སྤྱང་གུ་རུ་འཇིགས་མེད།

དེང་སང་ཚང་མའི་ཁ་ལ་ལོབ་ཕྱོགས་ཤིག་གམ་ཟེར་སྲོལ་ཞིག་ལ་བསྟན་པ་དག་གཙང་དང་བླ་གྲྭ་དག་ཐེར་ཟེར་ནས། མཁས་བླུན་ཀུན་གྱི་ཁ་ནས་འུར་གྱིས་སྒྲོག་ཀྱང་ཡོད་ཚད་བདེན་པ་དང་དོན་དངོས་ཡིན་ག་ལ་དགོས། དེང་སང་རི་བོང་ཅལ་གྱིས་འདྲོགས་འདྲའི་སྨྱུག་ཐོགས་པ་དང་མིན་པ་ཡིན་པར་བསྒྱུར་བའི་ཞེ་མེར་ཞིང་། གཞན་མགོ་མཐོན་པོ་ཐོ་བས་རྡུང་ཞིང་རང་མགོ་དམའ་མོ་ལབ་ཀྱིས་འགྱོག་པའི་གདུག་རྩུབ་ཅན་རེ་འགའ་ཡོད་པས་དེ་ཙམ་གྱིས་དོ་སྣང་དགོས་པ་མི་འདུག ཡིན་ནའང་དེང་སང་ལས་རིགས་གང་ཅིའི་ཁྲོད་ནའང་ཚད་ལྡན་ཉིན་སྐར་གྱི་ཟླ་བོར་ཆས་པའི་སྐབས་དེ་ན། དེ་དག་ཀྱང་གཏན་ནས་རྩ་བ་མེད་ལ་རྩེ་མོ་རྒྱས་པ་ཞིག་ཀྱང་ག་ལ་ཡིན། གནད་དོན་དེ་དག་བླ་མ་དང་གྲྭ་བ་ཁོ་ན་ལས་ཁྱོད་ཚོ་ལ་གཏན་ནས་འབྲེལ་བ་མེད་པ་ཡང་མིན་ཏེ། ཁྱོད་རང་ཉིད་ཀྱིས་རང་གི་ཁྱིམ་ཚང་གི་འགན་ཁུར་དང་དཔལ་འབྱོར་འགྲོ་སོང་ཇེ་ཉུང་ལ་འགྲོ་ཕྱིར་བུ་ཕྲུག་དག་ཆུང་དུས་ནས་མོས་པ་དང་བག་ཆགས་ རང་འཐད་ལ་དཔྱད་པ་མི་གཏོང་བར་དགོན་པར་བཞག་ནས་ཐ་ན་བྱིས་པ་སྙོར་སྐྱོང་ཡང་བླ་རྒན་དག་གི་མགོ་ལ་བསྐྱོན་ཏེ། རྗེས་མར་ཁོ་ཚོས་རང་དོན་ལ་བསམ་གཞིགས་བྱས་ནས་རང་ཉིད་ཀྱིས་ནུས་ཤིང་འཚམས་པའི་འདུན་ལམ་ཅིག་ལ་དམིགས་ནས། ལས་དབང་གི་ཁ་དོག་ལ་འགྱུར་བ་རེ་བྱུང་ན་ཁོ་ཚོ་ལ་དམ་ཉམས་དང་བསྟན་གཤིག་གི་ཉེས་མིང་ཚ་བོ་བསྩལ་ནས་མི་གྲལ་ནས་ཕུད་ལ་ཉེ་ན། མྱི་ཁའི་མདའ་མོ་ལ་མི་སྐྲག་པ་རེ་འགའ་ཡོད་ཀྱང་ཡོད་ཚད་དེ་འདྲའི་སྙིང་སྟོབས་དང་ཆོད་སེམས་བརྟན་པའི་རང་ཚུགས་ཅན་ཏག་ཏག་ག་ལ་ཡིན། དོན་ངོ་མ་ཁྱོད་ཚོས་ཀྱང་བསྟན་པ་དག་གཙང་ཞིག་འོང་འདོད་ན་ཁྱོད་ཚོ་ལ་ཡང་དགག་རྐྱང་ཙམ་ལས་འགན་འཁྲི་མེད་པ་མ་ཡིན། གྲྭ་བས་སྡོམ་པ་ཚུར་ལེན་རྒྱུ་ཡོད་ན་ཕར་ཤོར་རྒྱུ་ཡང་ཡོད་ཆོག་མོད། འོན་ཀྱང་དེའི་ཚེ་ཟུར་ཟ་དང་མཐོང་ཆུང་བསྟན་བཤིག་གི་མི་ཁའི་ཆར་བ་བརྩེགས་ན། ཁོ་ཚོས་ཀྱང་གནོན་ཤུགས་དེ་མ་ཐེག་པས་སྡོམ་པ་སྲུང་དཀའ་ཡང་བསླབ་གོས་མ་བྲལ་བ་ཙམ་གྱིས་དགོན་པ་ནས་མི་འདུག་ཁ་མེད་བྱུང་ཞིང་། དེ་འདྲའི་དགེ་སེམས་དབེན་པའི་ཀུན་སློང་ཞིག་གིས་སྤྱོད་ལམ་ཀུན་སྡོམ་ཁག་པོ་ཡིན་པ་སྨྲོས་མ་དགོས་པ་རེད། སྤྱིར་ན་རབ་བྱུང་གི་སྡོམ་པ་ཇི་སྲིད་འཚོའི་བར་དུ་བླངས་ཀྱང་སྡོམ་པ་ཤོར་ངེས་པའི་ཚེ་ན་ཡུལ་སྨྲ་ཤེས་ཤིང་དོན་གོ་བ་ཞིག་ལ་ཕུལ་ན། དེ་འདུལ་ཁྲིམས་ལས་ཀྱང་བསྒྲུབ་པའི་བསླབ་བྱ་ལས་དགག་པའི་བསླབ་བྱ་མ་ཡིན་པ་དང་། ཆོས་དང་ཆོས་མིན་ལས་ཆོས་དང་མཐུན་པ་ཡིན་པ་སྟོན་པས་གསུངས་ཀྱང་། ང་ཚོས་ཆོས་གོས་ཕུད་མཁན་ཡོད་ཚད་སྟོན་པ་ལ་ངོ་ལོག་དང་སྡོམ་པ་ལ་ཁྱད་གསོད་མཁན་ཉིད་དུ་བགྲངས་ནས། དཀར་པོ་ལ་ནག་པོའི་ཞྭ་མོ་བསྐོན་ཞིང་དཀར་ནག་ལ་དབྱེ་འབྱེད་མེད་པར་ཕྱོགས་གཅིག་ལ་བགྲངས་ན། དཀར་པོ་འགྲོ་སའི་ལམ་ལའང་རྡོ་འཕངས་པ་ལས་ཅི་འཁྱོངས། ཉི་ཧོང་དང་ཐེ་ལན་ན་སྡོམ་པ་ལོ་མཚམས་ཀྱིས་ཁས་ལེན་ཆོག་ལ་དེ་དག་ཀྱང་ཐུབ་པས་རྗེས་འཇུག་ཡང་དག་ཡིན། ང་ཚོ་དེ་དང་སྡོམ་རྒྱུན་མི་གཅིག་པས་དེ་དང་མི་འདྲ་བ་བདེན་མོད། གལ་ཏེ་འུ་ཐུག་ན་ང་ཚོའི་ལུགས་ལའང་སྡོམ་པ་ཕུལ་ཆོག་པས། སྡོམ་ཁྲིམས་ལ་ཁྱད་གསོད་བྱེད་མི་དགོས་པ་དང་ཆོས་དང་འགལ་མི་དགོས་པར་མ་ཟད་དགེ་བསྙེན་གྱི་སྡོམ་པ་ཞུས་ཏེ་དགེ་བསྙེན་ཡང་དག་ཅིག་བྱས་ནས་བསྡད་ཆོག སྔར་རབ་བྱུང་གི་སྡོམ་པ་སྲུང་བའི་དགེ་རྩ་དག་ཀྱང་མ་ཉམས་པར་སོར་ན་གནས་པས་ཁྱིམ་པ་ཕལ་དང་མི་འདྲ་བ་ཐུབ་པའི་དགོངས་པ་ཡིན་པས། དེ་དག་ལ་བརྙས་དམོད་དང་མཐོང་ཆུང་བྱེད་པ་ལས་སྡོོམ་པ་ཕུལ་ལུགས་ཀྱི་ཤེས་བྱ་དེ་རྒྱུན་ཤེས་སུ་སྤེལ་ན། མང་ཚོགས་ཀྱིས་ཀྱང་གྲྭ་ལོག་དག་ལ་འཛིན་པའི་བལྟ་ཚུལ་ལ་འགྱུར་བ་འགྲོ་ལ་གྲྭ་བ་ཚོ་ཡང་ཉེན་ཁ་ཞིག་ལས་སྐྱོབ་ནུས་ལ་མི་གྲལ་ནས་ཀྱང་འགྲེང་ཆོག་གི་རེད། མི་ཡུལ་གྱི་ཕུན་ཚོགས་ལ་འཁྲེང་བས་སོར་སྐྱེས་ཞིག་མི་གྲལ་ན་མི་མང་གི་གནོན་ཤུགས་སྣ་ཚོགས་ཀྱིས་འདུག་ས་མེད་ནས་འུ་ཐུག་གིས་དཀོར་ལ་སྤྱོད་དགོས་བྱུང་པ་ལས། འགའ་ཞིག་གིས་ཁོ་ཚོ་ཁ་གསོ་ཐབས་ཙམ་ལ་སྐྲག་ནས་དཀོར་ལ་སྤྱོད་པ་རེད་ཟེར་ཡང་དེ་ནི་དོན་དངོས་ལ་མིག་ཟུང་ཅེར་ནས་སྔར་བྱུང་གི་གྲྭ་ལོག་ཚོར་གཟིགས་དང་བསམ་བློའི་གོ་རྟོགས་དང་ཤེས་རིག་སྙིང་སྟོབས་གང་ཅིའི་ཐད་ནས་རང་འབྲོག་མང་ཚོགས་ཀྱི་སྐྱེས་པ་ཚོའི་ཁྲོད་ན་སྔོན་དུ་མཆེད་ནས་འགྲོ་བ་དོན་དངོས་ཡིན་པས་ཁ་གསོ་ཐབས་ཙམ་ལ་སྐྲག་ཅི་དགོས། རང་ལ་དགེ་སེམས་དང་སྡོམ་སེམས་གང་ཡང་མེད་བཞིན་དུ་དཀོར་ནག་ལ་ལོངས་སྤྱད་དེ་འདི་ཕྱི་རླུང་ལ་བསྐུར་བར་སྐྲག་ནས་སྐྱ་བོའི་འཇིག་རྟེན་གདམ་པ་ནི་ཐུབ་པའི་དགོངས་པ་དང་མི་མཐུན་རྒྱུ་མེད་པ་དང་། གྲྭ་བ་ནི་སྤུས་ཀ་ལས་གྲངས་ཀ་མི་གཙོ་བ་ཡང་། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་དཀོར་གྱི་ཉེས་དམིགས་གསུངས་པའི་ཚེ་ན་དགེ་སློང་ལྔ་བརྒྱས་དུས་གཅིག་ཏུ་སྡོམ་པ་ཕུལ་བ་ལ་བཅོམ་ལྡན་འདས་ཀྱིས་ཀྱང་ལགས་སོ་གསུངས་པས་རྟོགས་ཐུབ་བོ།། འོ་ན་ཁོ་ཚོ་ནི་རང་ཉིད་དུང་སའི་འཇིག་རྟེན་ནས་ལྟོས་ངན་དུ་ལྟོས་པས་མྱི་ཁར་དོགས་ནས་བཙན་གྱིས་གནས་དེ་རུ་སྐུང་པ་རེད་མ་གཏོགས། ཁོ་ཚོ་ཀྱང་ཤ་ཁྲག་གདོས་བཅོས་ལས་གྲུབ་པའི་སོར་སྐྱེས་རྣལ་མ་ཞིག་ཡིན་ཚེ། མི་ཡུལ་འཚོ་བ་ལ་དུང་བ་ཡོད་ཆོག་ལ་མི་སེམས་ཀྱི་འགྱུར་བ་ལ་བརྟེན་ནས་ལྷ་ཆོས་དང་མི་ཆོས་ཀྱི་ལམ་བུ་ཡང་འདེམ་པའི་རང་དབང་ཡོད་དགོས་པས་བཙན་གྱིས་དེད་ན་དག་གཙང་ཅིག་ག་ནས་འོང་། དེས་ན་དཔྱོད་ཤེས་དང་བདེན་དོན་གྱིས་གྲུབ་པའི་གུ་ཡངས་ཀྱི་ཁོར་ཡུག་ཅིག་ལས། ཁོ་ཚོ་ལ་ལྟོས་ངན་དུ་ལྟོས་ཆེ་ན་ཕན་པ་ལས་གནོད་པ་དང་རྙོག་མ་ལས་དག་གཙང་དུ་འགྱུར་ག་ལ་ཐུབ།