བྷི་ཡ་ན་ གོ་ལོ་ཌི་ག

དོན་གླིང་བུས་བོད་སྒྱུར་ཞུས།

ཕྱི་ལོ་ (༢༠༡༥) གསར་པ་སླེབས་པ་དང་བསྟུན་ནས་སྐྱེ་བུ་ས་ཡ་མང་པོས་ཁོང་རང་ཚོའི་ལུས་པོ་བདེ་ཐང་གི་ཆེད་དུ་ལུས་སྦྱོང་དང་ཟས་སྤྱོད་བསྟེན་སྟངས་ཀྱི་ཐོག་ནས་གཟབ་གནན་བྱེད་རྒྱུའི་ཆོད་སེམས་བཅངས་ཡོད། དེ་དག་ནི་འཆར་གཞི་བཟང་པོ་ཡིན་ནའང། སྒོམ་གྱིས་ཀྱང་ལུས་སེམས་བདེ་ཐང་དང། ལྷག་ཏུ་སྐྲན་ནད་(ཀེན་སར་)ཕྱིར་ལོག་གི་ཉེན་ཁ་ཇེ་ཆུང་དུ་གཏོང་གི་ཡོད་པའི་བདེན་རྟགས་ཇེ་མང་དུའང་འགྲོ་བཞིན་འདུག

ཁྱེད་ཀྱིས་གང་དུ་ཡིན་ནའང་སྒོམ་རྒྱག་ཐུབ།

སྤྱིར་བཏང་བྱས་ན་ཡུལ་(ཨ་རི་)འདིའི་ནང་དུ་སྒོམ་ཐོག་མར་ངོ་སྤྲོད་བྱུང་སྐབས་ཤར་ཕྱོགས་པའི་ཆོས་ལུགས་དང་སྦྲེལ་ནས་སླེབས་པ་རེད། མི་རྣམས་ཀྱི་སེམས་སུ་ཇི་ལྟར་བྱས་ནས་སྒོམ་རྒྱག་དགོས་པ་སྦྱོང་ཕྱིར་གྷུ་རུ་(བླ་མ་)དགོས་ཀྱི་ཡོད་པ་ཤེས་ཚོར་བྱུང། འོན་ཀྱང་ད་ནི་ཉམས་ལེན་འདི་བཞིན་མཚམས་ཁང་ནས་གཙུག་ལག་སློབ་གཉེར་ཁང། (ཁེ་ལི་ཕྷོར་ནི་ཡའི་གཙུག་ལག་སློབ་ཁང་ལྟ་བུ་)། དེ་ནས་སྨན་ཁང་ཁག་དང། མཐའ་ན་ལམ་ཟུར་གྱི་ཚོང་ཁང་གི་མདུན་ངོས་སུའང་(གིལེ་མོར་ དུས་དེབ་ཀྱི་དཔེ་གསར་དང་འབྲེལ་བའི་རྩོམ་སྒྲིག་པ་ཟུར་པ་ སུ་ཛེ་ ཡ་ལོཕྷི་ སོཝཙི ཡིས་ཁེ་ལི་ཕྷོར་ནི་ཡའི་མངའ་སྡེའི་གྲོང་ཁྱེར་ཆེན་པོ་ ལོསི་ ཨེན་ཇི་ལེསི་ཡི་ནུབ་ཕྱོགས་སུ་ཁོ་མོའི་སྒེར་གྱི་སྒོམ་ཁང་ཞིག་གསར་འཛུགས་བྱས་ཡོད།) སླེབས་ཡོད།

“ང་ཚོ་ནི་ད་ལྟའི་ཆར་ཧ་ཅང་འབྲེལ་ཚུབ་ཅན་དུ་འགྱུར་ཡོད་སྐབས། མི་རྣམས་ཀྱིས་དོན་དམ་དུ་དེ་ཚོ་མཚམས་འཇོག་བྱས་ནས་སོ་སོ་རང་ཉིད་ལ་བར་གསེང་གྱི་དུས་ཚོད་ཅིག་སྤྲོད་དགོས་པ་རེད། དེ་ནས་ཁོང་ཚོས་སུ་དང་འབྲེལ་འདྲིས་བྱེད་དགོས་པ་ཤེས་ཀྱི་རེད། ” “ང་ཚོ་སླར་ཡང་འགྲོ་བ་མི་ཞིག་བྱེད་དགོས་པ་ཡིན།” སོཝ་ཙི་ཡིས་བརྗོད།

དོན་དངོས་ཐོག་ང་ཚོ་སུ་ཡིན་ནའང་སྒོམ་རྒྱག་སྟངས་སྦྱོང་ཐུབ་པ་ཡིན། དེར་གྷུ་རུའི་(བླ་མ་)དགོས་ཀྱི་མེད། ཡུ་སི་ཨེལ་ཨེའི་(ལོསི་ ཨེན་ཇི་ལེསི་ ཁེ་ལི་ཕྷོར་ནི་ཡའི་གཙུག་ལག་སློབ་ཁང་) དྲན་ཤེས་ཞིབ་འཇུག་ཁང་ནས་རིན་མེད་ཀྱི་དྲྭ་ཐོག་བརྒྱུད་སྒོམ་རྒྱག་སྟངས་སློབ་འཁྲིད་བྱེད་ཀྱི་འདུག གལ་སྲིད་ཁྱེད་ལ་དགེ་རྒན་ནམ་སློབ་འཁྲིད་པ་ཞིག་དགོས་ན་། གྲགས་པ་ཆེས་ཆེར་རྒྱས་བཞིན་པའི་སོཝཙི་ལྟ་བུའི་སྒོམ་སྒྲུབ་ཁང་ལ་འབྲེལ་གཏུགས་བྱེད་ཐུབ།

“དོན་དངོས་ཐོག་ངའི་དམིགས་ཡུལ་ནི་མི་ཚང་མར་ཇི་ལྟར་བྱས་ནས་སྒོམ་རྒྱག་དགོས་མེད་སློབ་རྒྱུ་ཙམ་ཡིན། ཁོང་ཚོས་གང་དུ་སྒོམ་རྒྱག་གི་ཡོད་མེད་ང་ལ་ཁྱད་པར་མེད། ང་ཚོས་འགྲིམ་འགྲུལ་གྱི་སྒོམ་ཞིག་སློབ་ཀྱི་ཡོད། ང་ཚོས་ཇ་ཆང་དུ་སྒུག་སྐབས་ཀྱི་སྒོམ་ཡང་སློབ་ཀྱི་ཡོད། མི་རྣམས་ཀྱིས་དེ་ནི་སོ་སོའི་ཉིན་རེའི་མི་ཚེའི་ནང་དུ་འཁྱེར་ཡོང་ཐུབ་རྒྱུ་ནི་ང་ཚོའི་དགོས་འདུན་དེ་ཡིན་” ཅེས་སོ་ཝ་ཙི་ཡིས་བརྗོད། “དེའི་རྒྱུ་མཚན་ནི། སྒོམ་ཉམས་ལེན་བྱེད་མཁན་གྱི་མི་སྒེར་ཚང་མ་ལ་དེ་ཡིས་བསམ་གྱི་མི་ཁྱབ་པའི་ཕན་ཐོགས་ཀྱི་ཡོད།”

ལུས་པོ་བདེ་ཐང་དང་སེམས་པ་སྐྱིད་པ།

ཌེན་ ཧེ་རིསི་(Dan Harris)ནི་ཨ་རིའི་ཨེ་བྷི་སིའི་གསར་འགྱུར་ལས་ཁང་གི་མདོ་འཛིན་པ་དང་སྒོམ་གྱི་ནུས་པ་དངོས་ཀྱི་བདེན་དཔང་ཐོག་ “བརྒྱ་ཆ་ ༡༠ སྐྱིད་པ་” ཅེས་པའི་དཔེ་དེབ་ཀྱི་རྩོམ་པ་པོ་རེད། “དོན་དངོས་ཐོག་འདི་ནི་རྩལ་ཞིག་རེད། ཁྱེད་ཀྱིས་ལུས་སྦྱོང་ཁང་དུ་སོ་སོའི་དཔུང་པའི་ཤ་གནད་གཉིས་(Bicep)ལ་སྦྱོང་བརྡར་སྤྲོད་པ་ནང་བཞིན་། ཁྱེད་རང་གི་ཀླད་པ་དང་སེམས་ལའང་སྦྱོང་བརྡར་སྤྲོད་ཐུབ། གཞན་དེ་ནི་སྙིང་རྗེའི་རྩལ་ཞིག་ཀྱང་རེད། ཁྱེད་ཀྱིས་སོ་སོ་རང་ཉིད་མི་བཟང་པོ་ཞིག་བཟོ་ཐུབ། སྙིང་རྗེའི་སྒོམ་ལྟ་བུ་རིགས་བྱེ་བྲག་པ་ཞིག་གིས་སོ་སོ་རང་ཉིད་སེམས་པ་སྐྱིད་པ་དང་ལུས་པོ་བདེ་བ་། མི་བཟང་པོ་ཞིག་བཟོ་ཐུབ་ཀྱི་ཡོད་པའི་བདེན་དཔང་ར་སྤྲོད་ཧ་ཅང་མང་པོ་ཡོད།”

ཁེ་ལི་ཕྷོར་ནི་ཡའི་ཡུ་སི་ཨེལ་གཙུག་ལག་སློབ་ཁང་(UCLA)གི་ཌོག་ཊར་མཡི་ཀེལ ཨཡི་རིན་ (Dr. Michael Irwin) གྱི་ཞིབ་འཇུག་གྲུབ་དོན་ལ་གཞིགས་ན་། སྒོམ་གྱིས་སེམས་ངལ་དང་སེམས་ཚབ། སེམས་སྡུག་བཅས་ཇེ་ཉུང་དུ་གཏོང་ཐུབ་པ་དང། གཉིད་མི་ཁུག་པའི་ནད་ཀྱང་མེད་པར་བཟོ་རྒྱུར་ཕན་གྲོགས་བྱེད་ཀྱི་ཡོད་པ་བསྟན་ཡོད། དེ་དག་ཚང་མ་མངོན་སུམ་ལྟ་བུར་སྣང་ལ་། དེ་ཡང་སྒོམ་མམ་ཐབས་ལམ་གང་ཞིག་གིས་སེམས་ཞི་བ་དང་ལྷོད་པར་བྱེད་རྒྱུར་ཕན་པ་དེ་ཡིས་རང་བཞིན་གྱིས་མི་བུའི་སེམས་ཀྱི་གནས་བབ་གོང་འཕེལ་འགྲོ་ཡི་ཡོད། འོན་ཀྱང་དེ་ལས་ཀྱང་ཧ་ལས་དགོས་པ་ཞིག་ནི་གཞན་ཕན་གྱི་བསམ་བློའི་ཤུགས་རྐྱེན་དེ་གཟུགས་པོར་འཕོ་འགྱུར་གཏོང་གི་ཡོད་པ་དེ་རེད།

ལུས་སེམས་ཀྱི་འབྲེལ་བ།

ཌོག་ཊར་ཨར་ཝིན་གྱིས་ “སེམས་ངལ་ཆེན་པོའི་འོག་ཏུ་གནས་པའི་མི་རྣམས་ཧ་ལམ་སྔོན་དུ་འཆི་བ་དང་དེ་ཡང་སྙིང་ནད་དང་སྐྲན་ནད། རྒྱུན་གནས་ཀྱི་ན་ཚ་། དེ་བཞིན་སེམས་སྡུག་བཅས་ཀྱིས་འཆི་བར་ངེས། ” “ཐཡི་ཆི་དང་ཡོག་ལུས་སྦྱོང། སྒོམ་བཅས་ལུས་སེམས་ཀྱི་ཐེ་ཞུགས་ཀྱིས་དོན་དངོས་ཐོག་ཇི་ལྟར་བྱས་ནས་ཀླད་པ་ནི་ཆ་འཕྲིན་གྱི་བྱ་བའི་བརྒྱུད་རིམ་ལ་འགྱུར་ཅིང། དེ་ལས་ཀྱང་གལ་གནད་ཆེ་བ་ཞིག་ནི་སེམས་ངལ་གྱི་ལམ་བུ་དེ་ཀླད་པ་ནས་ལུས་པོར་ཇི་ལྟར་བྱས་ནས་སྟངས་འཛིན་བྱེད་རྒྱུར་འགྱུར་བ་གཏོང་བ་དེ་རེད། ”

དཔེར་ན་། སེམས་ངལ་དང་འབྲེལ་བའི་རྨེན་བུའམ་སྐུལ་རྒྱུ་རྣམས་ཀྱིས་ཁྲག་ཤེད་མཐོན་པོར་སྟངས་འཛིན་བྱས་པ་། སེམས་ངལ་ཇེ་ཆུང་དུ་གཏོང་བ་དེ་ཡིས་སེམས་ངལ་གྱི་མཇུག་འབྲས་ངན་པ་མང་པོ་ཞིག་ཀྱང་ཇེ་ཉུང་དུ་གཏོང་སྲིད་། འོན་ཀྱང་ལུས་པོའི་ཐོག་ཏུ་སྒོམ་གྱི་ཕན་ཡོན་ནི་ཆེས་ཟབ་པ་ཞིག་རེད། མི་བུ་ཞིག་གིས་སྒོམ་གྱི་ཉམས་ལེན་དུས་ཚོད་ཐུང་ངུ་ཞིག་ལས་ཀྱང་མི་བྱེད་ནའང་། དེ་ཡིས་སྙིང་གི་འཕར་རྩ་དང་ཁྲག་ཤེད་མཐོན་པོར་རྐྱེན་བྱེད་མཁན་གྱི་རྒྱུ་རྫས་ཇེ་ཉུང་དང། ད་དུང་གཉན་ཚད་ཀྱི་རྐྱེན་བྱེད་མཁན་གྱི་རྒྱུ་རྫས་ཀྱང་ཇེ་ཉུང་དུ་གཏོང་གི་ཡོད། སྐུ་ཞབས་ཨར་ཝིན་གྱིས་བརྗོད་དོན་ལ་ “ང་ཚོས་ཅི་ཞིག་བསྟན་པ་ཡིན་ཅེས་ན་། སྒོམ་དང་བྱེ་བྲག་ཏུ་ཐཡི་ཆི་ལུས་སྦྱོང་གིས་གཉན་ཚད་ཀྱི་བྱ་བའི་རྒྱུད་རིམ་རྣམས་ཧ་ལས་པའི་ཇེ་ཆུང་དུ་གཏོང་གི་འདུག”

སྐྲན་ནད་ཕྱིར་སློག་མི་ཡོང་བའི་སྔོན་འགོག

མདོར་ན་འདི་ཡིས་གཉན་ཚད་ཀྱི་ན་ཚ་རིགས་མང་པོ་ཞིག་དང་གཉན་ཁ་ཅན་གྱི་ནད་ཁག་ ད་དུང་སྐྲན་ནད་སྨན་བཅོས་བཅས་ལ་ཧ་ལས་པའི་ཕན་ཐོགས་ཀྱི་ཡོད། ཡུ་སི་ཨེལ་ཨེ་(ཁེ་ལི་ཕྷོར་ནི་ཡའི་གཙུག་ལག་སློབ་ཁང་)དང་ཞིབ་འཇུག་སློབ་ཁང་གཞན་རྣམས་ཀྱི་ཉམས་ཞིབ་གྲུབ་དོན་གྱིས་བསྟན་དོན་ལ་། སྒོམ་དང་ཐཡི་ཆི། ཡོག་བཅས་ཚང་མས་གཉན་ཚད་ནད་ཀྱི་རྐྱེན་བྱེད་མཁན་གྱི་རིགས་རྫས་ཇེ་ཉུང་དུ་གཏོང་བ་དང། དུག་སྲིན་གྱི་གཉན་ཁ་ལས་སྐྱོབ་ཕྱིར་ལུས་སྲུང་རིགས་རྫས་ཇེ་མང་དུ་གཏོང་རྒྱུར་ཕན་ཐོགས་ཀྱི་ཡོད།

སྐྲན་ནད་ཕོག་པའི་ནད་པ་གང་ཞིག་ནད་བརྟག་ཆོད་ནས་སྨན་བཅོས་ཟིན་པ་ཞིག་ལ་སྐྲན་ནད་ཕྱིར་ལོག་ཡོང་ཉེ་ཆེ་བ་ནི་མངོན་ཤེས་ཅན་གྱི་གཉན་ཚད་དེ་རེད། “ནུ་སྐྲན་(Breast Cancer)གྱི་ནད་ལས་གསོན་པའི་ནང་ནས་། དཔེར་ན། གཉན་ཚད་ཡོད་པའི་བུད་མེད་རྣམས་ལ་ནུ་སྐྲན་ཕྱིར་ལོག་ཡོང་ཉེན་ཆེན་པོ་ཡོད་ ” ཅེས་ཌོག་ཊར་ ཨར་ཝིན་གྱིས་བརྗོད། ཁོང་གིས་ “ད་དུང་གལ་སྲིད་ཁྱེད་ཀྱིས་གཉན་ཚད་དེ་ཧ་ཅང་ཉུང་དུ་ཕྱིན་ཡོད་པ་བསྟན་ཐུབ་ན་། དུས་ཚོད་དེ་གའི་ནང་དུ་ཤུགས་རྐྱེན་དེ་དག་གི་འཕོ་འགྱུར་གྱིས་སྐྲན་ནད་ཕྱིར་ལོག་གི་ཉེན་ཁའང་ཇེ་ཆུང་དུ་གཏོང་སྲིད་ཀྱི་རེད། ”

ཌོག་ཊར་ཨར་ཝིན་ནས་སྨན་བཅོས་དགོས་པའི་གནས་སྟངས་གང་འདྲ་ཞིག་ཏུ་སྨན་བཅོས་ཀྱི་ཚབ་ཏུ་སྒོམ་བསྟེན་དགོས་པ་རྩ་བ་ནས་ཤོད་ཀྱི་མེད། འོན་ཀྱང་དེ་ནི་བཅོས་ཐབས་འཕར་མ་ལྟ་བུ་ཞིག་གི་ཐོག་ནས་དེའི་དགེ་ཚན་རྣམས་མངོན་གསལ་དུ་ཐོན་བཞིན་ཡོད་པ་བརྗོད་ཀྱི་ཡོད།

 

སྒྱུར་པ་པོས། དེང་སྐབས་འཛམ་གླིང་ས་ཕྱོགས་གང་སར་དེང་རབས་ཀྱི་ཚན་རིག་ཤེས་བྱ་ལས་ཕྱི་དངོས་པོ་ཡར་རྒྱས་ཀྱི་རྩེ་མོར་སོན་ཡོད་ཀྱང། དེ་དག་གིས་འགྲོ་བ་མི་རྣམས་ཀྱི་ནང་སེམས་ལ་བདེ་སྐྱིད་གྱ་ནོམ་པ་ཞིག་སྐྲུན་ཐུབ་ཀྱི་མེད་སྟབས། བོད་མི་རྣམས་ཀྱིས་ཡིད་སྨོན་བྱ་ཡུལ་ནུབ་ཕྱོགས་བདེ་ཅན་ཞིང་ཁམས་སུ་བཞུགས་པའི་ནུབ་ཕྱོགས་པ་མགོ་སེར་རྣམས་ཀྱིས། ཁོང་རང་ཚོའི་སེམས་ལ་བདེ་སྐྱིད་སྐྲུན་མཁན་གྱི་གཞི་མ་ནི་ཤར་ཕྱོགས་པའི་ཆོས་དང་འབྲེལ་བའི་སྒོམ་བསྒྲུབ་དང་ལུས་སྦྱོང་(ཡོག་)བཅས་ཡིན། དེས་ན་དེང་གི་ཆར་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་ཏུ་སྒོམ་དང་ལུས་སྦྱོང་སློབ་འཁྲིད་ཀྱི་བྱ་བ་དེ་ཁེ་གཉེར་ཆེ་བའི་ཚོང་ཞིག་ཏུ་འགྱུར་ནས་རྒྱ་ཁྱབ་ཏུ་འགྲོ་བཞིན་ཡོད།