས་འདུག «དེབ་སྔོན»དུ་ཁོང་གི་མཆོག་ཏུ་གྱུར་པའི་སློབ་མ་ནི་རྗེ་བཙུན་མན་ལུངས་པ་ཡིན[35] ཞེས་འབྱུང་ངོ་། །

 

རོང་པ་རྒྭ་ལོའི་གསུང་རྩོམ།

 

ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དཀར་ཆག་ཏུ་རོང་པ་རྒྭ་ལོའི་གསུང་རྩོམ་གྱི་གྲས་སུ‘‘རྒྭ་ལོ་ཙཱ་བ་རྣམ་རྒྱལ་རྡོ་རྗེའི་བསྟོད་པ’’ཞེས་པ་ཞིག་འཁོད་འདུག་མོད། མ་ཡིག་ངོ་མའི་ཁ་བྱང་ནི‘‘གྲུབ་ཆེན་དཔལ་རྒྭ་ལོ་བ་ལ་བསྟོད་ཅིང་གསོལ་བ་འདེབས་པ’’ཞེས་པ་ཡིན་ཅིང་། བསྟོད་རྩོམ་འདི་ནི་རོང་པ་རྒྭ་ལོར་བྲིས་པ་ཞིག་མ་རེད་སྙམ། རྒྭ་ལོ་གཞོན་ནུ་དཔལ་གྱི་རྣམ་ཐར་ཡང་རོང་པ་རྒྭ་ལོའི་གྲས་སུ་བཞག་པ་ནོར་བ་ཡིན་ནོ། །

རོང་པ་རྒྭ་ལོ་ནི་ལོ་ཆེན་བཞིའི་གྲས་སུ་ཡོད་པ་དང་། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་གསུང་ན་ཁོང‘‘རྟེན་དཀར་པོ་ཡིན་ཀྱང་སྔགས་མཚན་ཉིད་དུ་མ་ལ་སྦྱངས་ཏེ། འདིས་མཛད་པའི་དབུ་ཚད་ཀྱི་བསྡུས་ཆེན་སོགས་ཀྱང་ཡོད་དོ། །’’[36]ཞེས་གསལ་བ་ལྟར་ན། ཁོང་ལ་གསུང་རྩོམ་ཡོད་པར་སྐད་མོད། ད་ཕན་ཁོང་གིས་མཛད་པར་གྲགས་པའི་བསྟན་བཅོས་ཤིག་མིག་ལམ་དུ་མ་མངོན། ཆོས་རྗེ་འཇམ་དབྱངས་གསར་མས་མཛད་པའི«མངོན་པར་རྟོགས་པ་རྒྱན་གྱི་འགྲེལ་བཤད་གསལ་བ་འཐད་པའི་འོད་འབར། སྤྲིངས་ཡིག་བཻཌཱུརྱའི་ཕྲེང་བ། བདག་ཉིད་ལ་བསྐུལ་བ་གསེར་ལྕག་རིན་ཆེན་གྱི་འབྲས་ཅན། ཐར་ལམ་སྒྲོན་མེ། སྦྱོར་དྲུག་གི་མང་ངག རྗེ་བཙུན་རྒྭ་ལོས་ཞུས་གཏུགས་མཛད་པ་སོགས་བཞུགས་སོ»ཞེས་པའི་ནང་རྗེ་བཙུན་རྒྭ་ལོས་ཁོང་གི་བླ་མའི་སྦྱོར་དྲུག་གི་མན་ངག་ཞུས་གཏུགས་མཛད་པའི་བསྟན་བཅོས་ཤིག་བཞུགས་པ[37]མཇལ་བྱུང་ཞེས་ཞུས་ཏེ་ཟིན་བྲིས་འདི་རེ་ཞིག་མཇུག་རྫོགས་པར་བྱས་སོ། །

 

ལུང་འདྲེན་ཡིག་ཆ་ཁག

 

[1] དེབ་ཐེར་དམར་པོ། ཚལ་པ་ཀུན་དགའ་རྡོ་རྗེས་བརྩམས། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཆན་འགྲེལ་བཀོད། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ཤོག་གྲངས་ ༤༤༧ ན་གསལ།

[2] ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ་དཔེ་བསྡུར་མ་བཞུགས་སོ། ། (༡༡/༤༥) དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ཤོག་གྲངས་༡༠༨ ན་གསལ།

[3] གངས་ཅན་མཁས་དབང་རིམ་བྱོན་གྱི་མིང་མཛོད། གོ་ཤུལ་གྲགས་པ་འབྱུང་གནས་དང་རྒྱལ་བ་བློ་བཟང་མཁས་གྲུབ་གཉིས་ཀྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༡༢ ཤོག་གྲངས་༣༣༥ ན་གསལ།

[4] https://treasuryoflives.org/biographies/view/Ga-Lotsawa-Zhonnu-Pel/6037   རྩོམ་ཡིག་འདིའི་ནང་ཨ་ལེ་ཁུ་སན་ཌིར གྷ་ཊི་ནཱ(Alexander Gardner)ལགས་ཀྱིས་དུས་རབས་བཅུ་གཅིག་པའི་ནང་ཁམས་ལྡན་མ་མདོ་སྨད་ཀྱི་ཁྱབ་ཁོངས་སུ་ཡོད་པར་བཤད་འདུག

[5] གངས་ཅན་མཁས་དབང་རིམ་བྱོན་གྱི་མིང་མཛོད། གོ་ཤུལ་གྲགས་པ་འབྱུང་གནས་དང་རྒྱལ་བ་བློ་བཟང་མཁས་གྲུབ་གཉིས་ཀྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༡༢ ཤོག་གྲངས་༣༣༥ -༣༣༦ ན་གསལ།

[6] ཆོས་འབྱུང་མཁས་པའི་དགའ་སྟོན། དཔལ་བོ་གཙུག་ལག་ཕྲེང་བ།  མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ཤོག་གྲངས་༢༧༣ ན་གསལ།

[7] ཀ་ཐོག་ཚེ་དབང་རིག་འཛིན་ནོར་བུ། ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་བཀའ་འབུམ། སྨད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ཤོག་གྲངས་༦༥༢ ན་གསལ།

[8] ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ་དཔེ་བསྡུར་མ་བཞུགས་སོ། ། (༣༣/༤༥) དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ཤོག་གྲངས་༢༣༩ ན་གསལ།

[9]  ཁམས་སྡེ་དགེ་རྫོང་སར་བླ་མ་ལྷ་ཁང་དུ་བཞུགས་པའི་དཔེ་རྙིང་། ཞེས་པའི་པོད་༨༢ ནང་བཞུགས་པའི ‘‘རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་རྫོགས་རིམ་རྩ་དབུ་མའི་ཁྲིད་ཀྱི་ཆོས་ཉིད་དངོས་སྟོན་ཞེས་པའི་ཉམ་ལེན་ཉུང་བསྡུས།’’ཞེས་པའི་དབུ་མེད་བྲིས་མ་དེའི་ནང་བཞུགས། ལྡེབ་གྲངས་མི་གསལ།

[10] འབྲུག་པ་པདྨ་དཀར་པོ། (1527- 1592) ཆོས་འབྱུང་བསྟན་པའི་པདྨོ་རྒྱས་པའི་ཉིན་བྱེད་ཅེས་བྱ་བ་བཞུགས་སོ་ཞེས་པའི་ནང་གསལ། གནམ་འབྲུག་དོན་གྱི་པར་ཁང་། པར་ལོ། 1973-1974

[11] ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད། འཇིག་རྟེན་མགོན་པོ། པོད་ཉ་པ། (༨) དཔལ་ཡེ་ཤེས་ཀྱི་མགོན་པོའི་སྒྲུབ་ཐབས་ཀྱི་ཁྲིད་ཡིག་ཞེས་བྱ་བའི་ལྡེབ་གྲངས་༥༩༠ ན་གསལ།

[12] « རྒྱལ་བསྟན་འཛམ་བུའི་གླིང་དུ་ཇི་ལྟར་དར་བའི་རིམ་པ་ཕྱེ་བ།»ཞེས་པའི་ལྡེབ་གྲངས་༥༤༧-༥༤༨ན་གསལ། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས། པོད་དང་པོ། ཨེ། དཔལ་སྤུངས་དོན་པའི་པར་ཁང་། ཤིང་སྤར། ༡༩༩༧

[13] བསྟན་འགྱུར།  (དཔེ་བསྡུར་མ) རྒྱུད།  (ཨུ) ཤོག་གྲངས་༦༡༢ ན་གསལ། ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་། 1994-2008

[14] བསྟན་འགྱུར།  (དཔེ་བསྡུར་མ) རྒྱུད།  (ཨུ) ཤོག་གྲངས་༦༡༧ ན་གསལ། ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་། 1994-2008

[15] གངས་ཅན་མཁས་དབང་རིམ་བྱོན་གྱི་མིང་མཛོད། གོ་ཤུལ་གྲགས་པ་འབྱུང་གནས་དང་རྒྱལ་བ་བློ་བཟང་མཁས་གྲུབ་གཉིས་ཀྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༡༢ ཤོག་གྲངས་༣༣༦ ན་གསལ།

[16] བསྟན་འགྱུར། (དཔེ་བསྡུར་མ) དེབ་དང་པོ། སྟོད།  (བསྟོད་ཚོགས། ཀ ) ཤོག་གྲངས་༧༦༠ ན་གསལ། ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་། 1994-2008

[17] མཆིམས་ཕུ་ནས་ཐོན་པའི‘‘དབང་མདོར་བསྟན་པའི་མདོར་བཤད’’ཅེས་པའི་དབུ་མེད་བྲིས་མ་དེའི་ལྡེབ་གྲངས་༡༤B ན་གསལ།

[18] བསྟན་འགྱུར།  (དཔེ་བསྡུར་མ) རྒྱུད།  (ཝ) ཤོག་གྲངས་༩༣༩ ན་གསལ། ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་། 1994-2008

[19] ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་གསུང་འབུམ། པོད་ཤྲཱི་པ།(༡༡) སྡེ་དགེའི་བསྟན་འགྱུར་དཀར་ཆག་གཏམ་ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་གསར་པའི་ཤིང་སྤར་མའི་ལྡེབ་གྲངས་༩༥༦ ན་གསལ།

[20] བསྟན་འགྱུར།  (དཔེ་བསྡུར་མ) རྒྱུད།  (ཤ) ཤོག་གྲངས་༡༧༦༢ ན་གསལ། ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་། 1994-2008

[21] བསྟན་འགྱུར།  (དཔེ་བསྡུར་མ) རྒྱུད།  (ཤ) ཤོག་གྲངས་༡༧༨༡ ན་གསལ། ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་། 1994-2008

[22] ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་གསུང་འབུམ། པོད་ཤྲཱི་པ།(༡༡) སྡེ་དགེའི་བསྟན་འགྱུར་དཀར་ཆག་གཏམ་ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་གསར་པའི་ཤིང་སྤར་མའི་ལྡེབ་གྲངས་༡༠༨༣ ན་གསལ།

[23] བསྟན་འགྱུར། སྡེ་དགེ་སྤར་མ། པོད་༧༩པའི་ལྡེབ་གྲངས་༧༡ ན་གསལ།

[24] བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས། (༣༡-༦༠ ཐི།  རྗེ་བཙུན་རྒ་ལོའི་གདུང་རབས་དང་རྣམ་ཐར་གསོལ་འདེབས་འགྲེལ་པ་དང་བཅས་པའི་དབུ་ཅན་བྲིས་མའི་ལྡེབ་གྲངས་༣༨༣ ན་གསལ།

[25] སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་གསུང་འབུམ། ཤིང་སྤར་མ། ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་གི་གློག་ཀླད་པར་མ། ༢༠༠༧ལོར་དཔར། ལྡེབ་གྲངས་༥༤

[26] རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ་བཞུགས་སོ། ། ཞེས་བྱ་བའི་པོད་དང་པོའི‘‘ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་གངྒཱའི་ཆུ་རྒྱུན་ལས་གླེགས་བམ་དང་པོ།’’ནང་གསལ། ཤོག་གྲངས་ ༢༡༣  སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩

[27] མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་གསུང་སྐོར། པོད་ཆ་པའི་བསྟན་རྩིས་ཆོས་འབྱུང་གསལ་བའི་ཉིན་བྱེད་ལྷག་བསམ་རབ་དཀར་ཞེས་བྱ་བའི་བསྟན་བཅོས་ནང་གསལ། ལྡེབ་གྲངས་༤༢༩ ན་གསལ།  ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་། ༡༩༩༩ ལོར་དཔར།

[28] ཁམས་སྡེ་དགེ་རྫོང་སར་བླ་མ་ལྷ་ཁང་དུ་བཞུགས་པའི་དཔེ་རྙིང་། ཞེས་པའི་པོད་༨༢ ནང་བཞུགས་པའི ‘‘རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་རྫོགས་རིམ་རྩ་དབུ་མའི་ཁྲིད་ཀྱི་ཆོས་ཉིད་དངོས་སྟོན་ཞེས་པའི་ཉམ་ལེན་ཉུང་བསྡུས།’’ཞེས་པའི་དབུ་མེད་བྲིས་མ་དེའི་ནང་བཞུགས། ལྡེབ་གྲངས་མི་གསལ།

[29] བསྟན་འགྱུར།  (དཔེ་བསྡུར་མ) རྒྱུད།  (ཤ) ཤོག་གྲངས་༡༧༨༡ ན་གསལ། ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་། 1994-2008

[30] འབྲི་གུང་བཀའ་བརྒྱུད་ཆོས་མཛོད་ཆེན་མོའམ་ཡང་ན་ཐུབ་བསྟན་དོན་བརྒྱུད་སྙིང་པོ་བཀའ་བརྒྱུད་རིན་པོ་ཆེ་སྤྱི་དང་དཔལ་ལྡན་འབྲི་གུང་བཀའ་བརྒྱུད་ཀྱི་རིམ་བྱོན་བརྒྱུད་པའི་ཞལ་སྐྱིན་ཟབ་རྒྱས་གསུང་རབ་བཞུགས་སོ་འཚལ་ཕྱོགས་གཅིག་ཏུ་བསྒྲིགས་པའི་གླེགས་བམ་གྱི་ཕྲེང་བ་བཀའ་བརྒྱུད་ཆོས་མཛོད་ཆེན་མོ།  པོད ༩༡ (ཀེ) ནག་པོ་ཆེན་པོའི་བསྟོད་པ་ཞེས་པའི་དབུ་ཅན་བྲིས་མའི་ལྡེབ་གྲངས་༡༤༤ ན་གསལ།

[31] འབྲི་གུང་བཀའ་བརྒྱུད་ཆོས་མཛོད་ཆེན་མོའམ་ཡང་ན་ཐུབ་བསྟན་དོན་བརྒྱུད་སྙིང་པོ་བཀའ་བརྒྱུད་རིན་པོ་ཆེ་སྤྱི་དང་དཔལ་ལྡན་འབྲི་གུང་བཀའ་བརྒྱུད་ཀྱི་རིམ་བྱོན་བརྒྱུད་པའི་ཞལ་སྐྱིན་ཟབ་རྒྱས་གསུང་རབ་བཞུགས་སོ་འཚལ་ཕྱོགས་གཅིག་ཏུ་བསྒྲིགས་པའི་གླེགས་བམ་གྱི་ཕྲེང་བ་བཀའ་བརྒྱུད་ཆོས་མཛོད་ཆེན་མོ།  པོད ༩༡ (ཀེ) ‘‘རང་བྱིན་གྱིས་རླབས་པའི་རིམ་པའི་མན་ངག་གི་བསྡུས་དོན་ཞེས་པའི་དབུ་ཅན་བྲིས་མའི་ལྡེབ་གྲངས་༡༦༧ ན་གསལ།

[32] འབྲི་གུང་བཀའ་བརྒྱུད་ཆོས་མཛོད་ཆེན་མོའམ་ཡང་ན་ཐུབ་བསྟན་དོན་བརྒྱུད་སྙིང་པོ་བཀའ་བརྒྱུད་རིན་པོ་ཆེ་སྤྱི་དང་དཔལ་ལྡན་འབྲི་གུང་བཀའ་བརྒྱུད་ཀྱི་རིམ་བྱོན་བརྒྱུད་པའི་ཞལ་སྐྱིན་ཟབ་རྒྱས་གསུང་རབ་བཞུགས་སོ་འཚལ་ཕྱོགས་གཅིག་ཏུ་བསྒྲིགས་པའི་གླེགས་བམ་གྱི་ཕྲེང་བ་བཀའ་བརྒྱུད་ཆོས་མཛོད་ཆེན་མོ།  པོད ༩༡ (ཀེ) གསང་སྒྲུབ་རིན་ཆེན་གཏེར་མཛོད་ཞེས་པའི་དབུ་ཅན་བྲིས་མའི་ལྡེབ་གྲངས་༡༥༢ ན་གསལ།

[33] བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས།(༣༡-༦༠)གླེགས་བམ་ཐི་པའི་ནང་བཞུགས། ཤིང་སྤར། ལྡེབ་གྲངས་༣༨༧ན་གསལ།

[34] བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས།(༣༡-༦༠)གླེགས་བམ་ཐི་པའི་ནང་བཞུགས། ཤིང་སྤར། ལྡེབ་གྲངས་༤༡༦ ན་གསལ།

[35] དེབ་ཐེར་སྔོན་པོ། འགོས་ལོ་ཙཱ་བ་གཞོན་ནུ་དཔལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ཤོག་གྲངས་༩༢༦ན་གསལ།

[36]  སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་གསུང་འབུམ་དྲུག་པ་བཞུགས། དཔལ་དུས་ཀྱི་འཁོར་ལོ་སྤྱི་དོན་གྱི་སྒོ་ནས་གཏན་ལ་འབེབས་པར་བྱེད་པའི་ལེགས་བཤད་བསྟན་པའི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། ། ཞེས་པའི་ཤོག་གྲངས་༥༥ ན་གསལ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧

[37] རྒྱན་འགྲེལ་འཐད་པའི་འོད་འབར། ཆོས་རྗེ་འཇམ་དབྱངས་གསར་མས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ཤོག་གྲངས་༤༦༧ ན་གསལ།