—རྩོམ་འདི་ནི་མགོ་རུལ་བ་སྣས་མ་ཚོར་བའི་དྲ་འབུ་ཀུན་ལ་ཕུལ་བ་ཡིན།

ལོ་ངོ་མང་དག་ཅིག་གི་རིང་དུ་དྲ་རྒྱའི་སྤྱི་ཚོགས་ཀྱི་ནང་དུ་རྩོམ་ཡིག་འབྲི་བོ་ཡིན་ཟེར་མཁན་མང་ཙམ་ཞིག་གིས་ཡི་གེའི་གད་སྙིགས་སྤུངས་སྟེ། སྣང་བ་མཐོ་མཐོ་བོ་བྱེད་ཀྱིན་ཡོད་པ་ནི་ལུག་རྫི་དཀར་ལྡིང་ཆོས་སྐྱོང་འཇིགས་བྱེད་དུ་རྫུས་པའི་གཏམ་ལས་མ་འདས་ཏེ། ཁོ་བོས་གནའ་ནས་ད་ལ་ཐུག་གི་བར་དུ་རང་རེའི་དྲ་འབུ་རྣམས་ཀྱི་རྩོམ་ཡིག་ལེགས་པོ་འདི་རེད་ཟེར་བ་ཞིག་ནི་མ་མཐོང་ཞིང་། དེ་སྔ་དྲ་ཐོག་གི་ཆེ་ཆེ་རྫིག་རྫིག་མང་དག་ཅིག་གིས་གླེང་བར་བྱ་བའང་ཡིག་ཚོགས་ཀྱི་གྲངས་ཙམ་ཡིན་པ་དེ་ཉིད་དོ།

རང་རེའི་བོད་པ་རྣམས་ལ་ཧ་ཅང་རྒྱུན་ལྡན་དང་རྩོད་པར་བྱ་བ་ཅི་ཡང་མེད་པའི་གཏམ་བདེན་པ་སྨྲས་ན་འདི་ལྟ་སྟེ། རྩོམ་རིག་བརྩམས་ཆོས་ཟེར་བ་དཔར་བསྐྲུན་བྱས་ཏེ་སྤྱི་ཚོགས་ནང་འགྲེམས་སྤེལ་བྱེད་པ་ནི་རྒྱུ་ཆེན་ཡིག་རྨོངས་སེལ་ཙམ་དག་གིས་འགྲོ་སོང་གྲས་སུ་མི་བརྩི་བའི་དངུལ་ལྷག་གིས་ཤོག་བུ་ཆགས་པ་བཟོ་བའི་ལས་རིམ་ཞིག་བཀོད་སྒྲིག་བྱས་པ་དེ་ཙམ་དུ་འགྲོ་བཞིན་པའི་སྣང་ཚུལ་ཤིན་ཏུ་མང་ནའང་། ལེགས་པའང་མང་དག་ཅིག་ཐོན་བཞིན་པ་དེས་དྲ་བ་ལས་བསྔགས་འོས།

ཁ་རུབ་ཀྱི་སྤྱི་ཚོགས་སུ་འདི་ལྟར་བགྱི་བ་ལ་ཧོན་ཐོར་དགོས་པའི་རྒྱུ་མཚན་ཅི་ཡང་མེད་ནའང་། རྫིག་པོ་བྷོ་ལྡི་ལེར་འཁྲབ་མཁན་དང་། མཁས་པ་ས་པཎ་གྱི་བཟོ་སྟོན་མཁན་མང་ཙམ་ཡོད་པས་རྣམ་པ་འདྲ་མིན་གྱི་ཕྱི་ལྤགས་འདི་ཉིད་ཀྱིས་བུ་བཅོལ་ཁང་གི་བྱིས་པ་མཚར་ཉམས་དོད་པོ་ཅན་ཚུན་ཆད་ལ་ལན་ལོག་ཅིག་བཏབ་མི་འོང་ངམ་སྙམ་པའི་དོགས་པ་སླེབས་ཤིང་། ཧ་ཅང་བླུན་པོའི་ཀླད་པའི་ནང་དུ་གང་དྲན་ཡིག་ཐོག་ཏུ་བཀོད་པའི་སྦྲུམ་མ་བུ་ཤོར་གྱི་ངུ་སྐད་ལྟ་བུའི་སྙན་ངག་ཟེར་བ། བབ་བཅོལ་དྲག་བསྒྲིགས་ཀྱི་ཁྱི་རྒྱག་སྐར་མར་ཟུག་པ་ལྟ་བུའི་སྤྱི་ཚོགས་དཔྱད་བརྗོད་ཟེར་བ་ལྟ་བུ། བྲང་ཁ་ཉི་མར་ལྡེ་བའི་ལོ་ལོན་ཧོན་ལོག་གི་གནའ་གཏམ་མགོ་སྔ་མི་ཚང་བ་ལྟ་བུའི་སྒྲུང་གཏམ། འདི་དག་འབྲི་བ་བོ་སྟེ། དྲ་ཐོག་ནས་དཔྱད་མཆན་བྲིས་ཏེ་མི་གཞན་ལ་བཀོད་འདོམས་འཇོག་མཁན་གྱི་གླེན་པ་ཁ་ནག་དག་གིས་རྩོམ་རིག་ཟེར་བ་ཟ་རྒྱུ་ཞིག་གམ་འཐུང་རྒྱུ་ཞིག་ཡིན་པའང་མི་ཤེས་པར་ཤོག་བུ་དཀར་བོའི་སྟེང་དུ་ཡི་གེ་ནག་པོ་བྲིས་པ་ཙམ་གྱིས་འགྲིག་སྙམ་སྐྱེས་ཀྱི་ཡོད་ནའང་། ཁ་སྤོབས་ཆེན་པོས་མཐུན་འབྲེལ་དང་ཆིག་སྦྲིལ། རིག་གཞུང་དང་བོད་སོགས་མང་ཙམ་སྨྲའོ།

དོན་དངོས་སུ་རྒྱ་གར་བ་པོ་ཅིན་ནང་བཞིན་ཆོས་ལུགས་མི་སྣའི་བཟང་ངན་དེ་དད་པའི་ཡུལ་གྱིས་འབྱེད་ཀྱིན་པའི་ལྟ་བར་དགག་པ་རྒྱག་མི་ཐུབ་ལ། ཁ་ཆེ་དང་ནང་པ། ཨ་མདོ་དང་ཁམས་པ། དབུས་གཙང་དང་མངའ་རིས་གཞི་གཅིག་གི་སྟེང་དུ་འདུས་པའི་སྤོབས་པ་དེ་བསྐྲུན་ཐུབ་ཀྱི་མེད་པར་རང་གཅེས་ཡན་གར་བའི་བླུན་སྤྱོད་ཀྱིས་རྩོམ་ཡིག་གི་གཤོག་པ་བསྡམས་ཀྱིན་པ་ནི་ཤི་བོ་སེམས་ཁུར་ཅན་དག་གིས་མི་བཙུམས་མི་ཐུབ་པའི་གནས་ལུགས་ཤིག་ཏུ་ངེས། འདི་ལྟ་བུ་དག་གིས་རྩོམ་ཡིག་ཤེས་ནས་འབྲི་མཁན་དག་ལ་ཇི་ཙམ་བརྗོད་ཀྱང་ཕན་གནོད་གང་ཡང་མི་འགྲོ་མོད། དེ་རིང་དཔྱད་མཆན་ཁག་ཅིག་བཀླགས་པ་ལས་བྱུང་བའི་བསམ་ཚུལ་ཐོལ་བྱུང་མ་འདི་ཡིན་ནོ།། །།