དེ་རིང་བདག་གིས་སློབ་མ་ཚོར་སློབ་ཁྲིད་བྱས་པ་ཡིན། སློབ་ཁྲིད་ཀྱི་བརྗོད་གཞི་ནི་སྙན་ངག་མེ་ལོང་མའི་དགོས་སོགས་ཆོས་བཞི་ཡིན། དེ་འགྲེལ་བཞིན་པའི་སྐབས་སུ་རང་བཞིན་གྱིས་རྒྱ་གར་འཕགས་པའི་ཡུལ་ལས་འཕྲོས་དགོས་བྱུང་།  སྐབས་དེར་འཕགས་པའི་ཡུལ་ནི་ནམ་རྒྱུན་གཞུང་དག་ལས་གསུང་བཞིན་པ་ཙམ་མ་ཡིན་པར་རྣམ་པ་གཞན་ཞིག་ནས་ཀྱང་འགྲེལ་ཆོག་གོ་སྙམ་པ་ཞིག་བྱུང་། དེའི་ཕྱིར་དེའི་སྐོར་ནས་མོལ་འདོད་བྱུང་།

རྒྱ་གར་ལ་འཕགས་པའི་ཡུལ་ཞེས་བརྗོད་ཅིང་། ལྷག་ཏུ་དེ་ལ་ངེས་ཚིག་གིས་ཇི་བཞིན་འགྲེལ་གྱིན་པ་ནི། ཕལ་ཆེར་བོད་པའི་ལུགས་མིན་ནམ་སྙམ། སྐལ་བ་འདི་ལ་སངས་རྒྱས་སྟོང་རྩ་གཅིག་བྱོན་པས་འཕགས་པའི་ཡུལ་ཞེས་འགྲེལ་བ་དོན་ལ་མི་གནས་ཞེས་སྨྲ་མི་བྲ་མོད། དེ་གཅིག་པུས་འགྲེལ་ན། སྐྱེ་བ་སྔ་ཕྱི་ཁས་མི་ལེན་མཁན་ཞིག་གམ་ཡང་ན་ནང་པའི་ཆོས་མི་འདོད་པའི་མི་སྣ་མང་དག་ཅིག་ལ་མིང་དེའི་འགྲེལ་བརྗོད་ཀྱིས་རྒྱ་གར་གྱི་ཆེ་བ་བརྗོད་མི་ཐུབ་སྙམ།

ང་ཚོའི་གནའ་སྔ་མོ་ནས་རྒྱ་གར་ལ་འཕགས་པའི་ཡུལ་ཞེས་འབོད་ཀྱིན་པ་ནི། དོན་མེད་དོན་སྟོང་ཞིག་མ་ཡིན་པར་ངེས་དོན་གྱིས་རྒྱ་གར་ཡུལ་གྱི་ཆེ་བ་བརྗོད་བཞིན་ཡོད་པ་རེད། དོན་དངོས་བྱས་ན་ཡང་རྒྱ་གར་ནི་ཆེ་བ་བརྗོད་ཆོག་ཆོག་གི་ཡུལ་མཆོག་ཏུ་གྱུར་པ་ཞིག་རེད། བོད་ཀྱི་གནའ་མྱི་རྒན་པོ་ཚོ་དེང་གི་མིའུ་ཕྲུག་དག་དང་མི་འདྲ་བར་ལྗིད་ཆེ་བའི་མིང་ཞིག་སྦྱར་བ་ལ་ཡང་གནས་ལུགས་དང་རྒྱུ་མཚན་མང་དག་ཅིག་འཚོལ་བཞིན་ཡོད་པ་རེད། དེའི་ཕྱིར་ན། རྒྱ་གར་ལ་འཕགས་པའི་ཡུལ་ཞེས་བསྙད་པ་ནི་དོན་དང་ལྡན་པར་འདོད།

རྒྱ་གར་ནི་ངོ་མ་བཤད་ན། འཛམ་གླིང་རིག་གཞུང་གི་ཐོན་ཁུངས་ཤིག་རེད་ཅེས་སྨྲ་བ་ནི་ང་ཚོ་ཙམ་མ་ཡིན་པར་འཛམ་གླིང་སྤྱི་ཁྱབ་ནས་རྗོད་བཞིན་པ་ཁོ་བོས་ཐོས། གནས་ཚོད་ལ་ཡང་དེ་ལྟར་ཡིན་པར་ང་ཚོས་བསམས་ན་ངེས་ཤེས་འདྲོངས། དེའི་ཕྱིར་ན། རྒྱ་གར་ནི་རིག་གཞུང་གི་ཕྱུག་ཚད་དང་མི་སྤུས་ཀྱི་ཡག་ཚད། ཁོར་ཡུག་གི་དགེ་མཚན་སོགས་ཕྱོགས་གང་ནས་ཀྱང་ཁྱད་པར་འཕགས་པ་ཞིག་རེད། དེའི་ཕྱིར་གནའ་མྱི་བོད་པ་དག་གིས་བོད་ཀྱི་རིག་གཞུང་གི་འགོ་ཁུངས་ཡང་འདི་ལ་གཏུགས་པ་རེད་འདོད་ཡོད།

སྐབས་དེར་བོད་ལ་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཡོད་པ་རེད། དེང་གི་བཤད་སྲོལ་ལྟར་ན་རྒྱ་ནག་ཀྱང་ཨེ་ཤ་ཡའི་རིག་གཞུང་གི་ཐོན་ཁུངས་སུ་བགྲངས་མོད། བོད་མྱི་མཁས་པ་དག་གིས་ནམ་ཡང་རིག་གཞུང་གི་འགོ་ཁུངས་རྒྱ་ནག་ལ་གཏུགས་མི་འདུག རྒྱ་ནག་སྐད་དུ་ཞེས་ཡིག་མགོར་སྨོས་པ་དག་ཀྱང་ལུས་རྒྱ་ནག་ཡིན་པ་ལས་སྲོག་རྒྱ་གར་ཡིན་པ་མང་བ་རེད། དེའི་ཕྱིར། སྔ་མོའི་དུས་སུ་བོད་ལ་རིག་གཞུང་གཞན་གྱི་རྨང་འཛུགས་སྐབས་ཀྱང་རྒྱ་གར་ལ་ཐད་ཀར་དམིགས་པའི་དགོས་ནི། འཕགས་པ་སྟོང་ཕྲག་བྱོན་པ་ཞེས་ཐུན་མིན་གྱི་སྣང་ཚོད་ཙམ་མ་ཡིན་པར་ཐུན་མོང་སྤྱིའི་སྣང་ཚུལ་ལ་གཞི་བཅོལ་འདུག་སྙམ།

འཕགས་པ་ཞེས་པ་ལ་ཚིག་འགྲེལ་ཞིག་མ་བརྒྱབ་ཚེ། རྟོག་གེ་བ་སྟེ་“སྒྲ་སྙན་སྨན་རྩིས་སོགས་ལ་མགོ་མི་འཁོར་”སྨྲ་བ་དག་གིས་ལྟར་སྣང་གི་རིགས་པ་རེ་འཕེན་ངེས། དེས་ན་འཕགས་པ་ཞེས་པ་ནི། སྤྱིར་གང་ཟག་ལ་གོ་བ་ཡོད་མོད། དེ་ལས་གཞན་པར་གོ་མི་ཆོག་པ་ཡང་གཏན་ནས་མ་རེད། འཕགས་པ་ཞེས་པ་ནི། བྱ་ཚིག་ཐ་མི་དད་པ་སྟེ། འཕག་པའི་འདས་པ་ལ་གོ་ཞེས་ཚིག་མཛོད་སོགས་སུ་གསལ། དེའི་ཕྱིར་ན། འཕགས་པ་ཞེས་པ་ནི། ཁྱད་པར་དུ་འཕགས་པ་སྟེ། ཕུལ་དུ་བྱུང་བ་ལ་གོ་བ་ཉིད།

དེ་ལྟ་ན། རྒྱ་གར་འཕགས་པའི་ཡུལ་ནི། རིག་གཞུང་ཁྱད་པར་འཕགས་པའམ་ཕུལ་དུ་བྱུང་བའི་གནས་ཤིག་རེད། རྒྱུ་མཚན་ནི། ཕྱི་རོལ་མུ་སྟེགས་པའི་ཕུལ་བྱུང་གི་ཆོས་ལུགས་མང་དག་ཅིག་འདི་ནས་བྱུང་བ་རེད་ལ། དེ་བཞིན་རིག་གནས་ཀྱི་ཆ་ནས་ཀྱང་སྙན་ངག་ཕུན་སུམ་ཚོགས་པ་དང་། རིག་བྱེད་གཏམ་རྒྱུད་ལྟ་བུའི་ལྷ་སྒྲུང་སྙན་ལ་འཇེབས་པ་མང་དག་ཅིག་ཡུལ་འདི་ནས་དར་ཏེ་ཡོང་བ་རེད། དཔེ་བཞག་ན། མེ་ཏོག་ཕྲེང་རྒྱུད་ལྟ་བའི་མཉན་བྱའི་སྙན་ངག་དང་། བྱ་ལེན་མའི་ཟློས་གར་ལྟ་བུའི་བལྟ་བྱའི་སྙན་ངག ད་དུང་རཱ་མ་ཎའི་གཏམ་རྒྱུད་སོགས་སྙན་ངག་ཆེན་མོ་དང་། སྤྲིན་གྱི་ཕོ་ཉ་སོགས་སྙན་ངག་ཆུང་ངུ་ཞེས་རྩོམ་ལུས་ཀྱི་སྣ་ཁ་མི་འདྲ་བ་ལ། སྙན་པ་ལ་མཆོག་ཏུ་གྱུར་ཅིང་། སྒྱུ་རྩལ་གྱི་མཛེས་ཁམས་གསར་བཞེངས་ལ་བསྒྲུན་ཏུ་མེད་པའི་སྙན་ངག་མང་པོ་བྱུང་ཡོད་པ་རེད།

སྒོས་སུ་ལྷ་ཡི་སྐད་དུ་འབོད་པའི་ལེགས་སྦྱར་སྒྲ་རིག་པ་འདི་ནས་བྱུང་ཞིང་། ཚེ་འདི་ཕྱིའི་ལམ་མི་ནོར་བར་སྟོན་པའི་ཐུབ་པའི་བསྟན་པ་ཡང་འདི་ནས་བྱུང་བ་རེད། མདོར་ན། སྡེ་བཞིའི་བླང་དོར་མ་ནོར་བར་སྟོན་པའི་ཡང་དག་པའི་རིག་གནས་སྣ་འདུས་ཀྱི་ཆུ་རྒྱུན་འདི་ནས་བྱུང་བ་ནི། དེང་གི་དུས་སུ་རྒྱ་གར་འདི་ཉིད་འཛམ་གླིང་གི་རིག་གནས་ཐོན་པའི་སྣེ་གཅིག་ལ་འཇོག་པ་འདིས་ཀྱང་བསྙོན་འདིང་མི་ནུས་སྙམ།

མི་སྤུས་ཡང་དག་པའི་ཆ་ནི། བརྩོན་པ་ལ་མཆོག་ཏུ་གྱུར་པ་སྟོན་པ་སངས་རྒྱས་དང་སློབ་དཔོན་ཕྱོགས་ཀྱི་གླང་པོ་སོགས་ཕེབས་ཤིང་། ཁོང་ཅག་གིས་རང་གི་མཐར་ཐུག་གི་ཕུགས་བསམ་དེ་ཉིད་རྙེད་པར་ལོ་དྲུག་དང་བཅུ་གཉིས་རིང་དཀའ་སྤྱད་སྡུག་རུས་མཛད་ཅིང་། མ་ཟད་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་མི་ཡུལ་དུ་བཞག་པར་མ་ཟད། སེམས་ཙམ་པའི་གྲུབ་མཐའི་སྲོལ་ཡང་གསར་དུ་ཕྱེས་པ་རེད། དེ་བཞིན་ཤེས་རབ་མཆོག་ཏུ་གྱུར་པ་འཇམ་དབྱངས་མི་ཡི་རྣམ་རོལ་ཏུ་འཇིག་རྟེན་དུ་བྱོན་པ་ལྟ་བུའི་མགོན་པོ་ཀླུ་སྒྲུབ་དང་དཔལ་ཆོས་ཀྱི་གྲགས་པ་སོགས་བྱུང་ཞིང་། ཁོང་རྣམ་པས་ཀྱང་མདོ་ཡི་དགོངས་པ་ཡང་དག་ཏུ་འགྲེལ་ཞིང་། ཚད་མ་རིག་པའི་བསྟན་པ་ཡར་དར་དུ་སྤེལ་བ་སོགས་བྱས་པ་རེད། ཡང་གཞན་དོན་དུ་བརྩོན་པ་ལ་སློབ་དཔོན་ཞི་བ་ལྷ་སོགས་འཁྲུངས་ཤིང་། དེ་དག་གིས་སྤྱོད་འཇུག་ཆེན་མོ་སོགས་མཛད། མདོར་བསྡུས་ཏེ་ནང་པའི་དབང་དུ་བྱས་ན། རྒྱན་དྲུག་དང་མཆོག་གཉིས། དེ་བཞིན་གྲུབ་ཆེན་བརྒྱད་ཅུ་སོགས་ཀྱང་བྱུང་ཡོད་པ་དེབ་ཐེར་ནང་གསལ་པའི་ངོས་བྱུང་གི་ལོ་རྒྱུས་རེད། མི་སྤུས་ཡག་པོ་ཞིག་མིན་ཚེ། འདི་ལྟ་བུའི་གྲུབ་མཐའ་དང་གྲུབ་འབྲས་ཡང་དག་ཅིག་འབྱུང་བར་ཧ་ཅང་ཁེགས།

གྲུབ་མཐའ་གཞན་དག་གི་མཁས་པ་དང་སྟོན་པ་དག་ཀྱང་ང་ཚོའི་མཐོང་སྣང་གི་མི་དང་འདྲ་བ་ཞིག་ཡིན་ནམ་སྙམ་ན། གཏན་ནས་ཡིན་མི་སྲིད། དེ་དག་ཀྱང་ཐོས་བསམ་ལ་མོས་ཤིང་། ཤེས་རབ་ལ་དགའ་བ། མ་ཟད་ཁེར་ཚུགས་ཀྱི་བསམ་བློ་འཛིན་པ་རྐྱང་ཡིན་པས་ཕུན་སུམ་ཚོགས་པའི་གྲུབ་མཐའ་མང་པོ་ཞིག་གསར་བཏོད་བྱས་ཡོད་པ་རེད། དེ་དག་ལ་ཡང་དགོས་པ་དང་རྒྱུ་མཚན་བློ་ཡུལ་ལས་འདས་པ་ཡོད་ངེས།

ཉེ་རབས་ཀྱི་དུས་སུ་འཚེ་མེད་ཞི་བའི་དེད་དཔོན་མ་ཧཱ་གྷན་དྷི་དང་། སྙན་ངག་སྨྲ་བའི་དབང་ཕྱུག་ཁྲེ་གྷོར་རམ་ཉི་དབང་མགོན་པོ་སོགས་ཀུན་གྱིས་མིག་ལྟོས་བྱེད་འོས་པ་དང་། གླིང་ཆེན་ཨེ་ཤ་ཡའི་སྐར་ཆེན་དུ་འབོད་རུང་བའི་མི་སྣ་མང་དག་ཅིག་བྱོན་ཡོད་པ་རེད། ལྷག་ཏུ་ཨ་རི་སོགས་རྒྱལ་ཁབ་གཞན་གྱིས་དངུལ་འབེལ་བོ་སྤྲད་དེ་རྒྱ་གར་གྱི་དེང་གི་མཁས་པ་མང་དག་ཅིག་ཉོ་བཞིན་པའི་བཤད་སྲོལ་ལྟར་ན། རྒྱ་གར་ནི་ཚན་རིག་དང་ཤེས་རིག་སྣ་ཚོགས་ཀྱི་འབྱུང་གནས་ཡིན་པ་རིགས་པས་གྲུབ་པ་རེད།

སྤྱིར་རྒྱ་གར་ནི་སྤྱི་ཚོགས་ཆེན་པོ་ཞིག་འཚོ་སྡོད་བྱེད་སའི་གནས་ཤིག་རེད། དེར་རྐུན་མ་སོགས་མྱི་ངན་རེ་གཉིས་ཤིག་ལོས་ཡོད་མོད། སྤྱི་ཡོངས་ནས་ཉམ་ཆུང་ཚུལ་མཐུན་གྱི་མི་རིགས་ཤིག་རེད། རྒན་བཀུར་ཆུང་བྱམས་ཀྱི་འདུ་ཤེས་ཟབ་ཅིང་། ཆོས་ལུགས་འདུ་ཤེས་ཀྱི་དད་པ་བརྟན་པོ་ཡོད་པའི་མི་རིགས་ཤིག་རེད། དེང་གི་སྐད་ཆ་ལྟར་བྱས་ན། མི་རིགས་ཀྱི་ལ་རྒྱ་ཆེ་ཞིང་བརྩོན་འགྲུས་ཀྱི་བློ་རྩ་དམ་པ་དང་། ཤེས་བྱ་རིག་གནས་ལ་ཐོས་པས་འཇུག་པར་དགའ་བའི་མི་རིགས་ཤིག་རེད།

ས་གཞིའི་ཐོན་ཁུངས་ཀྱི་ཆ་ནས་ཀྱང་། དུས་བཞིར་ལྗང་མདོག་གིས་རི་ལུང་བརྒྱན་ཞིང་། དབྱར་དགུན་སྟོན་དཔྱིད་མེད་པར་ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུག་རྟག་ཏུ་ལེགས་པའི་ཡུལ་མཆོག་ཁྱད་པར་ཅན་ཞིག་རེད། རྒྱུ་མཚན་དེའི་ཕྱིར་ན། ཕྱིའི་ཁོར་ཡུག་གི་རྣམ་པ་དང་ནང་གི་འགྲོ་མིའི་མྱི་གཤིས། ནང་རྫོང་ཤེས་རིག་གི་དགེ་མཚན་སོགས་ཕྱོགས་གང་ནས་བལྟས་ཀྱང་སྟོད་རྒྱ་གར་ནི། ཡུལ་ལུང་གཞན་ལས་ཁྱད་པར་དུ་འཕགས་པ་ཞིག་རེད།

དེ་ལྟ་བུའི་དགེ་མཚན་འབུམ་གྱིས་ཕྱུག་པའི་ཡུལ་གྲུ་འདི་ལ་བོད་ཀྱི་གནའ་མྱི་རྒན་པོ་དག་གིས་འཕགས་པའི་ཡུལ་ཞེས་མིང་གིས་ཆེ་བ་བརྗོད་པ་དོན་དང་ལྡན་པར་སེམས། སྤྱིར་རྒྱ་གར་པ་དག་ནི་རིག་པའི་གཞུང་ལུགས་གཏན་ལ་འབེབ་པའི་སྐབས་སུ་རྒྱུ་མཚན་དང་གནས་ལུགས་ལ་རྒྱབ་རྟེན་བཅོལ་བའི་མི་རིགས་ཤིག་རེད། དེའི་ཕྱིར་བོད་ཀྱི་གནའ་མྱི་དག་གིས་འཕགས་པའི་ཡུལ་འདི་ལ་རིག་གནས་ཀྱི་འགོ་ཁུངས་བྱས་པ་རེད་འདོད་ཡོད།

བོད་ཀྱི་གནའ་མྱི་དག་གིས་ཀྱང་གནས་ལུགས་དང་རྒྱུ་མཚན་མེད་ན། དོན་མེད་པར་ཡུལ་དེ་ནས་རིག་གཞུང་བསྡུ་ལེན་མི་བྱེད་ལ། ལྷག་ཏུ་ཡུལ་དེའི་ཆོས་སྲིད་རིག་གནས་ཀྱིས་བོད་ཀྱི་མྱི་རབས་ཕྱི་མ་ལ་ཕན་མི་ཐོགས་ན། ཡུལ་ལུང་དེར་ཨུ་ཚུགས་དང་བཙན་ཐབས་ཀྱིས་ཡུལ་གྱི་ཆེ་བ་བརྗོད་པའི་ངེས་པ་གཏན་ནས་མེད། དེའི་ཕྱིར་བོད་མྱི་རྒན་པོ་དག་གིས་འཕགས་པའི་ཡུལ་ཞེས་ཆེ་བརྗོད་མཛད་པའི་ཡུལ་འདི་མ་ནོར་ཞིང་མ་འཁྲུལ་པའི་གནས་ཁྱད་པར་འཕགས་པ་ཞིག་རེད།

ཡུལ་གྱི་ཆེ་བ་བརྗོད་པའི་ཡུལ་དེ་རང་སྟེང་ནས་འདི་ལྟ་བུའི་མི་གཤིས་ཀྱི་སྤུས་ཚད་ཡང་དག་པས་རིག་གཞུང་གི་མ་ལག་ཀྱང་ཕུན་སུམ་ཚོགས་པ་ཞིག་གྲུབ་ཡོད་པ་རེད། དེའི་ཕྱིར་བོད་ཀྱི་ཆོས་དང་རིག་གནས་མང་ཆེ་བ་ཞིག་གི་འགོ་ཁུངས་ཀྱང་ཡུལ་འདི་ཉིད་བྱས་པ་རེད། ཐ་ན་བོད་ཀྱི་མྱིའི་རིགས་ཀྱི་འགོ་ཁུངས་ཀྱང་འདི་ལ་བྱས་པ་ཡང་ཡོད་པ་རེད།

མདོར་ན། མི་གཤིས་ཀྱི་སྤུས་ཚད་དང་། རིག་གཞུང་གི་དགེ་མཚན། ཁོར་ཡུག་གི་ཐོན་ཁུངས་སོགས་ཡང་དག་པའི་ཆ་ནས་རྒྱ་གར་ལ་འཕགས་པའི་ཡུལ་ཞེས་བརྗོད་པ་རེད་ཅེ་ན། ལུང་གི་སྒྲུབ་བྱེད་གང་ཡང་མེད་མོད། རིགས་པའི་སྒྲུབ་བྱེད་དུ་མི་འགྲོ་སྙམ་པ་ང་ལ་ནི་མི་འདུག

རྒྱུ་མཚན་འདི་ལ་བལྟས་ན། བོད་ཀྱི་མཁས་པ་སྔ་མ་དག་བླུན་པོ་རྨོངས་ཞེན་གྱི་རྗེས་སུ་མི་འགྲོ་བར་མཁས་པ་དཔྱོད་པའི་གནས་ལ་གཞོལ་མཁན་ཞིག་ཡིན་པ་ཚད་མས་གྲུབ། སངས་རྒྱས་སྟོང་རྩ་གཅིག་བྱོན་པའི་ཆ་ནས་འཕགས་པའི་ཡུལ་ཞེས་མིང་བརྡ་འགྲེལ་བ་ལ་ལུང་གི་རྒྱབ་རྟེན་དང་། རིགས་པའི་སྒྲུབ་བྱེད་མེད་པ་ཞིག་རེད་ཅེས་གཏན་ནས་སྨྲ་མི་སྤོབས།

འཕགས་པའི་ཡུལ་གྱི་མིང་ཟུར་ལ་ཡོད་པའི་འཕགས་པ་ཞེས་པའི་ཚིག་འདི་ཉིད་བརྟན་པ་མིང་རྐྱང་ཙམ་གྱི་ངོ་བོར་མ་བཞག་པར་གཡོ་བ་བྱ་ཚིག་གི་རྣམ་པར་བཞག་སྟེ། ཐུན་མོང་དང་མཐུན་མིན་གཉིས་ཀྱི་ངོས་ནས་མིང་བརྡ་གསལ་འགྲེལ་བྱས་ན། ཉན་པ་པོ་བློ་སྐྱེད་ཀྱི་གོ་བའམ་ཐོས་བསམ་གྱི་བློ་རྒྱ་ཆེན་པོ་ཞིག་སྐྱེ་བ་ལ་ཕན་ཐོགས་པར་འདོད་ཡོད།

༢༠༡༥.༡.༡༨

                                                                                          

མཆན།

1.“ ” རྟགས་འདི་ཡོད་པ་ནི་གུང་ཐང་བསླབ་བྱ་རུ་གསལ། གདན་ས་ཁག་ནས་འདི་ལ་གོ་བ་ལོག་པ་ཞིག་ལེན་བཞིན་མེད་དམ་སྙམ།

2.ཡོངས་གྲགས་ཀྱི་དབང་དུ་བྱས་ན། འཕགས་ཡུལ་ཞེས་པ་སྐལ་བ་འདི་ལ་གནས་དེ་རུ་སངས་རྒྱས་སྟོང་རྩ་གཅིག་བྱོན་པའི་ཆ་ནས་ཟེར།

  1. འཕགས་པ་ཞེས་པའི་མི་རིགས་ཤིག་གིས་ཡུལ་ལུང་འདི་ལ་དབང་བསྒྱུར་བའི་ཆ་ནས་འཕགས་ཡུལ་ཟེར་བ་ཡང་རྩོམ་ཞིག་ལས་མཐོང་།
  2. འདིར་ཕུན་སུམ་ཚོགས་པའི་རིག་གནས་འགའ་ཞིག་དང་། མཁས་པ་རེ་གཉིས་ཤིག་སྨྲས་པ་ནི་རང་བློས་ཤེས་ཙམ་ལས་གཞན་མེད་པ་མིན།