དྲ་ལམ་དུ་ལབ་ཆེན་གྱི་འཁོར་ལོ་བསྐོར་བཞིན་པ་ད་དུང་ཡལ་མེད། ཅིའི་ཕྱིར་ཅི་ཞིག་ལ་དོ་འཁུར་བྱེད་དགོས་པའི་གནད་ཀྱང་ད་དུང་ཟིན་མེད། མི་རིགས་དང་དམངས་གཙོ། ཐོབ་ཐང་སོགས་ཧ་ཅང་སྦོམ་པོ་ཡིན་པའི་ཐ་སྙད་ཀྱི་དོ་པོ་དེ་ཚོ་ངས་ཡང་ཡང་མཐོང་དུས་དེ་དག་གི་རྩོམ་མཁན་བཙལ་དགོས་འཁེལ་གྱི་འདུག བཙལ་ནས་རྙེད་པའི་རྩོམ་མཁན་ནི་ཕ་མའི་རུམ་བྲོ་རང་གིས་ཟ་བཞིན་པའི་མི་ཁ་ཕོ་ཅན་རྐྱང་ལས་གཞན། རེ་གཉིས་ནི་ཐ་སྙད་ཙམ་གྱི་གོ་དོན་མ་རྙེད་པར་འབུ་ཆ་བ་བཞིན་ལྡིང་སྐོར་བྱེད་ཀྱི་འདུག ཁོ་ཚོས་གྷི་རིས་ཁུ་ནས་འགོ་བཙུགས་པར་གྲགས་པའི་མང་གཙོའི་ལམ་ལུགས་གླེང་ལ། ནུབ་ཕྱོགས་དང་ཡུ་རོབ་ཁུལ་གྱི་འཕོ་འགྱུར་ཆེ་བའི་སྲིད་འཛིན་ལམ་ལུགས་དང་གྲོས་ཚོགས་ལམ་ལུགས་ཀྱི་མང་གཙོའང་གླེང་བ་རེད། དོན་དངོས་བཤད་ན་མང་གཙོ་གླེང་ཟེར་བ་ནི་དེ་ལྟ་བུ་ཞིག་རྩ་བ་ཉིད་ནས་མ་རེད།

ཡུ་རོབ་ཀྱི་གནའ་བོའི་དཔལ་ཡོན་ནི་ཧ་ཅང་རྙོག་འཛིང་ཆེ་བའི་ལྷའི་རིག་གནས་ཤིག་ཡིན་ཞིང་། ཆབ་སྲིད་ཀྱང་དེ་བཞིན་ལྷ་དབང་ཆབ་སྲིད་ལམ་ལུགས་ཤིག་ཡིན་པ་རེད། དད་མོས་ཁྲོད་ནས་སུ་ལ་དཀོན་མཆོག་གི་རྒྱབ་སྐྱོར་རམ་བྱིན་རླབས་ཞུགས་ཡོད་པ་དེ་ཆབ་སྲིད་ཀྱི་བྱེད་པོ་ཡིན་ཞིང་། ཁོས་མངའ་འབངས་དམག་སར་ཁྲིད་པ་དང་། གཡོག་ལ་ཉར་བ་གང་ཡང་བྱས་ཆོག་ལ། བུད་མེད་བརྗེ་རེས་བྱེད་པ་སོགས་ནི་རྒྱུན་ལྡན་གྱི་འགྲོ་སྟངས་ཙམ་དུ་ཟད། མངའ་འབངས་རྣམས་ལྟོགས་པས་མནར་ཞིང་། བཙན་གཉོམ་གྱིས་གཅིག་རྒྱལ་གཅིག་ཕམ་དང་། སྐུ་དྲག་ཕན་ཚན་གྱི་འཁྲུགས་རྩོད་དབར་ནས་རྐྱེན་ལམ་དུ་འགྲོ་བ་དང་གསོད་པ་ནི་རྒྱུན་ལྡན་དུ་སྣང་། འུ་ཚོས་ངོ་མཚར་གྱི་ཚད་དུ་འཛིན་པའི་གནའ་བོའི་ཡུ་རོབ་ཀྱི་མང་གཙོ་ནི་དེ་ལྟ་བུའི་སྤྱི་ཚོགས་ཁྲོད་དུ་སྲིད་དབང་ལ་གྲོས་བསྡུར་བྱེད་པའི་ལམ་ལུགས་ཙམ་ཡིན་ནོ། འདི་ལས་དེང་གི་ཡུ་རོབ་མཉམ་འབྲེལ་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཁག་གི་མང་གཙོའི་ལམ་ལུགས་དང་སྤྱི་ཚོགས་ཀྱི་གནས་བབ་ལ་ཤེས་རྟོགས་དང་སློབ་སྦྱོང་བྱེད་རྒྱུ་ནི་དགོས་ངེས་ཡིན་མོད། དེ་ནི་མི་འཇོན་སྟེ་དེ་ལ་སྙན་ངག་ལྟར་གྱི་འཆར་ཡན་མེད་ཅིང་། འཆར་ཡན་མེད་ཚེ་ཁ་ཕོ་ཅན་གྱི་ཡི་གེ་བ་ཚོར་ཀླད་རྡིབ་འབྱུང་ངེས།

ངས་ཅི་ཞིག་བརྗོད་འདོད་ཡོད་པའི་དབུ་སླངས་སྟངས་འདིར་སྣང་བ་མ་འགྲོ་ཡང་ཆོག་ལ། ཁག་ཅིག་གིས་རང་གིས་གང་ཡང་མ་ཤེས་པ་ངོས་མི་ཟིིན་པར་ངག་ཐོག་ཏུ་ཡོད་པའི་ཐ་སྙད་དེ་དག་བསྟུད་མར་བཟློས་ནས་ཁོང་ཁྲོ་ཟ་ཡང་སྲིད། རྒྱུན་ལྡན་གྱི་གནས་སྟངས་དེའི་སྐབས་སུ་ད་གཟོད་འུ་ཚོས་མ་མཐའ་ཡང་༼ད་ལོ་ཅི་བྱེད་དགོས་༽པའི་ཐད་བསམ་བློ་བཏང་ཆོག ད་ལོ་ཅི་བྱེད་དགོས། དབྱར་རྩྭ་དགུན་འབུ་སྐྱེས་ཚད་ཧ་ཅང་ཉུང་བས་མང་ཚོགས་ཀྱིས་ད་ལོ་ཅི་བྱེད་དགོས། མི་དམངས་མང་ཚོགས་ཀྱིས་རང་གི་འཚོ་ཐབས་ཡར་རྒྱས་ཐད་བསམ་བློ་ཇི་ལྟར་བཏང་བས་དགའ་འམ། གྲ་སྒྲིག་གང་ཞིག་བྱས་པའི་བཟང་ངམ། འུ་ཚོས་རང་གི་ཁོར་ཡུག་ནས་ཇི་ལྟར་མི་དམངས་མང་ཚོགས་ཀྱི་བསམ་བློ་གཏོང་སྟངས་དང་གྲ་སྒྲིག་བྱེད་སྟངས་ལམ་སློང་ཡོང་བར་བྱེད་དགོས་སམ། བོད་ཡིག་གི་ནང་དོན་ལྟར་ན་ཆབ་སྲིད་ནི་རྒྱལ་པོའི་སྲིད་དབང་ལ་གོ་བ་མ་ཟད། མངའ་འབངས་ལ་གོ་དུས་ཀྱང་ཡོད་པ་རེད། བོད་ཀྱི་ཆབ་སྲིད་ལ་ཕྱོགས་ཚང་མ་ཁེབས་པའི་གོ་དོན་ཡོད་པས་ང་ཚོས་ལྗིད་པོ་ཆེ་ཡི་ནང་ཚན་སྲིད་དབང་ལམ་ལུགས་མ་གླེང་སྔོན་དུ་ཆབ་སྲིད་ཀྱི་འགན་དབང་གང་ཡང་མེད་པའི་སྤྱི་དམངས་གླེང་ན་ཅིས་མི་དགའ། བོད་ཀྱི་མི་དམངས་མང་ཚོགས་གླེང་ན་ཅི་མ་རུང་།

དཀའ་ངལ་མ་འཕྲད་སྔོན་ལ་སྡུག་སྐད་རྒྱག་པ་དང་། བདེན་དཔང་མ་མཐོང་སྔོན་ལ་སེམས་ནས་ཐག་གཅོད་བྱེད་པའི་གོམ་གཤིས་ཤིག་དེང་གི་བོད་ཀྱི་ཡི་གེ་བ་མང་དག་ཅིག་ལ་ཡོད། འདི་ལྟར་རང་ངོ་མ་ཟིན་པའི་བསམ་འཁྱེར་དབང་གིས་སྙན་པོ་བདེ་བོ་མང་དུ་སྨྲས་ཀྱང་དོན་དག་གཅིག་ཀྱང་མ་འགྲུབ་པར་མཐའ་མ་མཁས་རབས། འཇོན་རབས། ཤེས་ཡོན་ཅན། རྩོམ་པ་པོ། བོད་ལ་བྱས་རྗེས་ཆེ་རབས། ཤ་ཞེན་ཡོད་རབས་ཟེར་ནས་ཡི་གེ་ཁ་ཤས་སྟོན་པ་རེད། དགོད་བྲོ་ལ་ངུ་ཡང་བྲོ་བའི་གནས་ལུགས་འདིས་བོད་ལ་ད་དུང་མི་སྐྱེས་མེད་པ་ར་སྤྲོད་བྱས་ཡོད་ཀྱང་། རིག་པ་སྤྱང་མདོག་གིས་༼ང་གསོན་ན་བོད་ཀྱི་མྱི་དང་། ཤི་ན་བོད་ཀྱི་འདྲེ་ཡིན།༽ཞེས་བརྗོད་པར་བྱེད། ངོ་ཚ་རྒྱུ་མེད་ཀི།

འཛམ་བུ་གླིང་གི་སྤྱི་ཚོགས་ཀྱི་འགྱུར་བ་ཆེ་ཁག་གཉིས་བརྗོད་པའི་དབང་དུ་བཏང་ན་གཅིག་ནི་ཕྱི་ལོ་སྔོན་གྱི་མཚན་ཉིད་རིག་པ་དང་བསམ་བློ་བ་སོགས་ཀྱིས་མིའི་བསམ་པའི་གོ་རྟོགས་ཆེས་ཆེར་བསྐྱེད་དེ་མི་རྣམས་རྒྱུ་མཚན་ལྡན་པའི་ཁ་ཕྱོགས་སུ་འགྲོ་བར་ཁྲིད་སྟོན་བྱས་པའི་དུས་སྐབས་དང་། གཉིས་པ་ནི། བཟོ་ལས་ཅན་གྱི་ལམ་ཁ་གསར་གཏོད་བྱས་ནས་མི་རྣམས་ལ་དཔལ་འབྱོར་ཡར་རྒྱས་ཀྱི་ལམ་ཁ་བསྐྲུན་པའི་དུས་སྐབས་དེ་ནས་རེད། བོད་ལ་མཚོན་ན་བསམ་པའི་གོ་རྟོགས་ཆེས་ཆེར་བསྐྱེད་པའི་མཚན་ཉིད་རིག་པ་སོགས་ཡོད་པར་བརྗོད་ཆོག་ཀྱང་། དེ་ཉིད་སྤྱི་ཚོགས་ཡོངས་ཀྱི་རིག་གནས་ཆགས་མ་ཐུབ་ལ། བཟོ་ལས་དར་ཡང་འཕེལ་རྒྱས་ཕྱིན་མེད་པ་མ་ཟད་བཟོ་ལས་དེས་མི་དམངས་མང་ཚོགས་ཀྱི་དཔལ་འབྱོར་ལ་ཕན་པོའང་བྱུང་ཐུབ་མེད། དེང་སྐབས་ཀྱི་བོད་ཀྱི་ཤེས་ཡོན་པ་དང་རྩོམ་པ་པོ་སོགས་མིང་ཆེན་རྫོག་མདོག་ཁ་བོ་ཚོས་མི་དམངས་མང་ཚོགས་ཀྱི་འཚོ་བ་དངོས་ཀྱི་དགོས་མཁོ་མི་གླེང་བར་རང་ཉིད་ལྟ་གྲུབ་གསར་གཏོད་བྱེད་མཁན་གྱི་སྟོན་པ་བྱེད་འདོད་ཡོད་པ་རེད་དམ།

༢༠༡༤།༧།༧ཉིན།