མ་བརྙན་མིང་། Laitakaupungin valot

བོད་འགྱུར་མིང་། ས་སྲོས་ཀྱི་འོད་མདངས།

རྒྱ་འགྱུར་མིང་། 薄暮之光

འཁྲབ་ཁྲིད། Aki Kaurismaki

འཁྲབ་སྟོན།  Janne Hyytiainen, Maria Heiskanen

འགྲེམ་དུས། ༢༠༠༧ ལོའི་ཟླ ༢ པ།

ཡུན་ཚད། སྐར་མ ༧༨།

ས་གནས། ཧྥེན་ལན་དྷི། ཧྥ་རན་སེ། འཇར་མན།

སྐད་རིགས། ཧྥེན་ལན་དྷི་སྐད་དང་ཨུ་རུ་སུའི་སྐད།

                                                                                                                             

ཨ་རིག་རྗེན་པ།

 

࿉ ནང་དོན་མདོར་བསྡུས། ࿉ འཁོས་ཀ་ཞན་པའི་མི་ཧྲེང་ཁོ་སེ་ཊི་ནེན་ནི་མི་ཚང་མས་དམན་སར་དོར་བའི་བདེ་སྲུང་བ་དཀྱུས་མ་ཞིག་ཡིན། ཁོ་རང་སྔ་ནས་རང་གི་འཚོ་ཚིས་དང་ལས་ཀ་ལ་རེ་ཆད་ཀྱིས་ཁེངས་འདུག གལ་སྲིད་ཡར་སྔོན་ཁོ་རང་གང་ཞིག་གི་ཆེད་དུ་རེ་བས་གཏམས་ཤིང་འབད་པ་ལྷོད་མ་མྱོང་བ་ལྟ་བུ་ཞིག་ཡིན་ངེས་ན། ད་ནི་ཡོད་ཚད་སྟོང་བར་ཟགས་ཤིང་། རྫོགས་མཐའ་མེད་པའི་ཁེར་རྐྱང་དང་སྐྱོ་གདུང་གི་ཚོར་བ་གང་གིས་ཁོ་རང་ལྕགས་ཀྱི་གཟེབ་སྒྲོམ་ཞིག་ལ་དམ་པོར་བཅུག་ཚར། ཁོ་རང་ཕལ་ཆེར་འཇིག་རྟེན་འདིའི་བྱེད་པོ་སུ་ཡིས་གཟུགས་རེག་མེད་པ་གང་ལྟར་བརྗེད་དུ་བོར་ནས་ཡུན་རིང་ཕྱིན་ཚར། འོན་ཀྱང་སྟེས་དབང་ཞིག་གིས་མེར་ཡ་ཞེས་པའི་མཛེས་མ་ཞིག་ཁོའི་མདུན་སར་མངོན་པ་དང་ཁོའི་ཡིད་ཀྱི་དང་བའང་ཅིག་གྱར་གྱིས་འཕྲོག ཁོའི་མི་ཚེ་ལ་སླར་ཡང་སྙིང་བོའི་འོད་མདངས་རག་ཙམ་འཁྱུག

མེར་ཡ་ཁོའི་འཚོ་བའི་ཁྲོད་ཐོན་པ་ནས་ཁོས་སླར་ཡང་རེ་ཆད་ཀྱི་འཚོ་བའི་ཁྲོད་ནས་རེ་བ་ཉག་ཕྲ་བ་ཙམ་པོ་འཚོལ་བར་བརྩམས། ཁོས་ཀྱང་རང་གིས་ལྭ་བ་ཅི་གྱོན་པ་དང་སྐྲ་ཚུགས་རྫོབ་མེད་ཡོད་སོགས་ཕྱི་ཚུལ་ལ་ཉམས་འཇོག་བྱས། ཁོ་གཉིས་ཀྱིས་དུས་འདེབས་པ་དང་མཉམ་པོར་གློག་བརྙན་ཁང་ལ་འགྲོ་བ། ཨར་ཁང་ཆུང་ངུ་ཞིག་ནས་རཱ་ཁི་རོལ་ཚོགས་ཀྱིས་གཞས་གཏོང་བ་ལ་མྱངས་རོལ་སོགས་བྱས། རྗེས་སུ་ཁོས་མོ་རང་ཁོའི་ནང་ལ་ཕེབས་པའི་རེ་བ་ཞུས་ཤིང་མོས་ཀྱང་མོས་མཐུན་གནངས། ནམ་རྒྱུན་ཅི་འདི་མེད་པར་འཚོ་བའི་ཁོས་སྟབས་བདེ་བའི་འདུག་ཁང་ནང་གད་བདར་བྱས་ཤིང་། ཅོག་ཙེའི་སྒང་གི་རྫ་བུམ་དེ་ལའང་མེ་ཏོག་རྐང་འགའ་བཙུགས། ཁོའི་མིག་ཟུང་ལ་རྣམ་ཀུན་ལས་འདས་པའི་ཁ་དོག་ཡན་གར་ཞིག་ཀྱང་འཁྱིལ་འདུག། སྒོ་རྡུང་བའི་སྒྲ་དེ་ཐོས་པ་དང་ཁོ་རང་འཚབ་འཚུབ་བེར་བཏང་།

བསམ་ཡུལ་ལས་འདས་པ་ཞིག་ལ། མེར་ཡ་ཁོ་དང་ཉེ་བར་བཅར་དོན་ནི་ཁོའི་བདེ་སྲུང་གི་ལས་ཀ་གཉེར་སའི་རིན་པོ་ཆེའི་ཚོང་ར་དེ་བརྐུ་འཕྲོག་གི་འཆར་གཞི་ཡི་ཆ་ཤས་ངེས་པ་ཙམ་ལས་མ་འདས། འུ་ཐུག་པའི་ཁོ་སེ་ཏི་ནེན་གྱིས་ཁ་རོག་གེར་བརྩེ་དུངས་བརྫུས་མ་དེས་བཟོས་པའི་གོད་ཆག་མཐའ་དག་དང་དུ་བླངས་ཤིང་ཁྲི་མུན་བཙོན་ལ་ཚུད། ཁོ་ལ་མཚོན་ན་བཙོན་གྱི་འཚོ་བ་ནི་རང་དབང་ལ་ཅི་དགར་ཡན་ཆོག་པའི་འཚོ་བ་ཞིག་ལྟར། བཙོན་གྲོགས་ཚོ་དང་མཁར་གྱང་མཐོན་པོ་དེར་སྙེས་ཤིང་ཐ་མག་རྐང་རེར་མེ་བསྒྲོན་ནས་ཉི་མར་ལྡེ་སྐབས། ད་བཟོད་ཁོའི་གདོང་ལ་གང་གིས་ཀྱང་མ་ལྷད་པའི་འཛུམ་མདངས་ཤིག་མངོན། འོན་ཀྱང་བཙོན་ལས་གྲོལ་རྗེས་སླར་ཡང་རྨི་ལམ་འཇིགས་པོ་ཞིག་གི་འགོ་བརྩམས་བྱུང་། མ་གཞི་འཚོ་བ་གསར་བ་ཞིག་ལ་སྟ་གོན་གྱི་འདུན་མ་འཆང་བའི་ཁོ་རང་། དོན་གྱིས་འཁྱག་རེངས་སུ་གྱུར་བའི་གནས་བབ་ཀྱིས་རེ་ཐག་གཏིང་ནས་ཆད་ཅིང་ཡོད་ཚད་ལ་ཡི་ག་ཟད་པར་བཟོས། ཁོས་ལག་ལ་གྲི་ཆུང་ཞིག་ཐོགས་ཤིང་དེ་སྔའི་གཤེད་མ་ཚོའི་སར་འཁོན་སློག་པར་ཆས་མོད། བརྩེ་བ་གྱོང་བའི་མི་དང་ཁོར་ཡུག་གིས་ཁོ་རང་སླར་ཡང་ཅི་བྱ་གཏོལ་བྲལ་གྱི་ལམ་ལ་གཏད་དོ།།

 

࿉ ཕྲན་དཔྱད། ࿉ གློག་བརྙན་འདིའི་ཁོར་ཡུག་དང་མི་དང་བཅས་པ་འཁྱག་རེངས་སུ་གྱུར་ཞིང་། འགྱིག་གམ་འཕྲུལ་ཆས་ཀྱིས་བཟོས་པ་ལྟར་གཤིས་ཀྱི་བརྩེ་བའང་གྱོང་འདུག མ་གཞི་འཇིག་རྟེན་འདིར་གནས་པ་ཡོད་དོ་ཅོག་གིས་རང་སོའི་ཆོ་མེད་ཅིང་མདོག་ཡལ་བའི་འཚོ་ཚིས་ལ་སྙིང་བོ་རག་ཙམ་གསབ་ཆེད་སྙིང་བོས་དབེན་པ་ཅི་རིགས་ཤིག་དོན་གྱི་སྙིང་བོར་བརྩིས་ཤིང་། ཏག་ཏག་དེ་རང་རྐྱེན་པས་མངར་སྐྱུར་ཁ་གསུམ་གྱི་འཚོ་བའི་མཇུག་མ་ཕྲ་མོ་ལ་དམ་གྱི་འཇུས་ཏེ་ཅི་བྱ་གཏོལ་བྲལ་ངང་འཚོ་ཞིང་གཞིས། ནམ་ཞིག་འདི་སྣང་གི་ཆོས་ཐམས་ཅད་མི་རྟག་པར་རློམ་དུས་འཆི་བའང་ཁྱེད་ཀྱི་མལ་ཁྲིའམ་ཁྱེད་རང་སྡོད་སའི་གནས་གང་དེར་རྡོག་ཐོན་བྱས་ཤིང་ཁྱེད་ལ་དགའ་ཁའི་གཡབ་མོ་བྱེད་ངེས།

གློག་བརྙན་འདིར་འཁྲབ་ཁྲིད་པས་ང་ཚོར་ཞེན་ཆགས་དང་སྡང་སེམས་སོགས་གང་ཡང་བསྐྱུར་མི་འདུག མེར་ཡ་དང་བཅས་པའི་ཁྲམ་པ་དེ་ཚོའང་མི་གཤིས་དང་བྲལ་ཞིང་། ཁོ་སེ་ཊི་ནེན་ཡང་རང་ལ་སྙིང་ཉེ་བོ་གནང་བའི་མི་ཚོ་རང་ཡན་ལ་གཏོང་བའི་ཅོལ་མེད་ཅིག་གོ། ཆེས་དྭགས་གཙང་དུ་ལུས་པ་ནི་ཁྱི་གུ་དེ་དང་དེའི་བདག་པོ་གསར་བ་བྱིས་པ་དེའོ།། གཞན་ད་དུང་ས་སྲོས་ཀྱི་མཚམས་སུ་འཚེར་བའི་འོད་མདངས་ཟ་ཟི་དེ་ཉིད་དོ།།

 

༢༠༡༥ ལོའི་ཟླ ༡ བའི་ཚེས ༡༤ ཉིན།