རྒྱ་གར་གྱིས་དམངས་ཞེས་པ་རིགས་ངན་དུ་བཤད་ཀྱང་བོད་ཀྱིས་མི་བཤད་ཅེས་པ་ནི་བོད་ཀྱི་གནའ་དཔེ་མང་དག་ཅིག་ལ་སྤྱན་གཤེར་མ་གནང་བའི་སྐྱོན་དུ་ཆེ། དམངས་རིགས་དམན་དུ་འཛིན་པའི་འདུ་ཤེས་ཡག་ན་རེད། སྡུག་ན་རེད། རྒྱ་གར་ནས་ཡོང་ནའང་རེད། མ་ཡོང་ནའང་རེད། གང་ལྟར་གནའ་ནས་བརྒྱུད་པའི་བོད་ཡིག་གི་ཕྱག་དཔེ་མང་དག་ཅིག་ཏུ་དམངས་ལ་རིགས་དམན་གྱི་གོ་དོན་ཡོད་པ་བདེན་པ་རེད།

ཀྲུང་གོས་མང་གཙོ་མ་ཟེར་བར་དམངས་གཙོ་ཟེར་དགོས་དོན་ནི་དང་པོའི་ལམ་ལུགས་དང་འབྲེལ་བ་ཡོད་པ་རེད། སུན་ཀྲུང་ཧྲན་གྱིས་འབྱོར་འབྲིང་གྲལ་རིམ་གྱི་གསར་བརྗེ་བཤད་སྐབས་ཀྱི་མང་གཙོ་ནི་མི་རིགས་གཙོ་བོ་ཡིན་པར་བཤད་ཀྱི་ཡོད་པ་རེད། དེའི་སྐབས་འབངས་དབང་ཞེས་ཟེར་དུས་རྒྱ་ནག་མི་རིགས་ཀྱི་དབང་ཆ་ལས་གཞན་ཡོད་པ་མ་རེད། ཡིན་ཡང་། རྒྱ་ནག་མི་རིགས་ནང་ལ་གྲལ་རིམ་གྱི་དབྱེ་བ་མེད་པར་ཡོངས་སུ་ཚུད་ཡོད་པ་རེད། མའོ་ཙེ་ཏུང་གི་སྐབས་ལ་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་རེད། འབྱོར་མེད་གྲལ་རིམ་ལ་བོད་ཡིག་གི་ནང་དུ་གོ་དོན་ཁ་ཐུག་ཐོ་ཐུག་པ་ཞིག་ནི་དམངས་ལས་ཡོད་པ་མ་རེད། འབྱོར་མེད་གྲལ་རིམ་གཙོ་བོ་དང་། འབྱོར་ལྡན་བཤུ་གཞོག་གྲལ་རིམ་རྩ་མེད་གཏོང་དགོས་ཟེར་དུས་གང་གཙོ་བོ་རེད་ཟེར་ན་འབྱོར་མེད་གྲལ་རིམ་མམ་དམངས་གཙོ་བོ་རེད། དེ་ལ་དམངས་གཙོའི་ལམ་ལུགས་ཞེས་ཟེར་བ་རེད། རིག་གསར་སྐབས་ལ་ཏང་ཡོན་ལས་བྱེད་མང་པོ་ཞིག་ལ་འབྱོར་ལྡན་གྲལ་རིམ་གྱི་རྒྱས་སྤྲོས་ངན་གོམས་འགྲོ་བཞིན་པའི་ཉེས་མིང་འོག་འཛིན་བཟུང་འཐབ་རྩོད་བྱས་པ་རེད། དེའི་དོན་ཡང་། འབྱོར་མེད་དམངས་ཀྱི་རྣམ་པས་མ་བསྡད་པས་རེད། རྒྱ་སྐད་དུ་民主ཞེས་པ་རྒྱའི་བརྡ་སྤྲོད་པ་རང་གི་སྟེང་དུ་གོ་དོན་ཅི་ཞིག་ཡོད་པ་ཞིབ་འཇུག་བྱེད་འོས། དེ་ནི་བོད་སྐད་དུ་དམངས་གཙོ་མ་རེད་ཅེས་ཁྱོན་ནས་ཞུ་གི་མེད།

དེ་ལས་གཞན་གྱི་གནད་དོན་གཅིག་ནི། ཀྲུང་གོའི་གཞུང་ཞབས་པ་རྣམས་ཀྱི་འདུ་ཤེས་ནང་དུ་རང་ཉིད་མི་དམངས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་དམ། ངས་བལྟས་ན་མི་འདུག རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་མི་དམངས་རེད་ཅེས་བརྗོད་ཚེ་ཡ་མཚན་གྱི་མཐོང་ཆུང་བྱས་པ་འདྲ། འདི་ལྟ་བུའི་སེམས་ཁམས་ཇི་ལྟར་སྐྱེས་པ་རེད། དེ་ནི་རྩ་བའི་དམངས་ཀྱི་གོ་དོན་ནི་སྲིད་ཇུས་ཀྱི་ཐོག་ན་ཞིང་བ་དང་འབྲོག་པ་སོགས་ལས་མེད་པས་རེད། ཝིན་ཇ་པའོ་སྲིད་བློན་ལོ་མཐའ་མའི་སྐབས་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡིག་ཆའི་ནང་དུ་༼   དམངས་ལྟེ་བར་འཛིན་པ་  ༽ཞེས་པའི་སྲིད་ཇུས་ཡིག་ཆ་ཞིག་སླེབས་ཡོད། དེའི་སྐོར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཚ་ཚ་འུར་འུར་གྱིས་བརྗོད་པ་རེད།  ཡིན་ཡང་། ཡིག་ཆ་དེའི་མགོ་ནས་མཇུག་བར་དུ་རྒྱལ་ཁབ་ཀྱི་ལས་བྱེད་པའི་བདེ་སྡུག་སྐོར་ཟུར་ཙམ་ཡང་གླེང་མེད།  དེ་ག་རེ་རེད། དེ་ནི་རྒྱལ་ཁབ་ཀྱི་ལས་བྱེད་པ་དག་དམངས་མ་ཡིན་པས་རེད། དམངས་མ་ཡིན་པས་དམངས་ལྟེ་བར་འཛིན་པའི་ཡིག་ཆའི་ནང་རྒྱལ་ཁབ་ཀྱི་ལས་བྱེད་པའི་བདེ་སྡུག་གླེང་མ་དགོས་པ་རེད།

མང་གཙོ་མང་གཙོ་ཞེས་བཤད་བཞིན་པ་ནི་དམངས་དང་མང་གི་ཐ་སྙད་ལ་རྨོངས་པ་ཙམ་གང་ནས་ཡིན། Democracy ནི་མང་གཙོར་བསྒྱུར་བ་ནི་ལམ་ལུགས་ཀྱི་ངོ་བོ་དང་མཐུན་པ་རེད། མང་གཙོ་ནི་ལམ་ལུགས་ཅན་གྱི་མང་དང་ཉུང་གི་སྐད་ཆ་ཡིན། རྒྱལ་ཁབ་ཀྱི་གཞུང་ཞབས་པ་ཡིན་ནའང་རེད། ཞིང་པ་དང་འབྲོག་པ་སུ་ཡིན་ཡང་ཚང་མར་རྩ་ཁྲིམས་ཀྱིས་སྤྲད་པའི་ལས་འགན་འདྲ་མཉམ། ཐོབ་ཐང་འདྲ་མཉམ་ཡོད་པ་ལས་དབྱེ་འབྱེད་མེད། མང་པོའི་བསམ་ཚུལ་ལ་རྒྱལ་ཁ་ཐོབ་པའི་ལམ་ལུགས་ཤིག་ཡིན་པ་བདེན་པ་རེད། ཡིན་ཡང་། མང་པོའི་བསམ་ཚུལ་གྱིས་ཉུང་བའི་ཐོབ་ཐང་དང་ཁེ་དབང་ལ་རྡོག་རོལ་གཏོང་གི་རེད་བསམ་ན་དེ་ནི་མང་གཙོའི་ལམ་ལུགས་ཀྱི་སྤྱིའི་སྒྲོམ་གཞི་ལ་རྒྱུས་ལོན་མ་གནང་བའི་སྐྱོན་རེད། རྩ་བའི་ཁེ་ཕན་ལ་གྲུབ་ཆ་འདྲ་མཉམ་ཡིན་པའི་ཁྲིམས་བཟོའི་ལས་དོན་གྱིས་སྲུང་སྐྱོབ་ཡོད་པ་ཡིན་པས་མང་གཙོ་འམ་དམངས་གཙོ་ཞེས་པ་ནི་ཐ་སྙད་ཀྱི་རྩོད་པ་ཙམ་ཞིག་མ་ཡིན་པར། ལམ་ལུགས་སམ་ཁྱབ་ཁུངས་ཀྱི་གོ་དོན་ལ་ངོས་འཛིན་གསལ་བོ་བྱེད་དགོས་པའི་གནད་དོན་ཞིག་ཡིན་པ་རེད། འདི་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམངས་གཙོའི་ལམ་ལུགས་ལྟར་གྱི་བསམ་ཚུལ་དང་རྦད་དེ་མི་མཐུན་པ་ཡིན་སྲིད་ལ། མཁས་པ་ག་གེ་མོའི་འཆར་སྣང་ཙམ་གྱི་མང་གཙོ་ཡང་མ་ཡིན་པར་རྒྱལ་སྤྱིའི་སྲིད་དོན་ལམ་ལུགས་ཁྲོད་དུ་ཡོད་པའི་Democracy ཟེར་བའི་རྩ་བའི་སྒྲོམ་གཞིའི་གནས་ལུགས་དང་མཐུན་པའི་ངོས་ནས་གོ་བླངས་པ་རེད།