བརྩེ་དུང་གི་ཐག་སྣེ་དང་། འདོད་ཆགས་ཀྱི་རླབས་རྩེ་ན་བུད་མེད་ལས་ལྷག་ཅིག་མེད་དེ། སྤྱིར་འགྲོ་པ་སྤྱི་དང་ཡང་སྒོས་མྱིའི་རིགས་ཁ་ནང་དུ་ཕྱོགས་ཏེ་བསམས་ན། རང་ཉིད་ལ་བྱམས་ཤིང་དྲིན་གྱིས་སྐྱོང་བ་ལ་ནི་ཨ་མ་ལས་ལྷག་ཅིག་མི་འདུག་ལ། ཁ་ཕྱིར་ཕྱོགས་ཏེ་འདང་ཞིག་བརྒྱབས་ཀྱང་ཨ་མ་ལས་དགའ་ཞིག་དང་ཨ་མ་ལས་ལྷག་ཅིག་མེད་པ་ཚང་མས་ཤེས་གསལ་རེད་འདོད།

དེ་བཞིན་སྤྱིར་བཏང་གི་བུད་མེད་ཅིག་ཡིན་ཡང་སྐྱེས་པ་ལ་མཚོན་ན། ཕྱི་རོལ་རྫུ་ལ་བརྟེན་མ་བརྟེན་གྱི་ཁྱད་པར་ཙམ་ལས་ནང་སེམས་རྒྱུད་ན་ཁ་ཕྱི་ནང་གང་ལ་ཕྱོགས་ཀྱང་“སེམས་པ་འདི་ལ་འགྲོ་འགྲོ། དམ་པའི་ཆོས་ལ་ཕྱིན་ན།། ཚེ་གཅིག་ལུས་གཅིག་ཉིད་ལ།། སངས་རྒྱས་ཐོབ་པ་འདུག་གོ།” ཞེས་པ་ལྟར་ཉལ་ན་རྨི་ལམ་ཚུད་ཆད་དང་། ཕྱིན་ན་མིག་ཟུང་རིག་རིག་གིས་མ་མཐོང་བ་ཡང་བུད་མེད་ཡིན་པ་ལོས་ཤེས་སྙམ།

དེ་ལྟར་ན། རང་ཉིད་ལ་སྙིང་ཉེ་ཞིང་རང་ཉིད་ཀྱིས་ཤིན་ཏུ་གཅེས་པའི་བུད་མེད་དག་ལ་སྐྱེས་དམན་ཞེས་ཚིག་གི་མཚོན་གྱིས་གཏེས་ཏེ། རང་ཉིད་ལས་དམན་པ་དང་རང་ཉིད་ལས་སྐྱོ་བར་སྒྲུབ་གང་ཐུབ་བྱས་ན། ང་ལ་མཚོན་ན་ནི། སེམས་ཀྱིས་མི་བཟོད་པ་ཞིག་རེད་ལ། སྙིང་ལ་མ་བདེ་ཞིག་ཀྱང་དངོས་གནས་རེད། དོན་དངོས་སྐྱེས་དམན་ཞེས་པའི་ཐ་སྙད་དང་ཐོག་བཀོལ་སྤྱོད་བྱེད་མཁན་དེ་སུ་ཡིན་ནའང་འགྲོ་བ་གྲངས་མེད་ཀྱི་ཚེ་སྲོག་འཕྲོག་པའི་འབར་རྫས་དང་པོ་གསར་བཏོད་བྱེད་མཁན་ལྟར་ཉེས་པ་ཆེ་བ་བཤད་ཅི་དགོས།

རྒྱུ་མཚན་ནི། བྱམས་པ་དང་སྙིང་རྗེ་གཉིས་ཀྱི་མཚོན་བྱེད་དུ་གྱུར་པའི་ཨ་མ་ལ་དམན་པའོ་ཞེས་སྨོད་པར་མ་ཟད། སྒྲིབ་གཉིས་དྲ་བ་མ་ལུས་གཅོད་པའི་སྒོ་གཅིག་ཤེས་རབ་གྱི་རལ་གྲིའི་མཚོན་བྱེད་མོ་ལ་ཡང་དམན་ཞེས་དམའ་ཕབ་པར་བྱེད་པའོ། མདོར་ན་འདོད་ཆགས་ཀྱི་དམིགས་རྟེན་དང་བྱམས་བརྩེ་ཡི་བདག་ཉིད་ལ་རིན་ཐང་དང་གོང་བཀུར་གྱི་འདུ་ཤེས་ཡག་པོ་ཞིག་ཡོད་ན། དེའི་སྤྱི་ཚོགས་ལ་འདྲ་མཉམ་དང་འཆམ་མཐུན་གྱི་དཔལ་ཡོན་ཚད་ལྡན་ཞིག་ཡོང་ངེས།

དེང་སང་སྐྱེས་སྨན་ཞེས་འབྲི་མཁན་འདུག་ལ། དེ་ནི་དོན་དངོས་ཀྱང་འབྲི་ཚུལ་སྙིང་རྗེ་མོ་ཞིག་རེད་འདོད། སྐྱེས་སྨན་ཞེས་པའི་དག་སྡེབ་འདི་ནི། འདོད་རྒྱལ་དང་རྗེས་གྲུབ་གཉིས་ལས་ཕྱི་མ་ཡིན་པར་ཐེ་ཚོམ་གང་ཡང་མི་དགོས་འདོད། སྤྱིར་དེང་སང་རྗེས་གྲུབ་ཅེས་པར་ངེས་པར་ཐ་སྙད་དེ་མཐུན་གྱི་ངེས་ཚིག་ཅིག་བསྙད་དུ་ཡོད་དགོས་པར་འདོད་བཞིན་ཡོད་མོད། བརྡ་གཞུང་ལ་སློབ་སྦྱོང་ཡང་དག་ཅིག་བྱས་ཡོད་ཚེ། རྗེས་གྲུབ་ཅེས་པ་དེ་ཙམ་ལ་གོ་ན་ཁྱབ་ཆུང་སྐྱོན་ཡོད་པར་ངེས་ཤེས་འདྲོངས་ངེས།

རྗེས་གྲུབ་ཅེས་པའི་མིང་ཚིག་འདི་ནི་ཐོག་མའི་མིང་གི་བསྐྱེད་འབྲས་ཡིན་པ་རེད་ལ། ཡང་ན་རྗེས་གྲུབ་ཅེས་པ་ནི་ཐོག་མའི་མིང་གི་རྗེས་སུ་གྲུབ་པའི་རྒྱུ་མཚན་གྱིས་རྗེས་གྲུབ་ཅེས་བསྙད་པའོ། དེའི་ཕྱིར་ན། རྗེས་གྲུབ་ཅེས་པའི་བརྡ་ཆད་འདིའི་འཇུག་གཞིར་གྱུར་པའི་མིང་ཚིག་ཀུན་ལ་ཐ་སྙད་དེ་མཐུན་གྱི་འགྲེལ་བཤད་ཅིག་མི་དགོས་པ་ངེས་པར་ཤེས་དགོས།

འོན་ཀྱང་བུད་མེད་ལ་སྐྱེས་སྨན་ཞེས་འབྲི་ཚུལ་འདི་ནི། རྗེས་གྲུབ་ཡིན་པར་མ་ཟད། རྗེས་གྲུབ་ལ་ཡང་ཡང་ལོག་གི་རྗེས་གྲུབ་གཉིས་ཡོད་པ་ལས། སྔ་མ་དེ་ངེས་པའི་ཚིག་གིས་ཡང་དག་པའམ་དོན་དང་ལྡན་པར་བསྙད་དུ་ཡོད་པའི་རྗེས་གྲུབ་ཡིན་པ་དོན་གྱིས་གྲུབ། སྤྱིར་སྐྱེས་ཞེས་པ་ནི་འཕེལ་བའམ་བསྐྱེད་པ་ལ་གོ་ཞིང་། སྨན་ཞེས་པ་ནི། ཕན་པ་དང་ཡང་ན་འབྲས་བུ་ཡག་པོ་འབྱུང་བའི་མིང་ལ་གོ་བ་ནི་ཚིག་མཛོད་སོགས་ལ་ཧ་ཅང་གསལ།

འོ་ན། སྐྱེས་སྨན་གྱི་ཚིག་གི་ཟུར་གྱི་སྨན་ཞེས་པ་དེ་ཉིད་སྒྲ་ཡངས་དོག་གི་འཇུག་པ་གཉིས་ལས་ཡངས་པའི་དབང་དུ་བྱས་ན། བུད་མེད་དུ་འབོད་པ་ཐམས་ཅད་ལ་གོ་བ་དང་། དོག་པའི་དབང་དུ་བྱས་ན། དར་བབས་ལང་ཚོ་ལྡན་པའི་བུད་མེད་ལ་མ་གཏོགས་མི་གོ་བར་འདོད། རྒྱུ་མཚན་ནི། དབྱངས་ཅན་དགའ་བློས་“སྨན་ཞེས་པ་མོའི་མིང་ལ་འཇུག་གོ”ཞེས་གསུངས་པ་དང་། དེ་བཞིན་དཔའ་རིས་སངས་རྒྱས་ཀྱིས“ལང་ཚོའི་དཔལ་ཤར་བའི་དུས་ཡིན་པས་སྨན་ཤར”ཞེས་གསུངས་པའི་ལུང་སྔ་ཕྱི་གཉིས་ལས། སྔ་མས་སྨན་ཞེས་པ་བུད་མེད་སྤྱི་ལ་འཇུག་པ་དང་། ཕྱི་མས་ནི་སྨན་ཞེས་པ་ན་ཆུང་བུད་མེད་ལ་འཇུག་གསུངས་པ་བཞིན་ནོ།།

དེའི་ཕྱིར། སྣ་འཐེན་ནས་ཁ་ནང་ལ་ཡོང་ཐབས་བྱེད་པ་ལྟར་བུད་མེད་ལ་སྐྱེས་དམན་ཞེས་ཨུ་ཚུགས་ཀྱིས་བྲིས་བསྡད་པ་ལས་སྐྱེས་སྨན་ཞེས་ཡང་དག་པའི་ཚིག་ལ་སྙེག་གང་ཐུབ་བྱས་ན་ཡག་པོ་ག་འདྲ་མི་འདུག་གམ་སྙམ། སྤྱིར་དེང་སང་གི་རང་ཆེ་རང་རྩིས་ལ་དགའ་བ་མང་དག་ཅིག་གིས་སྐྱེས་དམན་ཞེས་སྐྱེས་དེ་ཉིད་ཕོ་ལ་གོ་བ་དང་། དམན་ཞེས་པ་དེ་བུད་མེད་ལ་གོའོ་ཞེས་ཁེངས་པ་དང་དྲེགས་པའི་འགྱིང་ཚུལ་སྟོན་མོད། དོན་དངོས་བྱས་ན། རང་གི་ནང་གི་དེ་ཉིད་ཕྱིར་མངོན་པ་མ་ཤེས་པ་ཉིད་དོ།།

སྐྱེས་སྨན་ཞེས་པའི་སྐྱེས་ནི་གོང་དུ་བཤད་པ་ལྟར་བསྐྱེད་པ་ལ་གོ་བ་ལས་སྐྱེས་པ་ཕོ་གཅིག་པུ་ལ་ནམ་ཡང་གོ་བར་མི་སེམས། དེའི་ཕྱིར་ན་ཅི་ཞིག་སྐྱེས་སྙམ་ན་རིགས་རྒྱུད་སྐྱེ་འཕེལ་བྱེད་པ་ལ་གོ་ཞིང་། རིགས་རྒྱུད་སྐྱེ་འཕེལ་བྱེད་པའི་ས་ཞིང་གཤིན་པོའམ་ཕན་ཐོགས་ཤོས་ནི། བུད་མེད་ཡིན་པས་སྨན་ཞེས་གོ་བ་བླངས་ན་མི་ཆོག་པ་མི་འདུག་སྙམ།

ཡང་ན་གང་ཞིག་སྐྱེས་པ་ནས་མ་འཚར་བར་དུ་ཕན་འདོགས་པར་བྱེད་མཁན་ལ་ཡང་གོ་བ་བླངས་ན་མ་འགྲིག་པ་གང་ཡོད་སྙམ། དེ་ལྟར་ན། ཁྱིམ་ཚང་དུ་ཕྲུ་གུ་ཞིག་སྐྱེས་པ་ནས་དེ་ཆེར་མ་ཆགས་བར་དུ་དྲིན་ཆེན་མ་ཡིས་ཐུགས་ཁུར་དང་བྱམས་བརྩེ་ལ་བརྟེན་ནས་ཕྲུ་གུའི་འཚར་བསྐྱེད་ལ་ཕན་པར་བྱེད་པའི་ཆ་ནས་སྐྱེས་སྨན་ཞེས་བཤད་ན་ཡང་དོན་ལྡན་རྗེས་གྲུབ་ཀྱི་ངེས་ཚིག་ཡང་དག་ཅིག་བསྙད་དུ་ཡོད་པ་དེའོ།།

ཡང་ན་སྐྱེས་ཞེས་པ་ནི་ཕོ་མོ་གཉིས་ཆ་ལ་ཁྱད་མེད་དུ་འཇུག་མོད་སྨན་ཞེས་ནི་བུད་མེད་གཅིག་པུ་ལས་མི་འཇུག་པ་རེད། གང་དུ་སྐྱེས་པ་སྟེ་འདོད་པའི་ཁམས་སུ་སྐྱེས་པ་ལ་གོ་ཞིང་། སྨན་ཞེས་པ་ནི་མིའི་ནང་བསམ་བློ་དང་ཕྱིའི་འཚང་ལོངས་ཀྱི་རིམ་པ་གང་ལ་ཡང་བུད་མེད་ཉིད་ཕན་པས་སྐྱེས་སྨན་ཞེས་གོ་བ་བླངས་ཀྱང་མི་འགྲིག་པ་མེད་དོ་སྙམ།

དེའི་ཕྱིར་ན་དགེ་ཆོས་ཀྱིས་གསུངས་པ་ལྟར་རྒྱལ་ཁབ་ཀྱི་སྲིད་དོན་དང་སྤྲང་པོའི་འཚོ་ཐབས་གང་ཡིན་ཡང་མེད་དུ་མི་རུང་བ་ནི་མེད་ཡིན་གསུངས་པ་ཡང་འཁྲིག་སྤྱོད་ཙམ་མ་ཡིན་པར་མི་རིགས་དེ་དང་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་ངེས་པར་ཡོད་དགོས་པ་ནི། རིགས་རྒྱུད་རྒྱུན་འཛིན་བྱེད་པའི་སོན་རྩ་དག་ཡིན་ལ། དེ་བསྐྱེད་པར་བྱེད་པ་ལ་མེད་དུ་མི་རུང་བའི་ས་ཞིང་གཤིན་པོ་ལྟ་བུ་ནི། བུད་མེད་ཡིན་པ་དེའོ།།

དེའི་ཕྱིར་ན། བུད་མེད་ལ་སྐྱེས་དམན་ཞེས་བསྙད་པ་ནི་བཙན་པོ་དར་མ་གླང་ངོ་ཞེས་པའི་གླེན་རྨོངས་དང་ཕྱོགས་ཞེན་གྱི་དྲི་མ་ལས་བྱུང་བ་ལྟར། རྒྱུ་ཕྱོགས་ཞེན་གྱི་བསམ་བློ་དང་སྦྱོར་བ་བུད་མེད་ཐམས་ཅད་ལས་རང་མཆོག་གཞན་དམན་གྱི་བྱེད་ལས་ལས་བྱུང་བས་ཐ་སྙད་འདི་རིགས་དུས་རབས་རྙིང་པའི་གླེན་རྨོངས་ཀྱི་སྐབས་སུ་མཁོ་ཆེ་ཡང་། འདྲ་མཉམ་གྱི་སྤྱི་ཚོགས་དང་རིགས་རུས་ལ་ཁྱད་མེད་དུ་གཟིགས་པའི་ཆོས་ལུགས་ལ་གཏན་ནས་མི་མཁོ་བས་འདོར་བར་བྱ་བ་ཉིད་དོ།།

ཡང་ལ་ལ་ཞིག་གིས་སྐྱེས་སྨན་ཞེས་པ་ནི་སྐྱེས་པས་ལོག་པར་གཡེམ་པ་ལ་སྨན་པའི་ཆ་ནས་ཞེས་འགྲེལ་ཙམ་བྱེད་མོད། དེ་ནི་ཐ་སྙད་འདིའི་རིན་ཐང་དང་ཁྱབ་ཚད་ཀྱི་ཉམས་དམའ་རུ་བཏང་བ་ལས་དོན་ལྡན་ཡང་དག་གི་ངེས་ཚིག་ཅིག་རེད་མི་འདོད།

གང་ལྟར་བདག་གི་བསམས་ན་སྐྱེས་སྨན་ཞེས་པ་འདི་རྗེས་གྲུབ་ཀྱི་མིང་དུ་བསྙོན་དུ་མེད་ཙང་། དེའི་ངེས་ཚིག་གི་འགྲེལ་བཤད་ནི། རིགས་རྒྱུད་སྐྱེ་འཕེལ་ལ་མཆོག་ཏུ་གྱུར་ཅིང་། བུ་ཕྲུག་སྐྱེས་ནས་འཚར་བསྐྱེད་མ་བྱུང་བར་ཕན་ཐོགས་པ་ལ་དོ་བའི་ཟླ་མེད་པས་སྐྱེས་སྨན་ཞེས་ངེས་ཚིག་གིས་འགྲེལ་ན། ཡང་དག་པའོ་སྙམ།

                                                                                                                                                                                          2015.1.9

                                                                                                                       

མཆན།

1 གོང་གི་དབྱངས་ཅན་དགའ་བློ་དང་། དཔའ་རིས་སངས་རྒྱས་ཀྱི་ཁུངས་གཉིས་རྩོམ་པ་པོ་ཆུང་ཚེ་རིང་གི་སྐྱེས་སྨན་སྐོར་གྱི་རྩོམ་ལས་དྲངས།
2 དེང་དུས་ཐ་སྙད་འདིར་གླེང་སློང་བ་མང་བས་རང་གིས་ཀྱང་དེ་ལྟར་བྲིས།
3 རྗེས་གྲུབ་སྐོར་ཏོག་ཙམ་འཕྲོས་པ་ནི། གལ་ཆེ་བར་སྙམ་ནས་ཏོག་ཙམ་གླེང་།