གྲོགས་པོ་ཉེ་བོ་མཉམ་འཛོམས་ཀྱི་སྐབས་སུ་ང་ཚོས་སྙན་ངག་དང་། ལོ་རྒྱུས་ཀྱི་ཉམས་ཉེས། མི་རིགས་ཀྱི་བསམ་བློ། དུས་རབས་ཀྱི་དགོངས་པ་ལྟ་བུའི་མདུན་སྐྱོད་ཀྱི་གལ་ཆེའི་རང་བཞིན་དག་ལ་བགྲོ་གླེང་བྱེད་ཀྱི་ཡོད་ལ། རྩོད་པའི་མཐའ་ལ་གཏུགས་ཏེ་ངལ་དུབ་ཀྱང་འབྱུང་གི་ཡོད། ཡིན་ཡང་། གནད་དོན་གལ་ཆེན་ཞིག་ལྷག་ཡོད་པ་ནི་ང་ཚོས་ནམ་ཡང་རྩོད་པའི་ཁྱབ་ཁོངས་ལ་རིགས་དགར་གྱི་འདུ་ཤེས་རྙེད་ཀྱི་མེད་ལ་”སྲོལ་དགག་”གི་འབྱུང་རྩ་ལ་ངེས་ཤེས་འཐུས་ཚང་ཀྱང་སྐྱེས་ཐུབ་མེད། ལོ་ངོ་མང་དག་ཅིག་གི་རིང་ལ་གནའ་བོའི་ཤེས་རིག་གིས་བསྐྱེད་པའི་བག་ཆགས་སམ།གནའ་བོའི་ཤེས་རིག་གི་འདུ་ཤེས། དེ་ལས་བྱུང་བའི་ངོས་འཛིན་དག་ནི་རང་གི་བློ་ངོར་ནམ་ཞར་འཕྲོད་པོ་མིན་པའི་དཀའ་ངལ་དེ་ནི་དངོས་ཡོད་དང་ཁ་ཐག་རིང་བའི་རྐྱེན་གྱིས་ཡིན་ཡང་། དེ་ཉིད་སྟོན་པའི་བརྩམས་ཆོས་དག་ཏུ་ཅི་ཞིག་བཤད་ཀྱི་ཡོད་པ་ནི་ངེས་པར་ཤེས་པའི་ཐབས་སུ་འབད་པ་ནི་ཁས་མ་བླངས་ཐབས་མེད་ཅིག་རེད་བསམ།

རྒྱུད་རིམ་འདི་འདྲ་ཞིག་གི་སྣེ་མོ་རུ་ངེས་ཤེས་གང་སྐྱེས་པ་ནི་ཡང་དག་པ་ཟེར་བའི་བཤད་རྒྱུན་དེ་ཡིན་པར་བཤད་མི་ཐུབ་ཀྱང་། སྲོལ་རྒྱུན་གྱི་བརྩམས་ཆོས་ཤིག་བཀླགས་པའི་ཚེ་ན་བརྩམས་ཆོས་དེ་རུ་ཅི་ཞིག་ཇི་ལྟར་བཤད་ཀྱི་ཡོད་པའི་གནད་ལ་ལག་པ་མ་འཆང་བར། རང་གི་འདོད་མོས་དང་འགལ་བར་སོང་བའི་བཤད་ཕྱོགས་དང་བསམ་ཚུལ་དག་ཀློག་ཞོར་དང་དགག་ཞོར་གྱིས་དུས་འདའ་པའི་ཕམ་ཁ་ཅིས་ཀྱང་ཁས་ལེན་དགོས། སྲོལ་རྒྱུན་བརྩམས་ཆོས་ལ་གོ་བ་ལོན་དགོས་པའི་གནད་འདི་ནི་དེ་ལ་ཉམས་ལེན་བྱེད་དགོས་པའི་དོན་མ་ཡིན་པར། ང་ཚོ་ངེས་པར་དུ་དེ་ལས་ཐོལ་བརྒལ་དང་མདུན་བསྐྱོད་བྱ་རྒྱུའི་ཆེད་དུ་རེད། ང་ཚོ་སྲོལ་རྒྱུན་གྱི་འདུ་ཤེས་གང་ཡིན་ལ་མ་བལྟས་པར་དེ་དག་ལས་བརྒལ་དགོས་པ་མ་ཟད། དུས་རབས་ཀྱི་དགོངས་པ་དང་མཐུན་པའི་ངོས་འཛིན་ཡོད་དགོས། སྲོལ་རྒྱུན་བརྩམས་ཆོས་ཐད་དུ་གོ་བ་འདྲ་མིན་ལེན་པའི་མཁས་དབང་དང་། དེང་རབས་པ། སྙན་ངག་པ། རྩོམ་པ་པོ་སོགས་མིང་གནས་མང་དག་ཅིག་གིས་བསྟོད་ཡོད་པ་དག་གི་ཁྲོད་དུའང་ཅི་འདྲའི་བླུན་རྨོངས་མང་པ་ལ།

ངས་ཚོས་ནམ་ཡང་བཀག་རྒྱ་ཅན་གྱི་འགལ་འདུ་ཞིག་ལས་དང་ལེན་བྱེད་མི་ཐུབ་པའི་གནད་ཀྱང་འདི་རུ་འདུག་སྟེ། ཞིབ་འཇུག་པ་དག་གིས་གསར་རྩོམ་པ་ལ་མ་རངས་པ་དང་མཐོང་ཆུང་གི་ལྟ་སྟངས་འཛིན་ཞིང་། ཐ་ན་ཆོད་མེད་ཀྱི་མིང་གནས་ཀྱིས་དགག་ཀྱང་། ཁོ་ཚོས་ད་དུང་རང་ཉིད་ཡང་དག་པ་ཞིག་ཡིན་པ་ང་ཚོར་ར་འཕྲོད་མེད། མཚམས་ལན་རེར་ཞིབ་འཇུག་པ་དག་གི་དགོས་མེད་ཀྱི་བབ་ཅོལ་མང་པོས་གསར་རྩོམ་པར་སུན་སྣང་ཅི་ཙམ་སྤྲད་ཀྱང་། སུན་སྣང་དེ་རླུང་དང་བསེར་བུ་ནང་བཞིན་རང་བྱུང་གི་ཆོས་ཉིད་ཅིག་དང་། ཧ་ལས་ན་གསར་རྩོམ་པས་སྙན་ངག་གི་ཆེས་རྙིང་ཞེན་ཆེ་བའི་ཡིད་བརྙན་དུ་འབྲི་རྒྱུ་དེ་ཙམ་ལས་ཅི་ཡང་བཤད་ཀྱི་མེད། འོན་ཀྱང་། ཞིབ་འཇུག་རུ་ཁག་གིས་གསར་རྩོམ་པ་ལས་ལྷག་པའི་བོད་རིགས་ལ་དོན་དངོས་ཀྱི་བསམ་བློའི་མདུན་སྐྱོད་ག་འདྲ་ཞིག་བསྐྲུན་ཡོད་མེད་ལ་ཚང་རྩིས་བྱེད་རན་ཅི་ཡང་ཡོད་པ་མ་རེད། བོད་རིགས་ཞིབ་འཇུག་པ་དག་གིས་གང་བཤད་ཡོད་པ་ནི་འདི་ལྟ་སྟེ། མཁས་པ་སྔ་མ་གཉིས་ཀྱི་བཤད་ཚུལ་བསྡུར་ཏེ་རང་གི་བསམ་ཚུལ་ལ་རྒྱུ་མཚན་བཙལ་ཡོད་པ་ཙམ་མ་རེད་དམ། དེ་ཡང་ལོ་ཚིགས་ཙམ་རེད།

དེ་ལས་ཀྱང་སྟུ་ཐུག་པ་ཞིག་ནི་བོད་ཀྱི་ཞིབ་འཇུག་པ་ཡག་པོ་རེ་འགའ་ལ་ཨུ་ཚུགས་ཀྱིས་རེ་བ་རྒྱབ་ཀྱང་། ཁོང་ཚོས་དཔྱད་ཡུལ་ནི་ཕྱི་རྣམ་ཙམ་ལས་དེའི་སྙིང་སྟོབས་དང་། མ་འོངས་པར་ཁྲིད་སྟོན་ཐུབ་པའི་མིག་དཔེ་རུ་ཞིབ་འཇུག་ཁྱབ་ཁོངས་སུ་གསལ་བརྗོད་བྱེད་ཐུབ་ཀྱི་མེད་པར་རང་ཉིད་ག་ལེར་སྲོལ་རྒྱུན་གྱི་སྣང་བརྙན་གལ་ཆེན་དུ་འགྱུར་འགྲོ་བ་དེ་རེད། འདི་ལྟ་བུའི་ཞིབ་འཇུག་སློབ་གསོ་ཞིག་གིས་བོད་མི་རིགས་ལ་དུས་རབས་ཀྱི་དགོངས་པ་དང་མཐུན་པའི་གྲུབ་འབྲས་ཅི་ཞིག་སྟོན་ཐུབ། ཐ་ན་རང་གི་སྣང་བ་སྐྱིད་པའི་ཁོ་ཕོ་ཙམ་ཡང་བཤད་མི་ཐུབ་པའི་མི་འདིིའི་རིགས་ཀྱིས་དང་པོ་ནས་དཀའ་ལས་ཁག་རབས་ཀྱི་སྒྲུང་ཙམ་ལས་ཅི་ཡང་འཇོན་མེད་ཀྱང་། རང་ཉིད་གསེར་གྱི་རི་དབང་ཞིག་ཏུ་རྩིས་ཏེ་ཧ་ཅང་གཟབ་ནན་དང་ཞིབ་ཚགས་ཀྱི་རྣམ་ཐར་ཞིག་མིག་སྟོན་བྱེད་ངེས། ཡིད་ཕངས་པ་ཞིག་ལ། དགོས་མེད་ཕན་མེད་ཀྱི་གྲུབ་འབྲས་དེས་བོད་ནི་མདུན་དུ་བསྐྱོད་པར་བཀག་རྒྱ་བྱས་ཤིང་། གནའ་བོའི་རང་བྱུང་གི་འཚོ་ཐབས་ལ་ཁྲིད་པའི་འབད་པ་གནང་ཡང་། རྨི་ལམ་དེས་ཐ་ན་རང་ཉིད་ཀྱི་སེམས་ཁམས་ཡང་ཐང་ཐང་མེད་པ་བཟོ་བཞིན་འདུག

ངས་མཐོང་མྱོང་བའི་ཞིབ་འཇུག་པ་མང་དག་ཅིག་གིས་ང་ཚོས་སྲོལ་རྒྱུན་བརྩམས་ཆོས་དང་། ལོ་རྒྱུས་ཐད་ཀྱི་བལྟ་སྟངས་ལ་ཞི་འཇམ་གྱི་ཤ་ཚུགས་དོད་ནས་ཁོང་འཛུམ་བྱེད་ཅིང་། མ་རངས་པའི་རྣམ་འགྱུར་དེས་རང་ཉིད་ཀྱི་གདམས་ཀ་གཅིག་པུ་ཡང་དག་པ་ཡིན་པར་ཨུ་ཚུགས་རྒྱག་བཞིན་པ་ངས་ཀྱང་ཇི་ལྟར་དང་ལེན་བྱ། འདི་ནི་ཁ་གཏད་ཀྱི་གནད་དོན་མ་ཡིན་པར། དོན་དངོས་ཀྱི་མདུན་སྐྱོད་དང་འབྲེལ་བ་ཡོད་པས་མཐར་གཏུགས་ན་འདི་ནི་འགན་འཁྲི་རེད། གཅིག་བྱས་ན། ཞིབ་འཇུག་པ་རྣམས་ཀྱིས་ཐ་སྙད་གཅིག་གི་མགོ་ཁུངས་བཙལ་ནས་རྙེད་པའི་རིན་ཐང་དེ་སྙན་ངག་ཚིག་རྐང་གཅིག་གསར་རྩོམ་བྱས་པའི་རིན་ཐང་དང་ བསྡུར་ཐབས་མི་འདུག ང་ཚོར་རྒྱུན་གོམས་ཀྱི་ཐ་སྙད་ཅིག་གི་མགོ་ཁུངས་དེ་གཉའ་ཁྲི་བཙན་པོའམ་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ཀྱི་དུས་སྐབས་སུ་བསྐྱལ་ཡང་། དེའི་རིན་ཐང་ནི་རྙིང་པ་ཡིན་པ་ཙམ་ལས་ཉིན་གཅིག་གི་ཟས་ཐུན་གཅིག་འཚོལ་བའི་ཐབས་ཤེས་ཡང་སྤྲོད་མི་ཐུབ།

བདག་གིས་ལོ་ངོ་ཁ་ཤས་སྔོན་གཉའ་ཁྲིའི་གོང་གི་ལོ་རྒྱུས་ལ་ཞིབ་འཇུག་གི་འཆར་གཞི་སྒྲིག་ཏེ་ཡིག་ཆ་མང་དག་ཅིག་ལ་བལྟས་ཤིང་། སྐབས་དེ་དག་ཏུ་བྱུང་བ་རེད་ཟེར་བའི་གནའ་རྫས་ཀྱང་ཁག་ཅིག་ལ་བལྟ་རྒྱུ་བྱུང་བར། མཚམས་ལན་ལེར་སྐབས་དེའི་རྒྱལ་གཤིན་དཔལ་འབྱོར་དང་བཅས་པའི་ཡར་རྒྱས་ཀྱི་གྲུབ་འབྲས་ནི་དེང་སྐབས་ལས་ཡག་པོ་འདུག་བསམ་པའི་འཁྲུལ་སྣང་སླེབས། བལྟས་ཀྱིན་བལྟས་ཀྱིན་གཉའ་ཁྲིའི་གོང་གི་གནས་བབ་ཆ་ཚང་ཞིང་བསྟར་ཆགས་སུ་ཡོད་པའི་ཞིབ་འཇུག་དཔྱད་རྩོམ་ཞིག་འབྲི་ཐུབ་པའི་དབང་དུ་བཏང་ཡང་། དེ་ལ་དགོས་པ་ཅིག་ཞིག་ཡོད་དམ། ངས་མཁས་དབང་ཞིག་ལ་གཉའ་ཁྲིའི་གོང་གི་ལོ་རྒྱུས་ལ་ཞིབ་འཇུག་བྱ་ཐུབ་པ་ཡིན་ན་བོད་ལ་ཕན་ཐོགས་ག་རེ་འདུག་ཅེས་དྲིས་པར། ཁོས་ང་ལ་གཉའ་ཁྲིའི་གོང་གི་ལོ་རྒྱུས་བོད་ལ་ཆད་པ་ཡིན་ན་གྱོང་ག་རེ་འདུག་ཟེར། མཐར་ཐུག་ན་ཞིབ་འཇུག་གི་མ་མཐའི་ཐག་གཅོད་ནི་འདི་ཙམ་ལས་སང་ཉིན་གོ་སྒྲིག་གི་ཆེད་དུ་ཡིན་མི་སྲིད་ལ། སང་ཉིན་གོ་སྒྲིག་གི་ཆེད་དུ་འགྲེལ་ཡང་དེས་རིན་ཐང་ཅི་ཡང་མེད་པའི་གཟི་བརྗིད་ཅིག་ལས་གང་ཡང་སྤྲོད་མི་ནུས།

ད་དུང་གནད་དོན་གཞན་ཞིག་ནི། དེང་སྐབས་ལོ་རྒྱུས་ཞིབ་འཇུག་པ་མང་དག་ཅིག་ནི་སྲིད་དོན་གྱི་རླུང་བུས་དེད་པའི་སྟོན་གྱི་སྡོང་ལོ་བཞིན་གར་འགྲོ་ལ་ངེས་པ་མེད་པའི་དུས་སྐབས་འདིར། ཁོ་ཚོས་དོན་དངོས་གཅིག་ལ་རྨོངས་འཐོམས་ཀྱི་བསམ་ཚུལ་ལྡོག་ཐུབ་མེད། དེ་ནི་སྲིད་དོན་ནམ་རྒྱལ་ཁུངས་ཀྱི་བདག་དབང་གནད་དོན་དེ་ལོ་རྒྱུས་ཀྱི་འགྲེལ་བཤད་ཅིག་གིས་ཡོངས་སུ་རྒྱལ་བར་བྱེད་དུ་འཇུག་འདོད་པའི་རྨི་ལམ་དེ་རེད། དགོད་བྲོ་བ་ཞིག་ལ་གནའ་བོའི་སུའུ་ཀི་ལན་གྱི་སྐྱེ་བུ་ཞིག་གིས་ལོ་རྒྱུས་ནི་བཙན་འཛུལ་མཁན་གྱིས་རང་གི་འདོད་པ་སྒྲུབ་ཆེད་གསར་བཟོ་བྱས་པ་རེད་ཟེར། བདེན་དེ། ལོ་རྒྱུས་ནི་ནམ་ཡང་ལོ་རྒྱུས་འབྲི་མཁན་དང་། འབྲི་རུ་འཇུག་མཁན་ལ་དབང་བ་ཡིན། འདི་ལ་དོན་དངོས་ཤིག་གང་དུ་ཡོད་དམ། དེས་རྐྱེན་གྱིས་ང་ཚོར་ཡོངས་སུ་དབང་བ་ནི་སང་ཉིན་གྱི་ལོ་རྒྱུས་ཡིན་ཞིང་། ཇི་ལྟར་འབྲི་བའམ་འབྲི་རུ་འཇུག་པའི་སྟོབས་ཤུགས་དེའི་བདག་པོ་དངོས་གནས་པ་ནི་ང་རང་ཚོ་ལས་གཞན་མེད་པ་རེད།

ཕྱི་ལོ་ ༢༠༡༣།༡༢། ༡༣ ལ་ཡི་གེར་ཕབ།