༼ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་༽བཀླགས་རྗེས་ཀྱི་མྱོང་ཚོར།

དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་སྐབས་ནས་བཟུང་བོད་ཀྱི་སྤྱི་ཚོགས་སུ་བལྟས་བཅས་ཀྱིས་གསར་དར་རིག་གནས་ཀྱི་མཁའ་དབུགས་རྒྱས་མགོ་བརྩམས་པ་རེད།ཤེས་ལྡན་མི་སྣ་གང་མང་ཞིག་གིས་ནུབ་ཕྱོགས་རིག་གནས་ཀྱི་ཉིང་བཅུད་བོད་དུ་འདྲེན་གང་ཐུབ་བྱེད་ནས་སྲོལ་རྒྱུན་རིག་གནས་ཀྱིས་བསྐྱེད་པའི་བྱེད་འབྲས་ལ་དགག་སྒྲུབ་དང་འཕྱ་དམོད་གཏོང་བ་རེད།ལྷག་པར་དུ་ཆོས་ལུགས་ཀྱི་མཉམ་ལེན་དང་ལྟ་གྲུབ་སྐོར་ལ་ཁ་རྡུང་དྲག་པོ་གཏོང་ནས་༼མྱིའི་༽རིག་གནས་ཀྱི་ཁྱབ་ཁོངས་ནས་མིའི་རིན་ཐང་དང་རྩིས་ཐང་ལ་མཐོང་ཆེན་མཛད་དེ།མི་ཚུལ་རིང་ལུགས་ཀྱི་བསམ་པའི་རླབས་རྒྱུན་གྱིས་དགོན་སྡེ་དང་སློབ་གྲྭ་ཆེ་ཆུང་སོ་སོར་འུར་ཆོམ་སློང་མགོ་བརྩམས་པ་རེད།

སྤྱིར་བཏང་དུ་ཡིན་ན་ང་ཚོ་རྩ་བ་ནས་༼མྱིའི་༽རིག་གནས་ཀྱིས་རྒྱང་དུ་བཀྱེད་པ་ཞིག་མ་ཡིན་པར་བཙན་པོའི་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དམག་ཇུས།མངའ་ཁོངས་རྒྱ་བསྐྱེད་སོགས་ནི་བར་དེ་ནས་བཟུང་ང་ཚོའི་ཁྲག་སྦུབས་སུ་རྒྱུ་བའི་༼མྱིའི་༽རིག་གནས་ཀྱི་མཚོན་ཚུལ་ཞིག་རེད།འཛམ་གླིང་མི་རིགས་དང་འདྲ་བར་ང་ཚོས་ཀྱང་ལུས་སུ་ཤིང་ལོ་གྱོན་ནས་ཁ་ཟས་རི་དྭགས་བརྔོན་ཏེ་ཉི་མ་གཏོང་བཞིན་པ་འདྲ་མཚུངས་ཡིན་ན་རིག་གནས་ཀྱི་ཐོག་མའི་སྣང་ཚུལ་ཀྱང་དེ་ལས་འགོངས་འགྲོ་བ་ཞིག་མེད་པར་འདོད།ཕྱོགས་གཞན་ཞིག་ནས་བཤད་ན་ལྷ་ཀླུ་གཉན་གསུམ་ཡང་མིའི་རྣམ་དཔྱོད་ཀྱིས་རང་བྱུང་ཁམས་ལ་འགྲེལ་རྒྱག་སྟངས་ཤིག་རེད་ཟེར་ན་ཅིས་མི་ཆོག དེ་བཞིན་དུ་འཇིག་རྟེན་ནས་མི་གཤིས་བཟི་བོར་གཏོང་འགྲོ་བའི་རིག་གནས་ཡོད་པ་ལས་མིའི་རྣམ་དཔྱོད་ལས་མ་གྲུབ་པའི་རིག་གནས་ཤིག་གོ་ལ་གཞན་པའི་བྱ་དངོས་གང་རང་གིས་བཟོས་པ་མ་གཏོགས་ཡོད་པར་མ་འདོད།

ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་དབང་སྒྱུར་བའི་དགོས་མཁོ་དང་རིག་གནས་གང་རུང་གི་ངོ་བོ་དང་མཉམ་དུ་མི་དམངས་མང་ཚོགས་ཀྱི་སྡུག་བསྔལ་ཀྱི་འོ་དོད་ཀྱང་མཐའ་ཡས་བསྒྲོགས་པ་གྲངས་ཀྱིས་མི་ལོངས།དུས་རབས་བར་མའི་མི་ནག་བྲན་གཡོག་ཉོ་ཚང་དང་ཆོས་ཚོགས་དབང་བསྒྱུར་བའི་རུལ་སིངས་སོགས་ཀྱིས་མི་སེམས་ལ་བཞག་པའི་ནག་ཉེས་ནི་ནམ་ཡང་སད་མཐའ་མེད་པ་ཞིག་རེད།རང་རེའི་བོད་ལ་མཚོན་ན་ཡང་ལྷ་སའི་སྡེ་པ་གཞུང་གིས་འཆི་ལམ་ལ་དེད་པའི་དགེ་འདུན་ཆོས་འཕེལ་དང་གསོན་པོར་མིག་གཉིས་དྲུས་པའི་ལུང་ཤུར་རྗེ་ཚེ་རྒྱལ་སོགས་ནི་རིག་གནས་གང་དེའི་བསྐྱེད་པའི་མངོན་འབྲས་ཤིག་རེད།ཡིན་ཡང་ང་ཚོའི་བོད་ལ་སྔར་ནས་མི་གཞི་དང་ཀུན་སྤྱོད་ཀྱི་མིག་དཔེ་རུ་དྲངས་ཆོག་ཆོག་གི་༼ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་༽ལྟ་བུའི་བརྩམས་ཆོས་ཡོད་པ་མ་ཟད།ཆོས་ལུགས་སོགས་ཀྱི་ཁ་མདོག་གིས་ཤན་ཤུགས་མ་ཞུགས་པའི་རང་ས་རང་ཡུལ་ནས་ཡིན་པའི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གནས་ཤུལ་བཞག་འདི་འདྲ་ཀྱང་ཡོད་པ་རེད།

༼ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་༽ལས་མི་ཆོས་ནི་ཅི་ལྟ་བུ་དང་མི་དྲང་བོ་ནི་ཇི་ལྟར་བྱས་ཚུལ།གཞན་གྱི་ཚིག་བཟང་ངན་གང་བྱུང་ནའང་།སུན་འབྱིན་དང་དགག་པ་སོགས་མི་བྱེད་པར་དཀྱེལ་ཡངས་ཀྱིས་ཁོག་ཏུ་ཤོང་བར་བྱས་པ་སོགས་དེང་རབས་གསར་དར་རིག་གནས་ཀྱི་གླེང་གཞི་དང་མཐུན་པ་ཤིན་ཏུ་མང་པོ་འདུག འདི་དག་ནི་ང་ཚོའི་བོད་མིའི་མི་གཞི་དང་ཀུན་སྤྱོད་ཀྱི་རྟག་མཚན་དུ་དྲངས་ནས་ང་ཚོས་ཀྱང་རང་ཉིད་ལ་དབང་བའི་༼མྱིའི༽རིག་གནས་ཀྱི་དར་ཆ་ཞིག་སྒྲེང་ཆོག་ཆོག་རེད།ཡིན་ཡང་རིག་གནས་གང་དེའི་ནག་ཉེས་དང་ངོ་བོས་མི་སེམས་ཀྱི་ཟབ་སར་ད་དུང་ཤེས་རྨོངས་ཀྱི་སྨུག་པ་འཐིབས་འདུག་ཕྱིར།ང་ཚོས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་རིག་གནས་ལ་ཤ་སྦྲེང་འཁོར་འཁོར་མི་བྱེད་ཐུ་མེད་དུ་གྱུར་བ་རེད།

ད་བར་དུ་ཡིད་སྐྱོ་ཞིང་སེམས་ཕུང་དགོས་པའི་རིག་གནས་གང་དེའི་བྱས་འབྲས་ཀྱིས་བསྐྱེད་པའི་ང་ཚོའི་མི་གཤིས་སེམས་ཁམས་དང་རིན་ཐང་ལྟ་ཚུལ་སོགས་ཀྱིས་འདི་ལྟར་ད་དུང་ཡང་བླུན་རྨོངས་ཀྱིས་མགོ་བོ་འཐོམས་ནས་བསྡད་འདུག ༼ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་༽ནི་བོད་རང་གི་རྩམ་དྲི་མར་དྲི་འཐིལ་པའི་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་ཕྱིར།འདི་ལས་ང་ཚོས་བོད་མིའི་མི་ཆོས་ཀུན་སྤྱོད་དང་ཡང་དག་པའི་མི་གཞི་ཇི་ལྟར་གསོ་སྐྱོང་བྱས་ཚུལ་སོགས་ལེགས་བཏོན་འདུག་ཕྱིར།ལྷག་པར་དུ་འདི་ལ་ཆོས་ལུགས་དང་ཕྱི་རོལ་རིག་གནས་གང་གིས་ཀྱང་ཤུགས་རྐྱེན་སོགས་ཐེབས་མེད་ཕྱིར།བོད་མིའི་མི་གཤིས་སེམས་ཁམས་དང་ཡང་མཐུན་པས་སློབ་གསོའི་མན་ངག་རྩ་ཆེན་ཞིག་ཏུ་འདོད་དོ།།