ཐེ་གེ༼མདོ་ལྷོ༽

བཙན་པོ་སྲོང་བཙན་གྱི་རྒྱལ་ཁྲིམས་སུ་༼བུད་མེད་ཀྱི་ཁ་ལ་མི་ཉན་པ་༽དེ་བདེན་ནམ།ཟློས་གར་ཆེ་བརྒྱད་ཀྱི་ནང་དུ་བུད་མེད་ལྷའི་ངོ་བོར་གཏོང་ནས་མི་སེམས་ཆོས་ལ་བཀུག་ཐུབ་པའི་༼ནུས་པ་ཅན༽་ཞིག་ཏུ་གཏོང་བ་དེ་བདེན་ནམ།གང་ལྟར་ཀྱང་བུད་མེད་ཚོ་མཁོ་དུས་རྡོ་རྗེ་དང་མི་མཁོ་དུས་གདོན་རྫས་ལྟ་བུའི་དངོས་པོ་ཞིག་གི་ཚབ་དུ་བཞག་པ་དེ་རང་བདེན་པ་ཞིག་ཏུ་གྲུབ་འདུག

འཛམ་གླིང་ཕུང་བོ་གཅིག་འདུས་ཅན་དུ་གྱུར་བཞིན་པའི་སྒང་འདིར་ང་ཚོའི་སྒང་བ་བོད་ཀྱི་ལུང་པ་མགོ་སྡུབ་ཁེར་གཉིས་སུ་ད་དུང་ཡང་སྔར་བཞིན་བུད་མེད་ཚོ་ནི་གོ་ཐབ་ཀྱི་གམ་ནས་བཙོག་མཁན་དང་ལྕི་བ་མཉམ་དུ་འདུར་མཁན་ཞིག་ལས་གང་ཡང་མི་འདུག་སྟེ།ལྷག་པར་དུ་ཤེས་ལྡན་པ་ཚོས་༼འབྲོག་མོ་༽ཞེས་སྙན་ངག་འཁྱར་འཁྱོར་རེ་བྲིས་ནས་ཁོ་བོའི་མཛེས་འཛིན་གྱི་མཚར་སྣང་ལ་བརྒྱུས་ཅི་ཐུབ་བྱེད་ནས་སྣང་བའི་བར་སྣང་ན་འགྲེལ་ལྡོག་རྒྱག་གིན་འདུག་པ་ལས།བུད་མེད་ཞེས་ལྕི་འདམ་དང་ཁ་ཆར་བུ་ཡུག་གི་ཁྲོད་ན་རྒས་ཀྱིན་པའི་ལས་དབང་ལ་གདུང་སེམས་བསྐྱེད་མཁན་ཞིག་དང་།རྒྱུ་ཆེན་དབང་ཆེན་ཚོའི་མངའ་འོག་ན་ཁ་ཆུང་དབང་ཆུང་གིས་འཚོ་བའི་འཇིག་རྟེན་གྱི་ཨ་མ་ཚོའི་སྐྱོ་ཡུས་ལ་ཕྱིར་རྟོག་བྱེད་མཁན་ཞིག་གང་ན་ཡོད།འདི་འདྲའི་ཐབས་ཆགས་ཀྱི་གནས་བབས་ཤིག་ལས་བུད་མེད་ཚོའི་ལས་དབང་དོན་དམ་སུ་ཞིག་གིས་གླེང་དགོས་སམ།10636091_758371304227471_1203004281696519654_n

ང་ཚོ་སྟེ་བུད་མེད་ལ་རྩིས་ཐང་དང་རང་དབང་ཞེས་པའི་ལྷན་སྐྱེས་ཀྱི་དབང་ཆ་ཞིག་ཡོད་པ་རྟོགས་ཀྱིན་མི་འདུག་ལ།བུད་མེད་ནི་ཐབ་ཚང་ཁོ་ན་སྲུང་མཁན་གྱི་༼ཡ་ལགས་༽ཟེར་མཁན་ཞིག་ལས་མིའི་རིགས་ཀྱི་ཚེ་སྲོག་གི་རྒྱུན་འཕེལ་ལ་བྱས་རྗེས་ཆེ་བའི་༼དཔའ་མོ་༽ཞིག་ཡིན་པ་གཏིང་ནས་བརྗེད་འདུགདེ་ནི་ང་ཚོས་མྱིའི་རིག་གནས་ལ་རྒྱང་བཀྱེད་པའི་འབྲས་བུ་དམར་རྗེན་དུ་མངོན་པ་ཞིག་དང་མྱིའི་གདོང་ལ་ལྷའི་འཕྲུལ་སྟོན་པའི་བསྐྱེད་འབྲས་ཤིག་ཀྱང་རེད།རྒྱ་ནག་ལའང་མི་ཇུས་རིག་གནས་མ་དར་བའི་སྔོན་ལ་བུད་མེད་ཚོའི་རྐང་བ་བསྡམས་ནས་རྐང་རིལ་ཞིག་ཏུ་གཏོང་སྲོལ་ཡོད་པ་དང་སྐྱེས་པར་ཞབས་ཞུ་སྒྲུབ་རྒྱུ་ནི་བུད་མེད་བཟང་ཤོས་ལ་བགྲང་ཚོད་རེད།སྔོན་ཆད་རྒྱ་གར་གྱི་ཡུལ་ཕྱོགས་སུ་ཁྱོ་ག་ཤི་དུས་སུ་ཆུང་མ་ཡང་མཉམ་དུ་དུར་སྦེད་བྱེད་བཞིན་འདུགའདི་ལྟ་བུའི་བྱས་ཉེན་དག་གིས་བུད་མེད་ཚོའི་ལས་དབང་སྐྱ་ཟད་སྔོ་སྡུག་ཏུ་གྱུར་བ་རེད།བོད་རང་གི་ཡུལ་ནས་ས་སྐྱེས་རྡོ་སྐྱེས་ཡིན་པའི་གཏམ་དཔེ་དག་ལས་ཀྱང་༼སྐྲ་རིང་མ་དང་བློ་ཐུང་མ་༽ཞེས་དམོད་མོ་གཏོང་ཚུལ་དེ་རིག་གནས་སྣང་ཚུལ་ཞིག་ཏུ་གྱུར་ཡོད་པ་དང་བུད་མེད་དག་གིས་ཀྱང་དེ་འདྲ་ཞིག་ཡིན་ཚུལ་ལབ་བཞིན་པ་ཁོ་བོས་དངོས་སུ་ཐོས་མྱོང་ཡོད།སྤྱིར་བཏང་དུ་ཡིན་ན་དེ་ནི་བུད་མེད་ཚོས་རང་ཉིད་ལ་བདག་པོ་མ་བརྒྱབ་ཚུལ་ཞིག་ཡིན་ཡང་།འོན་ཀྱང་ཕྱིར་ང་ཚོའི་གནས་སྟངས་ལ་ཕྱིར་མིག་རེ་འཕང་ན་རང་རེའི་སྤྱི་ཚོགས་ཀྱི་ཁྲོད་ནས་སྐྱེས་པ་ཚོ་ནི་མཆོག་གྱུར་དང་རྨད་བྱུང་།ཆེ་ས་དང་མཐོ་སར་བཞུགས་དགོས་པ་ནི་ཞིག་ཏུ་བཞེངས་པ་ནི་མྱིའི་རིན་ཐང་ལ་དམིགས་ནས་གཞལ་བའི་ཚད་གཞི་ཞིག་མིན་པས།དེ་ནི་ཐུབ་བསྟན་རིག་གནས་ཀྱིས་བསྐྱེད་པའི་རིག་གནས་སེམས་ཁམས་ཤིག་དང་ཕྱོགས་རེ་བའི་མིག་ཟུང་ཞིག་གིས་མྱི་མྱིའི་ཚད་དུ་མ་བཞག་པར་རྡོག་བརྫིས་གཏོང་བའི་ཡ་མ་བརླའི་བསམ་བློ་ཞིག་རེད།

མྱི་མྱི་ཡིན་བྱེད་དེ་ནི་ང་ཚོ་ལ་མ་གཞི་ནས་དབང་བའི་ལྷན་སྐྱེས་དང་སུ་ཞིག་གིས་ཀྱང་འཕྲོག་ཏུ་མེད་པའི་༼ང་༽ཞེས་པའི་རང་བདག་ཅིག་ཡོད་པ་དེ་ཡིན།སྟོན་པས་ཀྱང་༼བདག་ནི་བདག་གི་མགོན་ཏེ།།གཞན་ལྟ་སུ་ཞིག་མགོན་དུ་བགྱི།༽ཞེས་པས་འཇིག་རྟེན་ན་ང་ཞེས་པའི་སུས་ཀྱང་ཚབ་མཚོན་བྱེད་མི་ཐུབ་པ་དང་མི་གཞི་དང་རྩིས་ཐང་བདག་པོར་བརྒྱབ་ཆོག་པའི་སྒེར་ཞིག་ཡོད་པ་སྔ་མོ་ནས་བཤད་ཟིན།དེ་དེ་འདྲ་ཞིག་ཡིན་ཡང་ང་ཚོས་སྔ་མོ་ནས་མྱིའི་རིག་གནས་ཀྱི་ཟབ་ཚད་དང་ངོ་བོ་བཀྲམས་སྟོན་མ་བྱེད་པར་མ་ཟད་མྱིའི་ངོ་གདོང་ལ་ཐལ་བ་གཏོར་ཟིན་པས་མྱི་ཞེས་པ་དེ་ང་ཚོ་དང་རིང་དུ་བཀྱེད་ཟིན་ལ་རང་དབང་དང་རྩིས་ཐང་།ཀུན་གཞི་ནི་དེས་བས་ཀྱང་ངོ།ལྷག་པར་དུ་བུད་མེད་ལ་དམའ་འབེབས་དང་མཐོང་ཆུང་བྱེད་པའི་མཁའ་དབུགས་ཤིག་ངང་གིས་ཆགས་ཡོང་བ་དེ་ནི་རིག་གནས་གང་དེའིི་བསྐྱེད་པའི་ཤུགས་རྐྱེན་མིན་པའི་ངེས་པ་མེད།ཟབ་མི་ཆོས་ཀྱི་ལྟ་བ་ཞེས་ཆེན་པོ་དང་རྫིགས་པོ་ཞིག་ཏུ་བསྒྲགས་ཀྱང་མདོར་དེད་ན་བུད་མེད་རྣམས་ནི་མི་གཙང་བ་དང་མ་དག་པ་ཞིག་ཡིན་ཚུལ་གྱི་ཐན་ལྟས་ཤིག་ཏུ་བསྒྲོགས་མཁན་ཀྱང་དེ་རང་རེད།སྤྱིར་ན་མྱིའི་རིན་ཐང་གི་ངོས་ནས་གླེང་ན་བུད་མེད་ཀྱི་ཤེས་རབ་ལས་མིའི་རིགས་ལ་སྐྱེས་ཆེན་གནམ་གྱིས་ས་བཀབ་པ་ལྟ་བུ་དག་ལ་ཐོག་མའི་དྲོད་ཁོལ་དང་ལམ་སྟོན་ཀྱང་མཛད་མྱོང་ལ་།མཐོན་པོའི་རྒྱལ་ས་དང་དམའ་མོའི་སྤྲང་ཁྱིམ་ན་ཆགས་པས་མྱོས་པའི་སྐྱེས་པ་ཚོའི་བྲང་ཁར་འདོད་པའི་ཆུ་ཐིགས་བསྩལ་མཁན་ཡང་བུད་མེད་ཡིན།ཏག་ཏག་བུད་མེད་ནི་གནམ་གྱི་ཕྱེད་ཀ་ཡིན་ཟེར་བ་དེ་དཀོར་གཟན་སུ་ཞིག་གིས་ཟས་བཏང་ནས་གཏོང་བ་ཞིག་མིན་པར་མིག་མཐོང་ལག་ཟིན་གྱི་གནད་ཀ་ཞིག་རེད།

མིའི་རིགས་ཀྱི་དཔལ་ཡོན་དར་བའི་རྒྱལ་ཁབ་དག་ལས་བུད་མེད་ལ་བཟུང་བའི་ལྟ་ཚུལ་དང་རང་རེའི་མི་རིགས་ཀྱིས་བུད་མེད་ལ་གནང་བའི་གོ་གནས་ནི་གནམ་དང་ས་ལྟ་བུའི་བར་ཁྱད་ཡོད་པ་ཡང་སྙིང་ཅི་ཞིག་གི་ཁྱད་པར་དང་མཐོ་དམན་ཤོར་སོང་བ་རེད།རྒྱུན་པར་ང་ཚོས་ཡུམ་ཆེན་ཞེས་ངག་འཇམ་འཇམ་དང་ཚིག་ལྷོད་ལྷོད་ཀྱིས་མཐོ་སར་འཁྱེར་འགྲོ་མོད།ཡིན་ཡང་གཟབ་ནན་དང་གནད་འགག་གི་དུས་སུ་བུད་མེད་ཚོ་གྲལ་མགོ་ནས་གྲལ་མཐར་གཡུགས་འགྲོ་བའི་སྐབས་སུ་སྐྱག་པས་གཡོས་པའི་འཕང་མགོ་ཕྱི་མཁན་དེ་ཡུམ་ཆེན་ཡིན་པ་བརྗེད་སོང་བ་མིན་ནམ།ལྷག་པར་དུ་ནུས་མེད་ཚོ་དང་ཅོལ་ཆུང་ཚོ་ཞེས་ཅི་ཞིག་ཡིན་མདོག་གིས་སྐད་ཆ་ལྕི་མོ་འགའ་རེ་རྡོ་གཡུག་གཡག་བྱེད་པའི་ཤེས་ལྡན་པ་ཚོས་དེ་ལས་ལྷག་པའི་བུད་མེད་ཚོའི་མི་གཞི་དང་རྩིས་ཐང་རྡོག་བརྫིས་གཏོང་བའི་ཉེས་པ་ཞིག་སུས་ཀྱང་གསོགས་མ་སོང་།གནས་ལུགས་ཀྱིས་དེད་ན་ཤེས་ལྡན་པ་ནི་བསམ་བློ་དཀྱིལ་ཡངས་དང་མི་གཤིས་སྒེར་ཚུགས་ཅན་ཞིག་ཡིན་འོས་ཀྱང་རང་རེའི་ཁོར་ཡུག་ལག་མཐིལ་ཙམ་པོ་ན་ཕྲག་དོག་གི་མེ་ལྕ་མཁའ་རུ་འཕྱུར་བཞིན་པ་འདི་འང་ད་དུང་སད་རྟོགས་མ་བྱུང་བའི་ནད་རོ་ཞིག་མིན་པའི་ངེས་པ་མེད།

མཇུག་མཐར་སྐད་ཆ་ཞིག་བཤད་འདོད་པ་ནི་བུད་མེད་ཀྱི་སློབ་གསོ་ནི་ཨ་མའི་སློབ་གསོ་ཡིན་ལ་ཨ་མའི་སློབ་གསོ་ནི་མིའི་རིགས་ཀྱི་ཆེས་ཐོག་མའི་སློབ་གསོ་ཡིན་ཕྱིར།ང་ཚོས་སྒང་བ་བོད་ཀྱི་ཡུམ་ཆེན་ཚོའི་བློ་སྤོབས་དང་ཤེས་རབ་ལ་ཡི་རང་དང་།འདས་སོང་གི་ལོ་ཟླའི་ནང་བསགས་པའི་ཉེས་པར་འགྱོད་ཤགས་ཞུ་རན་རེད།