———སྦྲ་ནག་ནང་དུ་འཚོ་བ་རོལ་དགོས་པར་ལབ་ལོབ་བྱེད་མཁན་ཚོའི་ཁ་ལ་སྐྱག་པ་བྱུགས་པ།

ང་ཆུང་དུས་ཀྱི་ཁྱིམ་ཚང་ནི་འབྲོག་པ་རེད། དབྱར་གྱི་དུས་སུ་སྦྲ་ནག་ལས་ཆུ་ཐིགས་ཟགས་འོངས་པ་དྲན་ལ། དགུན་གྱི་དུས་སུ་ཐབ་འགྲམ་ནས་ཙོག་བུར་བསྡད་དེ་མེ་ལ་བསྲོ་དུས་རྒྱབ་ནས་འཁྱབ་སབ་སིབ་ཀྱི་གྲང་རླུང་ཕོག་པའང་དྲན་གྱི་འདུག ད་དུང་དབྱར་ཁར་ཆར་སྨུག་ཆེ་དུས་སྦྲའི་ནང་དུ་བ་འཐིབས་ནས་མིག་ཆུ་ཡང་ཡང་ཐོན་ལ། ཕྱི་ཉིན་རི་མཐོ་ས་དང་སྤང་ཡོད་སར་འགྲོ་དུས་རང་གི་ལུས་སྟེང་དུ་ལྕི་བ་སྐམ་ནས་མེ་འབུད་བྱེད་དུ་སྤྱད་པའི་ཨོང་བའི་དུ་དྲི་བྲོ་བའང་ཚོར་ཐུབ། ཆེས་ཉེན་ཁའི་ཕྱོགས་ནི་དུ་སྨུག་དེའི་ཁྲོད་དུ་མིག་ཆུ་ཤར་ཤར་ངང་བསྡད་ནས་ཡུན་རིང་ཕྱིན་རྗེས་གློ་ནན་གྱིས་མ་བཟུང་བ་ནི་སྟབས་ལེགས་པ་ཞིག་རེད་མོད།དེ་སྔ་འབྲོག་པ་མང་པོར་གློ་ནད་བྱུང་ཡོད་མེད་ང་ཚོས་བསྡོམས་རྩིས་རྒྱག་རྒྱུ་མ་བྱུང་བ་རེད། གནས་ཚུལ་གཞན་ཞིག་ནི་དབྱར་ཀ་ཆར་ཞོད་ཆེ་བའི་དུས་སུ་མཚན་གུང་རུམ་ལ་ཆུ་བླུགས་འོངས་པ་དེ་རེད། ང་ཚོས་ཉལ་གདན་གྱི་འོག་ཏུ་སི་རུ་དང་རྩྭ་སྐམ་པོ་སོགས་འཇོག་ཅིང་། ཆར་ཆུ་ཤུགས་ཆེར་རྒྱས་ཏེ་སྦྲ་ནང་དུ་ཆུ་སླེབས་ཚེ་སི་རུ་དང་རྩྭ་སྐམ་གྱིས་མཚན་གཅིག་འཁྱོལ་བར་རོགས་རམ་གང་འཚམས་བྱེད་ཐུབ།

དགུན་གྱི་ལྷགས་རླུང་གིས་ས་གཞི་ཆེན་མོར་གས་ཁ་བཏོད་དུས་འབྲི་གཡག་གི་རྩིད་པ་ལས་གྲུབ་པའི་རེ་ཆེན་གྱི་སྐྱིབས་དེར་དྲོད་འཇམ་གྱི་འདུག་གནས་ག་ཚོད་ཅིག་ཡོད་མེད་ང་ཚོས་བསམ་བློ་བཏང་བ་ཙམ་གྱིས་ཧ་གོ་ཡོང་གི་རེད། དགུན་གྱི་དུས་སུ་སྦྲ་ནག་ཏུ་སྡོད་པའི་འབྲོག་པ་རྣམས་ལ་རྐང་ལག་ལ་དྲོད་རྒྱས་རྒྱུ་ཧ་ཅང་ཁག་པོ་ཡིན་པ་མ་ཟད། བྱིས་པ་རྣམས་ཀྱིས་རང་ལ་བདག་པོ་རྒྱག་མི་ཤེས་པས་ལྷག་པར་དུ་ལུས་ལ་དགོས་ངེས་ཀྱི་དྲོད་ཡོང་ཐུབ་ཀྱི་མེད། བུད་མེད་རྣམས་ནི་གཟུགས་པོའི་ཆོས་ཉིད་དབང་གིས་གྲང་བའི་ནད་ཀྱིས་འཛིན་སླ་ལ། གཟུགས་པོར་དྲོད་རྒྱས་མ་ཐུབ་པ་ལ་བརྟེན་ནས་གྲང་ནད་སླེབས་ཏེ་སྐྱེས་པ་དང་བསྡུར་ན་ཚེ་རིང་པོར་སྡོད་ཐུབ་ཀྱི་མེད་པ་རེད། སྐྱེས་པ་རྣམས་ཀྱང་ལོ་ལོན་པའི་ཚེ་རྐང་ལག་གི་ཚིག་ན་བ་དང་། ཞ་སྐུམ་ནད་ཀྱིས་མནར་ནས་ཉལ་སར་ལྷུན་གིན་ཡོད། ནད་འདི་དག་ཡོངས་སུ་སྦྲ་ནག་གིས་བསྐྱེད་པ་ཡིན་པར་བཤད་པ་མིན་ཡང་། སྦྲ་ནག་ལས་འཚོ་བ་རོལ་བས་དཀའ་ངལ་འདི་དག་དང་ལས་སླ་བོར་འཕྲད་ཀྱི་ཡོད། འདི་དག་ནི་ཆེས་ཉུང་ཤོས་ཀྱི་དཀའ་ངལ་རེད།

ཉེ་བའི་འཆར་ལས་གཞི་ཞིག་གི་ཆེད་དུ་བདག་གིས་བོད་ཀྱི་དམངས་སྲོལ་ཐད་དོ་སྣང་བྱེད་རྒྱུ་བྱུང་བར། དམངས་སྲོལ་བཤད་མཁན་མང་པོ་ཞིག་གིས་སྦྲ་ནག་རྒྱུན་འཛིན་དགོས་རབས་ཀྱི་ཉོག་གཏམ་སྤུངས་གསོག་བྱེད་ཀྱིན་འདུག་པ་མ་ཟད། སྐད་ཆ་དེ་དག་ལ་བསླུ་བྲིད་ཀྱི་རྣམ་པའང་མངོན་གསལ་དུ་འདུག མཚོ་སྔོན་བརྙན་འཕྲིན་ཁང་གིས་ཡང་ནས་ཡང་དུ་སྦྲ་ནག་ཉམས་ཆག་ཀྱི་སྐོར་ལ་སྡུག་སྐད་བཏོན་ཞིང་། དེ་ལས་གཞན་གྱི་ཡིག་ཐོག་གི་རྩོམ་མཁན་རེ་གཉིས་ཀྱིས་ཀྱང་སྦྲ་ནག་གལ་ཆེན་ཡིན་ཚུལ་དང་དེ་རྒྱུན་འཛིན་དགོས་རབས་ཀྱི་སྡུག་སྐད་བཏོན་འདུག སྣང་ཚུལ་འདི་དག་གིས་དམངས་ཁྲོད་དུ་སྦྲ་ནག་ཀ་བ་བརྒྱ་ཅན་བཟོས་ཏེ་སྦྲ་སྟོན་སོགས་ཀྱི་མཛད་སྒོ་བསྡུས་ཏེ་གླུ་ལེན་གར་རྩེ་བྱེད་བཞིན་པ་ནི་མ་འགྲིག་པ་ཞིག་ཏུ་མཐོང་གི་མི་འདུག་ལ། འཚོ་བ་རོལ་ཚེ་སྐྱིད་པོ་གཏོང་བའི་དུས་ཀྱང་དགོས་ངེས་རེད།

ཡིན་ཡང་། མཚོ་སྔོན་བརྙན་འཕྲིན་ཁང་དང་ཁང་བརྩེགས་ནང་དུ་འདུག་པའི་ལས་བྱེད་པ་དང་། ཡང་ན། གཙང་ཁང་ནང་དུ་འདུག་པའི་དགེ་འདུན་པ་རེ་འགས་ངེས་པར་དུ་སྦྲ་ནག་ཏུ་རྒྱུན་གཏན་འཚོ་བ་རོལ་དགོས་པའི་རེ་འདུན་འདོན་གྱི་འདུག འདི་ནི་ཧམ་བཤད་ཚ་བོ་ཞིག་ཡིན་པ་མ་ཟད། གཉིད་བཟང་པའི་ཞོགས་པར་སྦྲང་ནག་ཅིག་གིས་སེམས་ཁམས་དཀྲུགས་པ་དང་ཁྱད་པར་ཅི་ཡང་མི་འདུག སྙན་ངག་པ་གྲགས་ཅན་གཅན་རང་སད་ཀྱི་སྙན་ངག་ཅིག་ཏུ་སློབ་གྲྭ་བ་དང་ལས་བྱེད་པ་སོགས་ཀྱིས་གྲྭ་བ་ཚོས་བུད་མེད་ལ་རྩེད་དགོད་བྱེད་པའི་ཚུལ་ལ་སྡིགས་དམོད་བྱེད་ཀྱིན་པར་འདི་ལྟར་བྲིས་ཡོད་དེ། འོ་ན་ཁྱེད་རང་རབ་ཏུ་ཅིས་མི་བྱུང་།། གཟན་ཤམ་དམར་པོ་འདི་ལ་བདག་པོ་མེད།། ཅེས་ཟེར། གཏན་ཚིགས་འདིས་ང་ལ་བློ་གཟུར་བོར་གནས་པའི་དོན་ཞིག་བསྟན་པ་ནི་འདི་ལྟ་སྟེ། སྦྲ་ནག་ཏུ་འཚོ་བ་རོལ་དགོས་པར་དགོས་འདུན་འདོན་མཁན་དང་། དེའི་ཆེད་ཁྱབ་བསྒྲགས་འདྲ་མིན་གྱིས་མི་དམངས་ལ་འཇིགས་སྣང་སྤྲོད་མཁན་ཚོ་ཅིའི་ཕྱིར་སྦྲ་ནག་ཏུ་མི་འདུག་པ་རེད་དམ། མཚན་གཅིག་རིང་འབྲོག་ཁྱིམ་ཞིག་ཏུ་ཞག་སྡོད་བྱེེད་མི་འདོད་པ་ཁག་ཅིག་གིས་སྐད་ཆ་འདི་ལྟ་བུ་བཤད་པ་ནི་མགོ་གཡོག་མགོ་སྐོར་རེད། གུ་ཡངས་མོར་བཤད་ན་ཁོ་ཚོས་རང་ཚོད་ཀྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཆེད་བསམ་བློ་བཏང་བ་ཡིན་སྲིད་ཀྱང་། དེ་དང་མཉམ་དུ་གཤིབ་པའི་བོད་མི་རྣམས་ཀྱི་དངོས་ཡོད་འཚོ་བར་ཧ་ཅང་འཚམས་པོ་མིན་འདུག བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་མཁན་ནི་ནམ་ཡང་དཀའ་ངལ་ཆེ་ས་དང་། ཆ་རྐྱེན་ཞན་སར་བསྡད་ཀྱང་དེའི་ཁེ་བཟང་ཟ་མཁན་ནི་ཁ་ནས་སྟོང་ལབ་རྒྱབ་སྟེ་གོན་པ་གཙང་མ་གྱོན་ཞིང་། ཁ་ཤོམ་ཆེན་པོ་འཐེན་མཁན་དེ་དག་ལས་སུ་ཞིག་རེད། འདི་ནི་མི་གཞན་བྲན་གཡོག་ཏུ་བསྒྱུར་བའམ་བེད་སྤྱོད་ཀྱི་རྣམ་པ་གསར་བ་ཞིག་གི་འགོ་སླངས་པ་རེད་དམ།

སྦྲ་ནག་དྲན་འོས་ལ། སྦྲ་ནག་བོད་ཀྱི་རིག་གནས་ཀྱི་མཚོན་རྟགས་ཀྱང་ཡིན་ཆོག འོན་ཀྱང་། དེང་གི་སྐབས་སུ་རྒྱུན་གཏན་གྱི་འཚོ་བ་དེའི་ནང་ནས་རོལ་དགོས་པའི་དགོས་འདུན་འདོན་མཁན་ནི་ཁང་བརྩེགས་མཐོན་པོར་བསྡད་ནས་རོང་འབྲོག་མང་ཚོགས་ཀྱི་འཚོ་བ་དངོས་ལ་ཀུ་རེ་རྩེད་མཁན་ཚོ་ནམ་ཡང་ཡིན་མི་ཆོག རང་ཉིད་དུས་བཞིར་དྲོད་གྲང་མཉམ་པའི་ཁང་པར་བསྡད་ཀྱང་། འཚོ་བར་གདོང་གཏད་རྒྱུར་འཇིགས་ཞུམ་ཡོང་བཞིན་པར། ལས་བརྩོན་དཔའ་ངར་ཅན་གྱི་སྤུན་ཟླ་རྣམས་ཀྱིས་དབྱར་ཉལ་དུས་ཉལ་སར་ཆུ་མི་ཡོང་བ་ཞིག་དང་། དགུན་ཉལ་དུས་ལུས་དྲོ་ཡང་སྣ་གྲང་ཡོང་བའི་གནས་བབ་ལ་འགྱུར་ལྡོག་ཅུང་ཙམ་བཏང་བར་མ་དགའ་བ་བྱས་ཏེ་མགོ་སྐོར་གཏན་ནས་གཏོང་འདོད་མེད་ལ། དེ་ལྟ་བུའི་འགྱུར་ལྡོག་ཕྲན་ཙམ་ལ་གཏོར་བཤིག་གི་ལས་ངན་བསགས་དགོས་པའི་དོན་ལའང་བསམ་བློ་འཁོར་ཐུབ་ཀྱི་མི་འདུག བྱེད་སྟངས་འདི་དག་གི་རྐྱེན་གྱིས་ཁོ་ཚོས་བོད་ཡར་རྒྱས་འགྲོ་དགོས་ཞེས་ནམ་རྒྱུན་བཤད་ཀྱིན་པའི་ནང་དོན་དོན་དངོས་སུ་ཅི་ཞིག་ཡིན་པ་ངས་རྟོགས་ཐུབ་ཀྱི་མི་འདུག

      ༢༠༡༤།༧།༢ཟིན་བྲིས་བགྱིས།