འདས་ལོའི་དབྱར་ཁར་ངས་ནུབ་ཕྱོགས་ཀྱི་སྒྲུང་རྩོམ་ཞིག་བོད་ཡིག་ཏུ་བསྒྱུར་གྲུབ་ནས་དེ་ལ་“གླེང་བརྗོད་”ཀྱི་རྩོམ་སྐུལ་ཞིག་ཕྲན་གྱི་གྲོགས་པོ་ཞིག་ལ་ཞུས་པ་ཡིན། དུས་དེར་གླེང་བརྗོད་ཅེས་པའི་སྐོར་ལ་གཞི་ནས་དོ་སྣང་ཞིག་སླེབས་བྱུང་། དོ་སྣང་སླེབས་དགོས་དོན་ནི་དེང་སང་བོད་ལ་གླེང་བརྗོད་ཅེས་པ་དར་ཁྱབ་ཆེན་པོ་རེད་ལ། ཉེ་ཆར་པར་སྐྲུན་བྱས་པའི་དེབ་རིགས་འདྲ་མིན་གྱི་མགོ་ན་གླེང་བརྗོད་མེད་པའི་དེབ་ཧ་ཅང་དཀོན། རྐྱེན་དེས་དྲངས་ཏེ་བོད་ཀྱི་རྩོམ་རིག་ལོ་རྒྱུས་དང་ཚིག་མཛོད་སོགས་ཀྱི་ནང་དུ་གླེང་བརྗོད་ལ་ལམ་ལུགས་ཡོད་མེད་བཙལ་བ་ཡིན། ངའི་ལག་སྣེར་ཡོད་པའི་རྩོམ་རིག་ལོ་རྒྱུས་ཀྱི་དེབ་ཐེར་དེ་དག་གི་ནང་དུ་གླེང་བརྗོད་ཀྱི་གསལ་བཤད་ཡོད་པ་ཕར་ཞོག ཐ་ན་ཚིག་མཛོད་ཁག་ཏུའང་གླེང་བརྗོད་ཅེས་པའི་ཚིག་འདི་རྙེད་ཐབས་བྲལ། ཡིན་ནའང་ཚིག་མཛོད་ཅིག་ཏུ“གླེང་གཞི”ཞེས་པ་ནི“རྩོམ་གཞུང་གི་ནང་དོན་དངོས་གཞིའི་སྔོན་དུ་བྲིས་པའི་གསལ་བཤད་ཀྱི་མིང་།”ཞེས་དང་། ཡང་ཚིག་མཛོད་གཞན་ཞིག་ཏུ“བསྟན་བཅོས་ཀྱི་སྔོན་དུ་རྗོད་པའི་དོན་རྣམས།”ཞེས་བྲིས་འདུག

བོད་ཀྱི་ཚིག་མཛོད་ཁག་ཏུ་གླེང་གཞི་ཞེས་པའི་མིང་འདི་མཐོང་རྒྱུ་ཡོད་པ་ལྟར། བོད་ཀྱི་བསྟན་བཅོས་རྙིང་པ་ཁག་ཅིག་ཏུའང་གླེང་གཞི་ཞེས་པའི་མིང་འདི་མང་པོ་འབྱུང་། མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པའི་མཆོད་བརྗོད་དང་རྩོམ་པར་དམ་བཅའ་བའི་འོག་ཏུ“གླེང་གཞིའི་ཚུལ་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་བདེན་པ་གཉིས་སམ། ལུང་དང་རྟོགས་པ། བཀའ་བསྟན་བཅོས་གཉིས་སུ་བསྡུས་པའི་སྐོར”ཞེས་དང་། ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་དུ“ཤིས་བརྗོད་དང་འབྲེལ་བའི་གླེང་གཞི”ཞེས་པ་ལྟ་བུ། ད་དུང་རབ་གསལ་གསེར་གྱི་སྙེ་མའི་ནང་དུ“མཆོད་པར་བརྗོད་པས་སྐབས་ཕྱེ་སྟེ་ལྔ་པ་ཆེན་པོའི་རྟོགས་བརྗོད་དང་། སྤྲུལ་གཞི་གཅིག་གི་སྤྲུལ་པ་དུ་མས་འགྲོ་དོན་མཛད་པའི་སྐོར་གྱི་གླེང་གཞི་རྒྱས་པ”ཞེས་སོགས་གསལ། སྐབས་རེར་བོད་ཀྱི་གནའ་རབས་ཀྱི་མཁས་པ་ཚོས་བསྟན་བཅོས་ཀྱི་ནང་དོན་དང་ངོ་སྤྲོད་སོགས་བསྟན་བཅོས་ཀྱི་དངོས་གཞིའི་སྔོན་དུ་མ་བྲིས་པར་བསྟན་བཅོས་ཀྱི་མཇུག་ཏུ་བྲིས་པའང་མཐོང་། དཔའ་བོ་གཙུག་ལག་ཕྲེང་བས་དེབ་ཐེར་སྔོན་པོའི་ཡན་ལག་ལྔ་པ་སྟེ་ཡུལ་སྤྱི་དང་ཤེས་བྱའི་གཙོ་བོ་རིག་གནས་ལྔ་བྱུང་ཚུལ་གསུངས་རྗེས། དེབ་འདིའི་ལེའུ་རེ་རེའི་མིང་དང་། དེབ་དེ་ས་སྐྱོང་པ་ཆེན་པོ་བསོད་ནམས་རབ་བརྟན་གྱིས་བསྐུལ་ངོར་མཛད་པ། གནས་གང་དུ་བྲིས་པ་སོགས་གླེང་གཞིའི་ཚུལ་དུ་གསུངས་འདུག་ལ། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་དུའང་ཉང་ཉི་མ་འོད་ཟེར་གྱིས་བསྟན་བཅོས་དེ་ཉིད་མཛད་དགོས་པ་རྒྱུ་མཚན་སོགས་མཇུག་བསྡུའི་གཏམ་དང་མཛད་བྱང་གི་ནང་དུ་གསུངས་ཡོད་པས། འདིར་དཔེར་མཚོན་མང་པོ་ཞུ་དགོས་དོན་མེད་པར་སྙམ།

འོན་ཀྱང་། གནའ་རབས་ཀྱི་བསྟན་བཅོས་ཁག་ལས་མཐོང་བ་ནི། སྔོན་བྱོན་མཁས་པ་ཚོས་བསྟན་བཅོས་ཤིག་མཛད་རྗེས་དེ་ལ་རང་གི་བླ་མ་དང་། མཁས་པ། ཡང་ན་སློབ་མ་གང་རུང་ཞིག་གིས་བསྟན་བཅོས་དེའི་ཆེ་བ་རྗོད་པའི་རྗོད་ཚིག་དེ་འདྲ་བསྟན་བཅོས་དང་མཉམ་དུ་སྦྱར་ནས་ཤིང་པར་དུ་འདེབས་པའི་ལུགས་སྲོལ་ཞིག་ཧ་ལམ་བྱུང་མི་འདུག་སྙམ།

བོད་དུ་བསྟན་བཅོས་ཁག་གི་རྩོམ་གཞུང་གི་དངོས་གཞིའི་སྔོན་དུ་མི་གཞན་གྱིས་གླེང་གཞི་འབྲི་བའི་ལུགས་སྲོལ་བྱུང་བའི་དུས་ནི་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་སྔོན་ཡིན། དེའི་རྒྱུ་མཚན་ནི་བོད་ཀྱི་དཔེ་སྐྲུན་ཁང་དག་གིས་གནའ་རབས་ཀྱི་དཔེ་རྙིང་གླེགས་བམ་ཁག་པར་སྐྲུན་བྱས་པ་དེ་དག་གི་མགོ་ན་ཉེ་རབས་ཀྱི་མཁས་པ་ཚོས་དཔེ་རྙིང་དེ་དག་ལ་བསྐྱར་ཞིབ་གནང་བའི་རྩོམ་ཡིག་གམ་ངོ་སྤྲོད་རྩོམ་ཡིག་མཐོང་རྒྱུ་ཡོད་པ་དེ་དག་གི་མིང་ལ“གླེང་གཞི”ཞེས་མིང་འདི་བཟླས་ཏེ་བཀོད་ཡོད་ལ། སྐབས་རེར“ནང་དོན་སྙིང་བསྡུས་ངོ་སྤྲོད”ཅེས་པ་ལྟ་བུའང་འདུག འདིའི་ཤུགས་རྐྱེན་ལ་བརྟེན་ནས་ཉེ་རབས་ཀྱི་མཁས་པ་ཚོས་བསྟན་བཅོས་ཤིག་རྩོམ་སྐབས་དེ་ལ་རང་གིས་གླེང་གཞི་འབྲི་བའི་ལུགས་སྲོལ་ཞིག་བྱུང་བ་མ་ཟད། ཐ་ན་དཔྱད་རྩོམ་འབྲི་མཁན་དག་གིས་ཀྱང་རྩོམ་ཡིག་གི་དངོས་གཞི་སྔོན་དུ་གླེང་གཞི་འདི་སྤྱོད་འགོ་ཚུགས་ཡོད། འོན་ཀྱང་། བོད་རྒྱ་ཚིག་མཛོད་ཆེན་མོ་དང་། དག་ཡིག་གསར་བསྒྲིགས་སོགས་སུ“གླེང་བརྗོད”ཅེས་པའི་མིང་འདི་བཀོད་མེད་པ་ལ་བལྟས་ན། བོད་དུ་གླེང་བརྗོད་དང་དེའི་ལམ་ལུགས་དར་ནས་དུས་ཡུན་རིང་པོ་འགོར་མེད་པ་ཤེས་ཐུབ། ལོ་རབས་བརྒྱད་ཅུ་དང་ལྷག་པར་དུ་ལོ་རབས་དགུ་བཅུ་པའི་ནང་དུ་མི་སྒེར་བའི་ངོས་ནས་དེང་རབས་རྩོམ་རིག་སྒྱུ་རྩལ་གྱི་དུས་དེབ་སོགས་འདོན་སྐབས། དེ་ལ་རྩོམ་པ་པོའམ་སྙན་ངག་པ་ཞིག་གིས་ཡ་རབས་ཀྱི་སྒོ་ནས་དེབ་དེའི་རྩོམ་པ་པོ་དང་དེབ་ཀྱི་ཁྱད་ཆོས་སོགས་ཀྱི་སྐོར་ལ་རྩོམ་ཡིག་འབྲི་བའི་ལམ་སྲོལ་བྱུང་བ་དེ་ལ“གླེང་བརྗོད”ཅེས་པའི་མིང་འདི་གསར་དུ་བཏགས་ཡོད་ལ། ཡང་སྐབས་རེར“སྔོན་གླེང”ཞེས་པའི་མིང་གི་རྣམ་གྲངས་གཞན་ཞིག་ཀྱང་སྤྱོད་བཞིན་ཡོད་སྟབས། འདི་ལ་གཅིག་གྱུར་གྱི་མིང་ཞིག་ད་བར་དུ་བྱུང་མེད། ཡིན་ནའང་དེང་སང་ང་ཚོའི་ཁ་ན་འབྱམས་ཡོད་པ་ནི་གླེང་བརྗོད་ཅེས་པ་འདི་ཡིན།

ང་ཚོར་གླེང་གཞི་དང་། གླེང་བརྗོད། སྔོན་གླེང་སོགས་ཀྱི་སྐོར་ལ་ལམ་དང་ལུགས་སྲོལ་གྱི་གཞུང་ལུགས་ལྟ་བུ་མེད་སྟབས། སྐབས་རེར་མིང་འདི་དག་ཁྱད་མེད་དུ་སྤྱོད་བཞིན་ཡོད། དེར་བརྟེན་ངས་ནུབ་ཕྱོགས་པར་འདི་ལ་ལམ་དང་ལུགས་སྲོལ་ཡོད་མེད་བརྟག་ཆེད་འབྲེལ་ཡོད་ཀྱི་རྩོམ་ཡིག་རེ་ཟུང་དང་ཚིག་མཛོད་འགའ་བསྔོགས་པ་ཡིན།

ཧྥ་རན་སིའི་སྐད་དུ་བྲིས་པའི་ཚིག་མཛོད་ཅིག་ཏུ་གླེང་གཞི་(Introduction)ནི“བསྟན་བཅོས་རྩོམ་མཁན་ཞིག་གིས་བསྟན་བཅོས་ཀྱི་སྔོན་དུ་གླེང་བའི་གཏམ་ལ་གོ”ཞེས་དང་། གླེང་བརྗོད(Préface)ཅེས་པ་ནི“རྩོམ་ཡིག་གི་སྔོན་དུ་གླེང་བའི་རྗོད་པ་ལ་ཟེར།”ཞེས་བྲིས་འདུག དྲ་རྒྱའི་རྩོམ་ཡིག་ཅིག་ཏུ་གླེང་གཞིའི་འགྲེལ་བཤད་འདི་ལྟར་བྲིས་ཡོད། གླེང་གཞི་ནི་བསྟན་བཅོས་རྩོམ་མཁན་གྱི་རྩོམ་པ་པོས་འབྲི་སྲོལ་ཤུགས་ཆེ་ལ། གླེང་གཞིའི་ནང་དུ་གཙོ་བོ་རང་གི་བསྟན་བཅོས་ཀྱི་སྤྱི་ཁོག་ཙམ་ཞིག་ངོ་སྤྲོད་བྱེད་རྒྱུ་དེ་རེད་ཅེས་བྲིས་འདུག ཡང་རྩོམ་གཞན་ཞིག་ཏུ་གླེང་གཞི་ནི་བསྟན་བཅོས་རྩོམ་མཁན་གྱིས་མི་འབྲི་བར་མཁས་པ་ཞིག་གིས་འབྲི་བར་བྱེད་ཅིང་། གཙོ་བོ་བསྟན་བཅོས་ཀྱི་ནང་དོན་དང་སྤུས་ཀ་སོགས་དབྱེ་ཞིབ་ཡོད་པའི་སྒོ་ནས་ངོ་སྤྲོད་དང་། བསྐྱར་ཞིབ་ལྟ་བུ་བྱེད་པ་དེ་རེད་ཅེས་གསལ་ལ། གླེང་བརྗོད་ནི་རྩོམ་རིག་སྒྱུ་རྩལ་དང་འབྲེལ་བའི་དེབ་རིགས་ལ་སྤྱོད་ཅིང་། གླེང་བརྗོད་འབྲི་མཁན་ནི་དེབ་རྩོམ་མཁན་མིན་པར་མི་སྣ་གཞན་ཞིག་ཡིན། མི་སྣ་དེ་ནི་མི་སྐད་གྲགས་ཅན་ཞིག་གམ་ཡང་ན་དེབ་དེའི་བརྗོད་གཞིའི་སྐོར་ལ་ཕྱག་ལས་གནང་མཁན་དང་ཉམས་མྱོང་ཡོད་མཁན་ཞིག་ཡིན། དེ་ལྟ་བུའི་མི་དེས་དེབ་གང་རུང་ཞིག་གི་གླེང་བརྗོད་འབྲི་སྐབས་རྩོམ་པ་པོ་ངོ་སྤྲོད་དང་འབྲེལ་བའི་སྒོ་ནས་དེབ་དེའི་དམིགས་བསལ་གྱི་ཁྱད་ཆོས་དང་རིན་ཐང་གཙོ་འདོན་གྱིས་ཀློག་པ་པོ་དག་ལ་ངོ་སྤྲོད་གནང་དགོས་པ་དང་། དེས་དེབ་དེ་སྐད་གྲགས་འབྱུང་བའམ་ཡང་ན་དེབ་དེ་བྲིན་པར་ཕན་ཐོགས་ཆེན་པོ་ཡོད་ཅེས་བྲིས་འདུག

ངས་གླེང་གཞི་དང་གླེང་བརྗོད་གཉིས་ཀྱི་སྒྲ་བཤད་དང་གསལ་བཤད་འདི་དག་བཀླགས་རྗེས། སྔོན་གླེང་(Avant-propos)གི་སྐོར་རྙེད་བྱུང་བ་འདི་ལྟར། སྔོན་གླེང་ནི་“གླེང་བརྗོད་དང་འདྲ་བར་རྩོམ་ཡིག་གི་སྔོན་དུ་གླེང་བའི་རྗོད་ངག་ཅིག་རེད།”ཅེས་བྲིས་འདུག་ལ། སྔོན་གླེང་ནི་དེབ་འབྲི་མཁན་གྱི་རྩོམ་པ་པོས་འབྲི་སྲོལ་ཆེ་ཞིང་། རྩོམ་པ་པོས་གླེང་བརྗོད་ཀྱི་ནང་དུ་དེབ་དེ་ལྟ་བུ་ཞིག་འབྲི་དགོས་པའི་རྒྱུ་མཚན་དང་། དེབ་དེ་འདྲ་ཞིག་འབྲི་བའི་བསམ་བློ་ཇི་ལྟར་འཁོར་བ། དེ་བཞིན་དུ་དེབ་ཀྱི་ནང་དོན་སོགས་ཚིག་ཉུང་དོན་བསྡུས་ཀྱི་སྒོ་ནས་ཀློག་པ་པོ་ཚོར་གསལ་བཤད་དང་། དེབ་དེར་རོགས་རམ་བྱེད་མཁན་གྱི་མི་སྣ་དག་ལའང་ཐུགས་རྗེ་ཆེ་ཞུ་ཆོག་པ་རེད་ཅེས་གསལ་ཞིང་། འགྲེལ་བཤད་འདི་དག་རྩོམ་ཡིག་རེ་ཟུང་ལས་བཏུས་པ་ཡིན་སྟབས། དཔྱད་གཞིར་འགྲོ་མིན་ངས་མི་ཤེས།

ནུབ་ཕྱོགས་ཀྱི་རིག་གཞུང་ཁྲོད་དུའང་གླེང་གཞི་དང་གླེང་བརྗོད། སྔོན་གླེང་འབྲི་བའི་ལམ་སྲོལ་འདི་ལ་རྣམ་གཞག་ཅིག་མེད་པ་འདྲ། ཡིན་ནའང་ནུབ་ཕྱོགས་པར་ལམ་སྲོལ་འདི་ཐོག་མར་དར་སྐབས་གླེང་གཞི་དང་གླེང་བརྗོད་གཉིས་རྩོམ་མཁན་རང་ཉིད་ཀྱིས་འབྲི་བ་ལས་མི་གཞན་གྱིས་འབྲི་བའི་ལམ་སྲོལ་མེད་ནའང་། རིམ་གྱིས་གླེང་གཞི་དང་གླེང་བརྗོད་གཉིས་ཀ་མི་གཞན་ཞིག་གིས་འབྲི་བ་དང་། སྔོན་གླེང་ནི་རྩོམ་པ་པོ་རང་ཉིད་ཀྱིས་འབྲི་བའི་འཕོ་འགྱུར་ཞིག་བྱུང་འདུག དེ་བཞིན་དུ་རྒྱ་ནག་ལའང་གླེང་བརྗོད་(前言)ཀྱི་ལམ་སྲོལ་འདི་བོད་ཡུལ་དུ་མ་དར་བའི་སྔོན་ལ་བྱུང་ཡོད་པ་མ་ཟད། ༡༩༦༠ལོར་པར་སྐྲུན་བྱས་པའི་བོད་ཡིག་གི་མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བསྡུས་ཀྱི་མགོ་ན་ཡོད་པའི་གླེང་བརྗོད་ནི་མི་རིགས་གཞན་གྱིས་བྲིས་པའི་གླེང་བརྗོད་ཅིག་བོད་ཡིག་ཏུ་བསྒྱུར་བ་ཐོག་མ་ཆགས་ཀྱི་ཡོད།

དེང་སང་བོད་ལ་དར་ཁྱབ་ཆེ་བ་ལྟར་ནུབ་ཕྱོགས་སུའང་རྒྱུགས་ཆེ་བ་ནི་གླེང་བརྗོད་ཡིན། སྤྱིར་བཏང་གླེང་བརྗོད་ནི་གོང་དུ་གསལ་བ་ལྟར་མི་ཞིག་གིས་བྲིས་པའི་དེབ་ལ་མི་གཞན་ཞིག་གིས་ཡ་རབས་ཀྱི་སྒོ་ནས་ཀློག་པ་པོ་ཚོར་དེབ་རྩོམ་མཁན་གྱི་ལོ་རྒྱུས་དང་། དེབ་ཀྱི་ནང་དོན། ཁྱད་ཆོས་སོགས་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རྒྱུ་དེ་རེད། དེབ་གཟིགས་མཁན་རྣམས་ཀྱིས་ཀྱང་གླེང་བརྗོད་ལ་བརྟེན་ནས་དེབ་ཀྱི་སྤྱི་ཁོག་ཙམ་མིན་པར་རྩོམ་པ་པོའི་ལོ་རྒྱུས་དང་། རྩོམ་པ་པོས་དེབ་དེ་བྲིས་པའི་གོ་རིམ་སོགས་རགས་རམ་ཙམ་ཞིག་ཤེས་ཐུབ་པ་མ་ཟད། དེབ་དེ་ཀློག་འདོད་ཡོད་མེད་དང་། ཉོ་འདོད་ཡོད་མེད་ཀྱང་གླེང་བརྗོད་ལ་བརྟེན་ནས་ཐག་གཅོད་བྱེད་ཐུབ་ཀྱི་ཡོད། ཡང་། གླེང་བརྗོད་འབྲི་མཁན་ཞིག་གིས་གླེང་བརྗོད་ཀྱི་ནང་དུ་དེབ་འབྲི་མཁན་ལ་བསྟོད་བསྔགས་དང་བརྩམས་ཆོས་ལ་གདེངས་འཇོག་ཆེན་པོ་བྱས་ཡོད་ཚེ། དེས་རྩོམ་པ་པོ་དེར་སེམས་ཤུགས་འཕར་བ་དང་བློ་སྟོབས་རྒྱས་པར་ཕན་ཐོགས་ཡོད་སྟབས། གླེང་བརྗོད་ནི་ཧ་ཅང་དགོས་ངེས་ཅན་ཞིག་རེད་ལ། གླེང་བརྗོད་ཀྱི་དགེ་མཚན་གཙོ་བོ་གཅིག་འདི་ཡིན།

འོན་ཀྱང་། གླེང་བརྗོད་གལ་ཆེན་པོ་ལོས་ཡིན་ཀྱང་། གླེང་བརྗོད་འབྲི་མཁན་ནི་དེ་ལས་ཀྱང་གལ་ཆེན་པོ་ཡིན། མི་ཞིག་གིས་བྲིས་པའི་དེབ་ལ་རིན་ཐང་ཡོད་མེད་ལ་མ་ལྟོས་པར་སྙན་གྲགས་རྒྱས་པའི་མི་ཞིག་གིས་གླེང་བརྗོད་བྲིས་ཡོད་ཚེ། དེས་ཀློག་མཁན་མང་པོ་འབྱུང་བར་ཕན་ཐོགས་ཡོད་ལ། ཞོར་དུ་དེབ་འབྲི་མཁན་ཀྱང་ཁྱབ་བསྒྲགས་ཆེན་པོ་བྱེད་ཀྱི་ཡོད་པར་བརྟེན། ནུབ་ཕྱོགས་ཀྱི་དེབ་མང་པོ་ཞིག་གི་མདུན་ཤོག་ན་རྩོམ་མཁན་གྱི་མིང་ཡོད་པ་མ་ཟད། གླེང་བརྗོད་འབྲི་མཁན་གྱི་མིང་ཡང་ལྷན་ཐབས་སུ་འགོད་པའི་འགྱུར་བ་ཞིག་བྱུང་འགོ་ཚུགས་ཡོད། སྐབས་རེར་དཔེ་སྐྲུན་ཁང་དག་གིས་ཀྱང་དེབ་ཀྱི་སྤུས་ཀ་ལ་མི་གཟིགས་པར་གླེང་བརྗོད་འབྲི་མཁན་སྐད་གྲགས་ཅན་ཞིག་ཡིན་ཚེ་ཚམ་ཚོམ་མེད་པར་པར་སྐྲུན་བྱེད་ཀྱིན་ཡོད།

བོད་དུའང་གླེང་བརྗོད་ཡག་པོ་འབྲི་མཁན་མེད་པའི་དཀའ་ངལ་ཡོད་པ་མ་རེད། ཡིན་ནའང་ང་ཚོའི་དཀའ་ངལ་ནི་དེབ་ཉོ་མཁན་གྱི་ཀློག་པ་པོ་མེད་པ་དེ་རེད། བོད་ཕྱི་ནང་གི་པར་སྐྲུན་བྱས་པའི་དེབ་རིགས་འདྲ་མིན་གྱི་དཔར་ཐེངས་དག་ལ་བསམས་ན་ཧ་ཅང་ཡིད་མུག་པ་ཡོད། ང་ཚོའི་རྩོམ་འབྲི་བ་ཚོས་དཀའ་ངལ་བརྒྱབ་ནས་འགྲོ་སོང་བཏང་བའི་དེབ་དེ་དག་བརྒྱ་སྐོར་ཞིག་ལས་བྲིན་གྱི་མེད་ནའང་། ད་དུང་སེམས་ཤུགས་མ་ཆགས་པར་ཡོད་པ་འདི་དགའ་འོས་པ་ཞིག་ཡོད། འདི་དག་ལ་བསམས་སྐབས་ང་ཚོའི་མི་རབས་འདིའི་ཤེས་ཡོན་པ་དག་གི་ལས་ཀ་དེ་ཡང་དེབ་དང་གླེང་བརྗོད་བྲིས་ནས་མི་ཚེ་སྐྱེལ་བ་མ་གཏོགས། དེབ་དང་གླེང་བརྗོད་ལ་བརྟེན་ནས་ཞོ་དངུལ་ཉུང་ཙམ་རག་པའི་ལས་ཀ་དེ་མ་རེད་འདོད་བྱུང་།