མཁན་པོ་ལགས། དཔལ་འབྱོར་ནི་བཀོད་སྡོམ་ཅི་ཙམ་ཆེ་ན་དར་རྒྱས་དེ་ཙམ་ཆུང་བ་ཞིག་ཡིན་པ་དེང་རབས་དཔལ་འབྱོར་རིག་པ་བས་གཅིག་མཐུན་དུ་སྨྲས་ཡོད་པ་ནང་བཞིན་རེད། དེ་བས་ང་ཚོས་དཔལ་འབྱོར་ལ་ཡར་རྒྱས་དགོས་ན་གང་ཅི་ཐུབ་ཀྱིས་ཚོང་རའི་ཁྱད་ཆོས་དང་བསྟུན་དགོས་པ་ཞིག་ཡིན་པ་ལས། རང་དབང་གི་ཚོང་ར་ལས་བུད་དེ་རང་གི་ལུང་པ་གྲུ་བཞི་ཞིག་ནས་མགོ་འཁོར་བསྡད་ན། དཔལ་འབྱོར་དེ་ཞིང་ལས་དཔལ་འབྱོར་ཙམ་ལས་དེང་རབས་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་ནང་ཞུགས་ཐབས་ཟད། དེ་བས་ང་རང་གིས་ལྟ་ཞིབ་བྱས་པ་ཡིན་ན། རྒྱ་གཞུང་གི་སྒོ་ཕྱུགས་འཕྲལ་བཤས་ཀྱི་སྲིད་ཇུས་དང་དགོན་གཞུང་གི་སྒོ་བཤས་དཀག་སྡོམ་གྱི་སྐུལ་སློང་དེ་གཉིས་ནི་འདུན་མ་ཁ་ཁ། བྱེད་ཐབས་སོ་སོ་ཡིན་རུང་། མཐའ་འབྲས་གཅིག་མཚུངས་ཞིག་ལས་ཡོང་རྒྱུ་མེད། མཐའ་འབྲས་དེ་ནི་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དེ་ལམ་ལོག་ཏུ་ཤོར་སྲིད་པ་དང་། འབྲོག་པ་མང་ཚོགས་ཀྱི་འཚོ་བ་ཇེ་ཞན་དུ་འགྲོ་རྒྱུ་དེ་རེད། འདི་ལྟར་ཚོད་དཔག་བྱེད་པ་ལ་རྒྱུ་མཚན་གསུམ་ཡོད་དེ། གཅིག་ན་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་ནི། སྒེར་གྱི་མཁར་དབང་གི་ངོས་འཛིན་ཡང་དག་དེ་རེད། དཔལ་འབྱོར་ལས་རིགས་ཀྱི་ཁྲོད་ན་མཁར་དབང་གི་ངོས་འཛིན་ཡང་དག་མེད་ན། ཁེ་ཕན་གྱི་བདག་པོ་སུ་ཡིན། ལོངས་སྤྱོད་ཀྱི་བདག་པོ་སུ་ཡིན་པ་མག་མོག་ཏུ་གྱུར་སྲིད་པ་རེད། དཔེར་ན། སྒོ་བཤས་དཀག་སྡོམ་ལྟ་བུར་མཚོན་ན། འབྲོག་པ་རང་གི་མཁར་དབང་དེ་དགོན་པས་ཐག་གཅོད་ཀྱིན་ཡོད། སྒོ་ཕྱུགས་ཀྱི་ལོངས་སྤྱོད་དེ་འབྲོག་པའི་འཚོ་བའི་ཆེད་དུ་མཛད་བཞིན་མེད་པར། མི་རིགས་ཀྱི་དཔལ་འབྱོར་ཟེར་བའི་མིང་ཞིག་གི་ཆེད་དུ་གནས་བཞིན་ཡོད། དོན་དུ་སྒོ་ཕྱུགས་དེ་གཉེར་མཁན་ལ་མི་དབང་དགོན་སྡེ་ལ་དབང་། མི་རིགས་ཀྱི་མིང་ཐོག་ནས་འབྲོག་པ་ལ་གནོད་འཚེ་སྐྱེལ་བཞིན་ཡོད། དེ་ནི་འབྲོག་པ་ལ་མཚོན་ན་མི་དྲང་བ་ཞིག་རེད། བོད་མི་ས་ཡ་དྲུག་གི་མི་རིགས་ཀྱི་འགན་འཁྲི་ནི་འདྲ་འདྲ་ཡིན་དགོས་པ་ལས། འབྲོག་པ་གཅིག་པོས་བློས་བཏང་བླ་ལྷག་ཞིག་བྱེད་དགོས་དོན་མེད། གཉིས་ན། དཔལ་འབྱོར་ནི་བཀག་སྡོམ་ལས་མི་འབྱུང་སྒོ་འབྱེད་ལས་བྱུང་བ་ཞིག་རེད། དེ་ཡིན་ཙང་། གནའ་བོས་འབྲོག་ལས་ལ་ཆ་བཞག་ནས་དཔལ་འབྱོར་འཕེལ་རྒྱས་བཏོང་དགོས་ཟེར་ན་དུས་དང་མི་མཐུན་པ་ཞིག་རེད། གསུམ་པ། དཔལ་འབྱོར་ཟེར་བ་དེ་མ་རྩའི་ཕར་འགྲོ་ཚུར་འོང་གི་ལས་ཀ་ཞིག་རེད། ཕར་འགྲོ་ཇེ་ཉུང་དང་ཚུར་འོང་ཇེ་ཆེར་བྱེད་ཐུབ་ན། དེ་ནི་དཔལ་འབྱོར་ཐབས་ཤེས་ལེགས་ཤོས་དེ་རེད། འོན་ཀྱང་སྒོ་བཤས་བཀག་སྡོམ་བྱས་རྗེས། མ་རྩའི་འགྲོ་འོང་མེད་སོང་བ་རེད། དེ་ཡིན་ན་དཔལ་འབྱོར་ཟེར་བ་ཡང་སྐྱ་ཆད་སྔོ་སྡུག་གི་འཚམས་ལ་ལྷུང་འགྲོ་བ་ཁོ་ཐག་ཡིན། དེ་འདྲའི་རྒྱུ་མཚན་གསུམ་ལ་ཆ་བཞག་ནས་མཁན་པོ་ཁྱེད་ཀྱིས་དབུ་ཁྲིད་གནང་བའི་སྒོ་བཤས་བཀག་སྡོམ་གྱི་ལས་འགུལ་དེ་ནི་དཔལ་འབྱོར་གྱི་རྩ་བའི་འགྲོ་ལུགས་དང་རྒྱབ་འགལ་ཕྱིན་འདུག་སྙམ་ཡོད། གོང་དུ་སྨྲས་པ་བཞིན། སྒོ་བཤས་བཀག་སྡོམ་ལ་སྐྱོན་ཡོད་པ་ཇི་བཞིན། སྒོ་ཕྱུགས་འཕྲལ་བཤས་ཀྱི་སྲིད་ཇུས་དེ་ཡང་ང་ཚོས་དང་ལེན་འོས་པ་ཞིག་མ་ཡིན། དེ་ཡང་མཁན་པོ་ལགས་ཀྱིས་བསྟན་པ་ནང་བཞིན། ད་ལྟའི་འབྲོག་ལས་ནི་བཅོས་བསྒྱུར་གྱི་དུས་རིམ་ཞིག་ལ་ཐོན་ཡོད་པ་ཡིན། མ་འོངས་བོད་མི་མང་ཆེ་ཤོས་ཡང་འབྲོག་ལས་ལས་བྲལ་ཏེ་གྲོང་གི་འཚོ་བ་རོལ་ཐབས་འབད་དགོས། བོད་མི་གཞོན་རབས་ལ་ལག་རྩལ་སྣ་ཚོགས་འབྱོར་ཐབས་འབད་དགོས། འོན་ཀྱང་དེ་ལྟར་བྱེད་དགོས་ན། ཐོག་མ་སྤྱི་ཚོགས་ཀྱི་འབྲེལ་ལམ་སྟབས་ཇེ་བདེ་ལ་བཏོང་དགོས་པ་ཡིན། སྔར་ལྟར་འབྲོག་པ་དུད་ཚང་རེ་གཉིས་རེ་ཐང་སྟོང་དུ་ཟླ་གཉིས་གསུམ་ཙམ་ལ་བསྡད་ན་དེང་རབས་ཀྱི་སློབ་གསོ་གང་ལྟར་སྤེལ། སྤྱི་ཚོགས་ཀྱི་འབྲེལ་ལམ་གང་ལྟར་ཆགས།

ས་བུ་ཆེ་ཡིས་གུས་པ་དང་བཅས།