ང་ནི་སྤྱིར་བཏང་ནས་རྗེས་སུ་ལུས་པའི་མི་ཞིག་ཡིན་ཙང་། མྱི་སུ་ལ་ཡང་བོགས་ཐོན་ཐུབ་པའི་མྱི་ཞིག་གཏན་ནས་མིན། དེའི་ཕྱིར་བདག་གི་བསམ་བློ་དང་བསམ་བློ་དེས་བསྐྱེད་པའི་སྐད་ཆ་གང་ཡིན་ཡང་སྤྱི་ཚོགས་ཤིག་གམ། ཡང་ན་སྒེར་མྱི་སུ་ལའང་རྔོ་མི་ཐོགས་པ་ཤེས་ཡོད། ཡིན་ཡང་གཡེར་ཚ་བ་མེད་པར་དུས་རྒྱུན་ཡི་གེ་འགའ་ཞིག་ཨུ་ཚུགས་དང་བཙན་ཐབས་ཀྱིས་གློག་ཀླད་སོགས་སུ་གཏག་བཞིན་པ་ནི། རང་ཉིད་ཀྱི་བསམ་བློའི་དྲན་ཕྱོགས་ཤིག་མོལ་འདོད་པ་དང་། འབྲི་རྩལ་ཡར་འཕེལ་ཞིག་ཡོང་བར་སྙམ་པ་ཙམ་ལས་གཞན་གང་ཡང་མིན།

ང་ཚོ་སྟེ་ས་ཁུག་ཁུག་གི་རྡོ་འབུར་འབུར་ལྟ་བུའི་བོད་ཀྱི་མྱི་ངར་བ་དག་དང་། ཡང་ན། སྤྱི་ཚོགས་གཞན་གྱི་མྱི་སྔོན་ཐོན་པ་དག་ནི་རྔུལ་ཆུ་མང་ཙམ་བཞུར་བ་ལ་བརྟེན་ནས་རྗེས་ལུས་ཀྱི་ས་མཚམས་ནས་བརྒལ་བ་ལས། ལེ་ལོ་དང་བག་འཁུམ་གྱི་མལ་ས་དྲོད་མོ་ལས་བྱུང་བ་གཏན་ནས་མིན།

འོ་ན། སྔུན་མའི་དུས་སུ་ཡིན་ན། བོད་ཅེས་པ་འདི་ཆོས་སྲིད་རིག་གནས་གང་ཐད་ནས་སྔོན་ཐོན་ཡིན་པ་རེད། དེ་ནི་སྐབས་དེའི་བོད་ཀྱི་མྱི་གཤིས་བཟང་དྲགས་པ་དང་། དེ་བཞིན་སྒེར་ཚུགས་ཀྱི་འདུ་ཤེས་ཟབ་དྲགས་པས་ཡིན་པ་བདག་ལ་དུས་གཏན་དུ་སེམས་ལ་འཁོར། སྐབས་དེར་བོད་མི་རིགས་འདི་སྔོན་ཐོན་གྱི་གྲས་སུ་ཐེ་བའང་མང་ཚོགས་སྤྱི་དང་ཡང་སྒོས་ཤེས་ཡོན་པ་ཁྱོན་ཆེ་བས་མ་ཡིན་པར་གཙོ་བོ་གསེར་ལྟ་བུའི་མཁས་པ་རེ་གཉིས་ཤིག་ཡོད་པས་རེད་འདོད།

དེའི་ཚེ་དེའི་དུས་བོད་ཀྱི་མཁས་པ་གསེར་རི་འདྲ་བ་ཞེས་བསྙད་པའི་མི་ངར་བ་འགའ་ཤས་དེ་རང་མི་རིགས་ལ་ཤ་ཚ་བ་དང་། རང་མི་རིགས་ལ་སྙིང་ཉེ་སྟངས་ཀྱང་དེང་དུས་ཀྱི་མཁས་པ་དང་མཁན་པོ་རུ་འབོད་པ་ཚོ་དང་གཏན་ནས་མི་འདྲ་བ་རེད་འདོད་ཡོད། རྒྱུ་མཚན་ནི། སྐབས་དེའི་མྱི་དག་གིས་ཡོད་ཚད་ཕྱི་རབས་བོད་ཀྱི་མི་ལ་བསམ་གཞིག་བྱེད་ཙང་། ཁོ་ཚོས་མི་རབས་ཀྱི་ཆེད་དུ་ཡོད་ཚད་རང་ཉིད་བློས་གཏོང་བྱེད་བཞིན་ཡོད་པ་རེད་འདོད་ཡོད།

དཔེར་བཞག་ན། སློབ་དཔོན་ཐོན་མིས་ནི། “ལམ་བགྲོད་པར་དཀའ་བའི་རྒྱ་གར་”སོགས་སུ་ཞབས་ཀྱིས་བཅགས་ཏེ། བོད་མི་རིགས་དང་དེའི་རིག་གནས་ལ་མཁའ་དབུགས་གསར་པ་ཞིག་འདྲེན་ཕྱིར། རྒྱ་གར་དང་བོད་བར་ཀྱི་དཀའ་སྡུག་གི་རིམ་པ་དང་། ཡང་ན་ལོ་ཟླ་མང་དག་ཅིག་གི་དཀའ་སྤྱད་ཀྱི་བརྩོན་པ་ཡོད་ཚད། ཅི་མ་སྙམ་པར་རྒྱབ་ཏུ་བཞག་ཏེ། ཉིན་མོ་ཟས་བཅག་དང་མཚན་མོའི་མལ་བཅག་གིས་མི་རིགས་ཤིག་གི་ཚེ་སྲོག་གི་རྒྱུན་དུ་གྱུར་པའི་སྐད་ཡིག་གསར་གཏོད་དང་། གཞན་པའི་རིག་གནས་ཀྱི་ཉིང་བཅུད་དུ་གྱུར་པའི་ལེགས་བྱང་སྟེ། རང་མི་རིགས་ལ་ཕན་དུ་རེ་བའི་ནང་བསྟན་རིག་གནས་དང་བཅས་པ་བོད་སྐད་དུ་ནང་འདྲེན་བྱས་པ་རེད། དུས་དེ་ནས་མྱ་ངམ་ཐང་དུ་གྱུར་པའི་བོད་ཀྱི་སྤྱི་ཚོགས་སུ་རིག་གནས་གསར་པ་ཞིག་གི་ལྗང་སྨྱུག་འབུས་པ་རེད།

དེ་བཞིན་གནའ་མིའི་བོད་ཀྱི་མཁས་པ་དག་ནི། རང་མི་རིགས་ལ་ཤ་ཚ་ཞིང་སྙིང་ཉེ་བ་ལ་ཁ་ཞེ་གཉིས་སུ་མེད་པས་སྐབས་དེའི་སྤྱི་ཚོགས་ཀྱི་སྟོང་ཆ་ལ་གཟིགས་ཏེ། ཕྱི་རབས་ཀྱི་བོད་མི་དག་ལ་རིག་གནས་གསར་པ་འདྲ་མིན་གྱི་ཆུ་རྒྱུན་ཕྱོགས་གང་ས་ནས་དྲངས་ཏེ་ཡོང་བ་ཡིན་པས། དེའི་དུས་ཀྱི་བཀའ་གདམས་བཤེས་གཉེན་དག་ནི། ལྷག་བསམ་གྱི་ཆ་ནས་“གངས་རི་འདྲ་བ་དང་། རིན་ཐང་གི་ཆ་ནས་གསེར་རི་འདྲ་བ”་ཞེས་ཉེ་རབས་བོད་ཀྱི་མཁས་པ་དག་གིས་བསྔགས་པ་བརྗོད་དགོས་བྱུང་བ་རེད། སྐབས་དེའི་དུས་ཀྱི་མཁས་པ་དག་གིས་ཕྱི་རབས་ཀྱི་ཆེད་དུ་བརྩོན་པ་བྱས་པ་མང་པས། ཁོང་ཚོས་བསླངས་པའི་གཟི་བརྗིད་ལ་ང་ཚོས་མྱངས་ཤིང་ངོམ་བཞིན་པ་ལས་དེ་ལས་ཕར་ང་ཚོ་འདའ་ཐུབ་མེད་པ་ནི་ཨ་ཅང་ཅང་མ་རེད་དམ།

དེང་གི་བོད་ཀྱི་མཁས་པ་དང་བོད་ཀྱི་བསམ་བློ་བ་རུ་འབོད་པའི་མྱི་དག་གིས་གནའ་རབས་མེས་པོ་བཀའ་དྲིན་ཅན་དག་གིས་དཀའ་སྤྱད་འབད་འབུངས་ལ་བརྟེན་པའི་རིག་གཞུང་སྙིང་འདྲ་བ་དག་ཅི་མི་སྙམ་ཞིང་སེར་སྣ་ཙམ་ཡང་མེད་པར་རང་ཉིད་ཀྱི་འཚོ་ཚིས་གནས་མལ་གྱི་ཕྱིར་དུ་རྗེ་བོ་རྒྱག་བཞིན་མི་འདུག་གམ། སྔོན་རབས་བོད་ཀྱི་མཁས་པ་དག་གིས་“དཀོན་པོ་རིན་བྱིན། དཀའ་མོའི་ཚེགས་བཏང་”ནས་ནང་འདྲེན་བྱས་པ་དེ་དག་དེང་གི་མཁས་པ་དང་མཁན་པོ་རུ་བསྙད་པའི་བླ་གོས་སེར་པོ་ཅན་དང་། མཐང་གོས་དམར་པོ་ཅན་དག་གིས་ཁ་སྙན་ལ་འདྲ་ཆགས་པའི་ཚིག་ལ་བརྟེན་ནས་ཡོད་ཚད་ཕྱིར་འཚོང་བྱེད་ཀྱིན་མི་འདུག་གམ།

བོད་མི་རིགས་ལ་ཡོད་པ་ནི་རིག་གཞུང་རྩ་ཆེན་པོ་འདི་དག་ཡིན་ལ། འདིའི་བདག་པོ་ནི་བོད་རིགས་མང་ཚོགས་ཡིན། བོད་རིགས་མང་ཚོགས་ལ་ཡོད་པའི་ནང་རྫོང་གལ་ཆེན་པོ་དེ་ཚོང་རྫས་ཙམ་གྱི་ངོ་བོར་བསྒྱུར་རུང་བ་མ་ཡིན་ཏེ། དེང་སང་བོད་ཀྱི་ཐང་ཀ་དང་། བོད་ཀྱི་སྨན་རྩིས་ཀྱི་སྐོར། བོད་ཀྱི་ནང་བསྟན་དང་བཅས་པའི་བདག་པོ་བོད་པ་ལས་གཞན་མང་དག་ཅིག་ཡོང་གིན་མི་འདུག་གམ། ཐ་ན་བོད་ཀྱི་དབྱངས་གསལ་སོ་བཞི་ནི་བོད་ཀྱི་བློན་ཆེན་ཐོན་མིས་བྱས་པ་ཡིན་མོད། དེང་གི་དུས་སུ་རྫོང་ཁ་སོགས་མིང་སྣ་ཚོགས་ཀྱིས་བསྙད་དེ། ཡང་དག་པའི་མི་རིགས་འདིའི་སྐད་ཡིག་གི་རྣམ་པ་གཞན་དུ་སྒྱུར་བཞིན་མི་འདུག་གམ།

དེང་གི་མཁས་པ་རུ་འབོད་པ་དག་གིས་འུ་ཚོའི་གནའ་རབས་རིག་གནས་ཕྱི་ལ་བཙོང་ཞིང་བསམ་བློ་བ་རུ་ཁས་འཆེ་བ་དག་གིས་བོད་ཀྱི་གནའ་བོའི་ལེགས་བྱང་ཡོད་ཚད་རྗེས་ལུས་སུ་སྨྲས་ན། “དྲིན་ཆེན་ལ་དྲིན་ལོག་”དང་“གཡང་ལ་རྡོ་ལོག”་བྱས་པ་མ་ཡིན་ནམ། སྔོན་བྱོན་བོད་ཀྱི་མཁས་པས་རང་གི་ལུས་སྲོག་ཚུན་ཆད་ཀྱིས་ཉོས་པའི་རིག་གཞུང་དག དེང་གི་”ངོ་ཚ་མེད་པ་”དང་”བསམ་སྦྱོར་ངན་པ་”དག་གིས་རང་ཉིད་ཀྱི་མཚན་སྙན་ཙམ་པོ་བ་དང་། འཚོ་བ་ཉི་ཚེ་བ་དེའི་ཕྱིར་དུ། དངུལ་འབེལ་བའི་ཕྱི་རྒྱལ་པ་དག་ལ་དཀའ་ཚེགས་གང་ཡང་མེད་པར་བརྒྱུད་ཚོང་བྱས་ན། མ་འོངས་ལོ་ཟླ་འགའ་ཞིག་གི་ཁྲོད་བོད་མི་རིགས་རིག་གཞུང་དེ་དག་གི་བདག་པོ་ཡིན་པའི་ངེས་པ་ཡོད་མི་སྲིད།

བླ་གོས་སེར་པོ་དང་མཐང་གོས་དམར་པོ་གྱོན་པ་ཚོ་དང་ལྷག་པར་རང་གི་འཚི་གནས་དང་མཚན་སྙན་ཙམ་ལ་འབུང་བཞིན་པ་དག་གིས་རང་རེའི་མི་རིགས་ཀྱི་རིག་གནས་མཐའ་དག་ཡོས་གཏོར་བ་བཞིན་གང་སར་མ་བཀྲམས་ན་བཟང་སྙམ། “བོད་ཀྱི་བདག་པོ་བོད་མི་ཡིན་”ཟེར་བ་བཞིན། བོད་ཀྱི་རིག་གཞུང་གི་བདག་པོ་བོད་མི་རང་ཡིན་པའི་ཤེས་རྟོགས་ངེས་པར་རྙེད་དགོས།  བོད་ཀྱི་རིག་གཞུང་ཕྱིར་འཚོང་བྱེད་པ་ནི་བོད་ཀྱི་རིག་གཞུང་གི་ཆེད་དུ་མ་ཡིན་པར་ཕྱི་རྒྱལ་པའི་དངུལ་ལོའི་ཆེད་དུ་ཡིན་པ་རིགས་པས་གྲུབ་ཡོད།

བོད་མི་རིགས་དང་བོད་ཀྱི་རིག་གཞུང་གི་སླད་དུ་ཡིན་པ་བདེན་ཚེ། སྔོན་བྱོན་མཁས་པ་དག་དང་འདྲ་བར་”མེད་པ་ལ་ཁ་གསབ་”དང་”ཡོད་པ་རྒྱུད་འཛིན་”བྱེད་དགོས་མོད། དེང་གི་བོད་ཀྱི་རིག་གཞུང་ཕྱིར་འཚོང་བྱེད་པོའི་ཁྲོད་ན། ཕྱིའི་རིག་གནས་ནང་འདྲེན་བྱས་པ་གང་ཞིག་ཡོད་པ་སོམས་དང་། ནུབ་ཕྱོགས་པའི་ཡང་དག་པའི་རིག་པའི་གཞུང་ལུགས་གང་ཞིག་གི་ཆུ་རྒྱུན་བོད་ཀྱི་ལེགས་བྱང་གི་མཚོ་མོར་དྲངས་ཡོད། ཡོད་པ་མ་རེད། བསྡུས་གྲྭའི་སྐད་ཆ་ལྟར་བྱས་ན། རི་བོང་ར་དང་མོ་གཤམ་བུ་ཡིན་ནོ།།

ཁ་ཐོགས་ཚད་ཀྱིས་མི་རིགས་ཟེར་མོད། མི་རིགས་ཀྱི་ཕྱིར་དུ་ཡིན་ན།ཁ་ཞེ་གཉིས་མཐུན་དགོས་པ་རེད་འདོད། བོད་ཀྱི་རིན་ཐང་དང་བོད་ཀྱི་ངོ་བོ་གཅེས་ཉར་བྱེད་དགོས་ན། རིག་གཞུང་ཚོང་རྫས་ཀྱི་ངོ་བོར་མི་བསྒྱུར་བར་ངེས་པར་རང་རེ་མི་རིགས་རང་གིས་ཉར་ཐུབ་པ་ཞིག་བྱེད་དགོས་པ་རེད། འོན་ཀྱང་བློ་ཕམ་པ་ཞིག་ལ་དེང་གི་བོད་མྱི་དག་གི་ཁྲོད་ན། ནང་ཆོས་ལ་འབུངས་པ་དག་གིས་རིག་གཞུང་གཞན་གྱི་རིན་ཐང་མི་ཚོར་ཞིང་། རིག་གཞུང་གཞན་ལ་བརྩོན་པ་དག་གིས་ནང་ཆོས་ཀྱི་དགེ་མཚན་མི་ཤེས་པར་ཡ་བྲལ་གྱི་འདུ་ཤེས་དེའི་ཁྲོད་ནས་མགོ་བདེ་དང་དྲན་འཕྲུལ་རྒོད་པ་དག་གིས་ང་ཚོའི་མི་རིགས་ཀྱི་ཡོད་ཚད་འཚོང་བཞིན་ཡོད་པ་རེད། བང་མཛོད་ཅིག་ཡིན་ན། བོད་ཀྱི་རིག་གཞུང་རྩ་བརླག་ཏུ་འགྲོ་བཞིན་ཡོད།

བོད་ཀྱི་རིག་གཞུང་ཞེས་འཆད་དུས་སྤྱི་འདུས་ཤིག་ལ་གོ་དགོས་ཙང་། ནང་བསྟན་གཞུང་ལུགས་གཅིག་པུར་གོ་ན་མི་འགྲིག བོད་ཀྱི་ནང་བསྟན་འདི་གང་ལ་བརྟེན་པའི་སྐད་ཡིག་ཀྱང་དེའི་ཁུངས་སུ་ངེས་པར་འདུས་ཡོད། དེའི་ཕྱིར་རིག་གཞུང་ཁྱབ་སྤེལ་བྱེད་ན། ཐོག་དང་པོར་རིག་གཞུང་གི་གཞི་མ་སྐད་ཡིག་རྩ་བ་བྱེད་དགོས་པ་རེད། སྐད་ཡིག་གཞན་ལ་སྤེལ་རྒྱུ་བཞག་ནས་ནང་ཆོས་གཅིག་པུ་སྤེལ་བར་བརྩོན་ན། བུམ་པ་བཞག་ནས་བདུད་རྩི་བཙོང་བ་དང་ཆ་འདྲ་བ་ཉིད་ལགས་པས། ངེས་པར་གཞན་ལ་སྤེལ་ན་རིག་གཞུང་ཆ་ལག་ཚང་བ་ཞིག་སྤེལ་ཐུབ་དགོས་པ་ཨ་ཅང་ཅང་མིན་ནམ་སྙམ།

དིང་གི་བླ་གོས་སེར་པོ་ཅན་དང་མཐང་གོས་དམར་པོ་ཅན་མང་དག་ཅག་གིས་ནང་ཆོས་ཁྱབ་སྤེལ་ཞེས་སྨྲ་བཞིན་འདུག་མོད། ཁྱབ་སྤེལ་ཟེར་བ་ནི། གཞན་གྱི་དཔལ་འབྱོར་གཏོང་རྒྱུ་ཙམ་ལས་དཀའ་ཚེགས་ཀྱི་རྔུལ་ཆུ་ཙམ་ཡང་འདོན་མི་དགོས་པར་འབེལ་འབེལ་ལྷུག་ལྷུག་གིས་ཕྱིར་ལ་བརྒྱུད་སྤྲོད་བྱེད་པ་ལ། ཚོང་བརྒྱབས་པ་ཟེར་བ་ལས་རིག་གཞུང་ཁྱབ་སྤེལ་རྩ་བ་ཉིད་ནས་ཟེར་མི་སྲིད།

དེའི་ཕྱིར་ན། རིག་གཞུང་ཁྱབ་སྤེལ་བྱེད་ན་འདོད་ཚེ། དང་པོ་ཕར་ཕྱོགས་ཀྱིས་རང་རེའི་རིག་གནས་དེའི་དགེ་མཚན་མཐོང་དགོས་ཤིང་། དེ་མཐོང་རྗེས་མི་དེར་རང་བཞིན་གྱིས་ང་ཚོའི་རིག་གཞུང་ལ་དོ་སྣང་ཡོང་ཡོད་ཡོད་པ་རེད། སྐབས་དེར་རིག་གཞུང་ཆ་ལག་ཡོད་ཚད་བརྟེན་སའི་གཞི་མ་སྟེ། བོད་ཀྱི་སྐད་ཡིག་རིན་པོ་ཆེ་དེ་དང་པོ་གཞན་ལ་ངོ་སྤྲོད་བྱ་དགོས། དེ་བཞིན་སྐད་ཡིག་དེའི་ལོ་རྒྱུས་དང་རིག་གཞུང་བར་གྱི་འབྲེལ་བ་སོགས་ངེས་པར་བྱ་འཇུག་དགོས། མཐར་རྩ་ཆེ་བའི་སྐད་ཡིག་དེ་དང་ཕུན་སུམ་ཚོགས་པའི་རིག་གཞུང་བདག་གིར་འཛིན་པའི་བོད་མི་རིགས་ཀྱི་དཀའ་སྤྱད་སྡུག་རུས་མཛད་པའི་འདས་ཟིན་གྱི་དེ་ལྟ་བུའི་བྱུང་བ་ཡང་བརྗོད་དགོས།

དེ་མིན་སྐད་ཡིག་གི་དགེ་མཚན་བཤད་དུ་མེད་ལ། རིག་གཞུང་གི་བདག་པོའི་བྱུང་བ་ཡང་མ་བརྗོད་པར་ཡོད་ཚད་ཕྱིར་འཚོང་བྱེད་པ་ནི། “འགྲོ་དྲུག་སེམས་ཅན་ཐམས་ཅད་”དང་། “ནང་པའི་བསྟན་པ་རིན་པོ་ཆེ་”ཞེས་མིག་ཟིམ་ཟིམ་དང་མཆུ་མུག་མུག་བྱས་ཏེ་ག་ཚོད་ཚིག་རྫིག་པོ་དང་ངག་སྙན་མོ་བཤད་ཀྱང་ངས་ནི་མྱི་དེའི་རིགས་རྐུན་མ་ལག་རིང་ཞིག་དང་།  བསམ་པ་ངན་པ་སྦྱོར་བ་རྩུབ་པོ་ཅན་ཞིག་ལས་གང་ཡང་མཐོང་མ་གྱུར།

རང་རེའི་སྔོན་རབས་དམ་གཙང་མཁས་པ་དག་གིས་ཕྱི་རབས་དུང་ཕྱུར་མང་པོའི་དད་པའི་རྟེན་དང་འཚོ་བའི་ནོམ་པར་བཞག་པའི་རིག་གཞུང་རྣམས་ཕྱིར་འཚོང་བྱས་པའི་སྒོར་མོ་དག་གིས་རང་རེའི་མི་རིགས་འདིའི་སློབ་གསོ་དང་ཤེས་ཡོན་འཚོ་གནས་སོགས་ཀྱི་ཕྱིར་གཏོང་བཞིན་ཡོད་ན་ཨོ་ཙམ་རེད་མོད། མང་དག་ཅིག་གིས་ཕྱིར་འཚོང་བྱས་པའི་རྒྱུ་དངོས་ཡོད་དོ་ཅོག་རང་གི་ལྟོ་བར་རུལ་བཞིན་ཡོད་པ་ལགས་ན། ཅིས་ཀྱང་བྱ་བ་འདི་རིགས་བྱེད་མཁན་གྱི་ལས་སྒོ་འདི་རིགས་ཡང་དག་པ་ཞིག་ཏུ་གཏན་ནས་མཐོང་མ་གྱུར།

མི་རིགས་གང་དང་གང་ཡིན་ཡང་དེའི་རིག་གཞུང་ལ་ཐོག་མར་འཇུག་པའི་སྒོ་ལྟ་བུ་ནི། སྐད་ཡིག་ཁོ་ན་རེད། རང་རེའི་མི་རིགས་ལ་མཚོན་ན་ཡང་ང་ཚོའི་རིག་གཞུང་ལ་གཞན་དག་ངེས་པར་འཇུག་དགོས་འདོད་ན། ཐོག་མར་དེའི་འཇུག་སྒོ་ནས་འཛུལ་དགོས་པ་སྨོས་མེད་རེད། ཡིན་ཡང་དེང་དུས་བོད་ཀྱི་བླ་འཚོང་མཁན་དག་གིས་གཞན་མི་དག་ཁང་པའི་སྒོ་ནས་ནང་འཇུག་མི་བྱེད་པར་ཐད་ཀར་སྐར་ཁུང་ནས་མར་འབབ་འཇུག་གིན་ཡོད་པ་རེད། དེའི་ཕྱིར་བོད་ཀྱི་རིག་གཞུང་གི་ཉིང་བཅུད་དག་ཕྱི་ནང་ངན་འབྲེལ་བྱས་ཏེ། ཡོད་ཚད་གཞན་ལག་ཏུ་སྤྲོད་བཞིན་ཡོད་པ་རེད། ཕྱི་མི་དེ་དག་གིས་བོད་ཀྱི་རང་གཞུང་གི་འཇུག་སྒོ་ནམ་ཡང་མི་ཤེས་ལ། མ་ཤེས་ཀྱང་ཆོག་ནས་ཡོད་པ་རེད། རྒྱུ་མཚན་དེའི་ཕྱིར་བོད་ཀྱི་སྐད་ཡིག་དེ་རིག་གཞུང་དང་འདྲ་མཉམ་གྱིས་བསྐྱོད་ཐུབ་ཡོད་པ་མ་རེད།

བོད་ཀྱི་སྐད་ཡིག་ནང་པའི་ཆོས་སམ་ཡང་ན་གལ་ཆེ་བའི་ཤེས་རིག་དང་ལྷན་དུ་བསྐྱོད་མ་ཐུབ་ཚེ། བོད་ཀྱི་སྐད་ཡིག་ནམ་ཡང་གཞན་གྱི་སྐད་ཡིག་ལས་ལྷག་པའི་འཐུས་སྒོ་ཚང་བ་ཞིག་ཡིན་པ་བསྒྲུབ་མི་ཐུབ། དེའི་ཕྱིར་ན་བོད་ཀྱི་ཤེས་རིག་བཙོང་ཏེ། དཔལ་འབྱོར་རང་གི་ལྟོ་བའི་ནང་དུ་རུལ་སུངས་སུ་གཏོང་བཞིན་པའི་གཏེ་བོ་དག་བོད་མི་རིག་ལ་ཤ་ཚ་བ་དང་སྙིང་ཉེ་བ་བདེན་ཚེ། མི་རིགས་འདིའི་རིག་གཞུང་ཆ་ལག་དང་བཅས་པ་འདྲ་མཉམ་གྱིས་བསྐྱོད་ཐུབ་པ་ཞིག་བྱ་རྒྱུ་གལ།

དཔེ་བཞག་ན། བོད་ཀྱི་སའི་བཅུད་དུ་གྱུར་པའི་གཏེར་རྫས་སྔོག་འདོན་དང་། ཤིང་ནགས་གཅོད་འབྲེག་བྱས་ཏེ། ཡོད་ཚད་ཕྱི་ཕྱོགས་ལ་བཙོང་ནས་བོད་ཀྱི་མཛེས་ཤིང་ལྟ་ན་སྡུག་པའི་ཁོར་ཡུག་དེ་ཉིད་མྱ་ངམ་ཐང་དུ་བསྒྱུར་ན། ས་ཆ་དེ་བོད་ལ་མཁོ་དོན་མེད་ལ། ཕྱི་མི་ཚོར་ལྷག་ཏུ་དགོས་དོན་ཡོད་པ་མ་རེད། དེ་དང་འདྲ་བར་བོད་ཀྱི་རིག་གཞུང་གི་ཉིང་ཏིག་དག་བཏུས་ཏེ་གཞན་ལ་བཙོང་བཞག་ན། ཤུལ་ཏུ་ལྷག་པའི་རང་རེའི་སྐད་ཡིག་ང་ཚོར་དགོས་དོན་མེད་ལ། ཕྱི་མི་ཚོར་དེ་བས་ཀྱང་ངོ་།།

འོ་ཅག་ལ་མཚོན་ན། སྐྲ་དཀར་པོ་མན་ཆད་དང་སོ་དཀར་པོ་ཡན་ཆད་ཀྱིས་གཞན་གྱི་རིག་གཞུང་གི་སྐད་ཆ་དག་ཕར་ཟད་། ཐ་ན་ཟ་འཐུང་ཚུན་ཆད་ནས་ཤོད་ཐུབ་པར་འགོ་རྩོམ་པ་ལ་རྒྱ་དང་ཕྱི་རྒྱལ་པའི་ཡི་གེའི་སྦྱར་ཀློག་ནས་བསླབ་དགོས་པའི་དཀའ་ཁག་ཡོད་ལ། ཕྱི་མི་དག་ལ་མཚོན་ན། བོད་ཡིག་འབྲུ་གཅིག་ཙམ་མི་ཤེས་ཀྱང་ནང་པའི་བསླབ་པ་གསུམ་གྱི་བརྗོད་བྱ་དང་རྗོད་བྱེད་དང་བཅས་པ་གསལ་བརྗོད་ཐུབ་བཞིན་ཡོད། བོད་ཀྱི་མྱི་ཕྱི་སྐད་མི་ཤེས་མཁན་ཞིག་ལ་དེ་དང་འདྲ་བར་གཞན་གྱི་རིག་གཞུང་གི་ཐད་ནས་དགེ་སྐྱོན་གྱི་བསམ་ཚུལ་འདོན་པའི་ནུས་པ་ཡོད་དམ་སྙམ་ན། གཏན་ནས་ཡོད་མི་སྲིད། དེའི་རྒྱུ་མཚན་ནི། དེང་གི་དུས་སུ་འུ་ཚོར་ཕྱི་རྒྱལ་པའི་རིག་པའི་གཞུང་ལུགས་ནང་འདྲེན་བྱེད་མཁན་མེད་པས་རེད། ཕྱི་མི་དག་ལ་ནི་བོད་ཀྱི་བླ་འཚོང་མཁན་དག་གི་དྲིན་གྱིས་གང་ཡང་ཤེས་ཅི་ཡང་སྨྲ་བའི་སྤོབས་པ་བསྐྲུན་ཡོད།

ཞོར་དུ་ཞུ་རྒྱུ་ཞིག་ལ་གནའ་བོའི་བོད་ཀྱི་སྐད་གཉིས་སྨྲ་བ་དག་གིས་གཞན་གྱི་རིག་པའི་གཞུང་ལུགས་ནང་འདྲེན་བྱེད་པར་འབད་ཀྱི་ཡོད་ལ། དེང་གི་ལོ་ཙཱ་བ་དག་གིས་ཕྱི་མི་དག་གི་བསམ་བློ་ཐན་ཐུན་དག་གང་ཐུབ་ཀྱིས་སྒྱུར་བཞིན་ཡོད་པ་རེད། སྔ་མའི་བྱེད་སྒོ་དེས་བོད་མི་རིགས་སྤྱིའི་རིག་གཞུང་ལ་གཞི་རྐང་བརྟན་པོ་འཛུགས་པའི་དགེ་མཚན་བསྐྲུན་ཡོད་པ་རེད། དེང་གི་བྱེད་སྟངས་དེས་སྒེར་མྱིའི་བསམ་སྤྱོད་ཡར་བསྐྱེད་ལ་ཕན་ཐོགས་སྲིད་ཀྱང་རིག་གཞུང་གི་གཞི་རྐང་ཚུགས་པར་ཕན་མི་ཐོགས་སྙམ་ཡོད། དེའི་ཕྱིར་ན། ལོ་ཙཱ་བ་རུ་མཁས་འཆེ་བ་དག་གིས་ངེས་པར་བོད་ལ་མེད་པའི་འཐུས་ཚང་གི་གཞན་གྱི་རིག་པའི་གཞུང་ལུགས་ནང་འདྲེན་བྱེད་པར་བསམ་གཞིག་བྱ་དགོས་འདུག་སྙམ་མོ།།

2015.1.9